དཔལ་ལྡན་བླ་མ་དམ་པའི་རྟོགས་བརྗོད་དང་འབྲེལ་བའི་བསྟོད་པ་ཚིགས་སུ་བཅད་པ་གང་གཱའི་ཐིགས་པ་ཞེས་བྱ་བ།
༄༅།། སེམས་གཤིས་འོད་ལྡན་ཤེལ་གོང་དཀར་བོའི་མདོག། ཀུན་ལྷན་སྒྲིབ་རྡུལ་བརྩེགས་མས་བཏུམས་པའི་ཚུལ།། ཡང་དག་བདེན་ཚིག་ཚངས་པའི་མགུར་མ་ཡིས།། གསལ་མཛད་ཐུབ་བསྟན་བདག་པོར་མཆོག་ཏུ་གུས།། སྐལ༵་བཟང༵་ས་འཛིན་བྱེ་བའི་བསྟན༵་པ༵འི་ཁུར།། དགེ༵་ལེགས༵་སྙིང་གི་སྟོབས་སུ་བཞེས་པའི་མུར།། རྣམ་དཀར་མཛད་འཕྲིན་ཁ་བ་དཀར་བོའི་འདབ།། གདུལ་བྱ་རྒྱ༵་མཚོ༵འི་མོས་ཁམས་ཇི་བཞིན་བབས།། བློ༵་བཟང༵་འཁྲུལ་བྲལ་བཙོ་སྦྱང་གསར་བའི་མདངས།། ལུང༵་རྟོགས༵་ཟུང་འབྲེལ་ཐུབ་བསྟན་སྙིང་བོ་རུ།། རབ༵་རྒྱས༵་ཐུགས་བསྐྱེད་རྡུལ་ཕྲན་གྲངས་འཛིན་པ།། བྲག་དགོན་རིམ་བྱོན་གསེར་ནག་ལྷུན་པོའི་ཕྲེང་།། གསང་གསུམ་རོལ་གར་གཡུ་ཞུན་ནམ་མཁའི་འོད།། ཀུན་ཁྱབ་མཆོག་ཐུན་དངོས་གྲུབ་བསིལ་མའི་རྒྱུན།། ཐབས་མཁས་རླུང་བུ་འཇམ་པོས་སྙོམས་པོ་རུ།། འབེབས་པའི་གྲགས་པ་ཕྱོགས་ཀྱི་བུ་མོས་སྤུར།། སྨག་སྟུག་ཁུད་ན་འཕག་པའི་ངག་སྨྲའི་ཁྱུ།། ལས་ཉོན་སྐམ་པས་བཙིར་འདར་ཤོར་བའི་སྐབས།། འཕྲིན་ལས་གློག་གི་འཇུག་པ་མ་གཡེལ་བའི།། གཏམ་གྱི་རོལ་མོ་ལྷ་དང་བཅས་པས་དཀྲོལ།། བརྟན་གཡོའི་བདེ་འབྱོར་ཐལ་བའི་ཕོན་པོ་རུ།། ཀུན་ཏུ་གཟིགས་པས་མི་རྟག་སྒྱུ་མའི་ནོམ།། འདོད་ལྡན་ལག་སྐམ་བཟེད་རྣམས་རེ་བསྐང་སླད།། བྱ་བཏང་རྣལ་འབྱོར་སྤྱོད་པ་ཡང་ཡང་བཞེས།། སྤངས་རྟོགས་ཡོན་ཏན་ནམ་མཁའ་མཛོད་ཀྱི་ནོར།། སྦས་པའི་བརྟུལ་ཞུགས་ཅི་ཙམ་ལྷུར་བཞེས་ཀྱང་།། ནང་བཅུད་གསང་སྔགས་ཟབ་མོའི་སྒུལ་ཤུགས་ཀྱིས།། ཞབས་སོར་རི་མོ་ཐོལ་གྱིས་རྡོ་ལ་དཔར།། བདག་འཛིན་སྲིན་མོ་གན་རྐྱལ་མཆེ་བར་ནས།། མི་མིན་དུག་ཞགས་ཐེབས་རྣམས་དབུགས་དབྱུང་དུ།། སྡེ་བརྒྱད་དྲེགས་ལྡན་མཚན་གུང་འབྱུང་བོའི་བྱ།། མུན་པའི་ཧྲག་ལས་ཆོས་དབྱིངས་སྟོང་བར་བདས།། མིང་བྱང་སྐམ་པོ་འཁོར་བའི་ཟོང་རྟེན་དུ།། ཕྱོགས་ཞེན་མགྲིན་པས་བཏེགས་པའི་སྤྲེའུ་རིགས།། དབང་ལྔའི་སྒོ་གླེགས་བར་ལ་འཚང་དུས་འདིར།། སྙན་གྲགས་སྦུན་པར་གཟིགས་ལ་ལྷག་ཏུ་དད།། དུས་འགྱུར་འཚུབ་མར་བསྐྱིལ་བའི་རླུང་གི་རླབས།། བསྟན་འགྲོའི་བདེ་སྐྱིད་གཤེད་དུ་འཕྱུར་བའི་སྐབས།། འགྱུར་མེད་ཐུགས་དམ་རྡོ་རྗེ་རྒྱ་གྲམ་མདུད།། མ་ཤིགས་ཁྲི་མུན་འོབས་སུ་ཡང་ཡང་གཤེགས།། དགྱེས་བཞད་ཡབ་སྲས་སྐུ་ཚེ་འཕྲིན་ལས་སླད།། སྲོག་གི་ལང་ཚོ་གཏོང་ཕོད་གདེངས་ལྡན་ཞེས།། གསུང་གི་མེ་ཏོག་འདབ་མ་བརྒྱ་བ་ཅན།། སྐལ་ལྡན་སློབ་བུའི་སྒྲ་འཛིན་ལྡུམ་རར་བྲིས།། ལོ་ཟླའི་ཟོ་ཆུན་འཕྱན་པའི་འགྲོས་ཤུགས་ཀྱིས།། སྙིགས་མའི་འགྱུར་བག་བཙན་པོ་ཅི་ཐོན་ཡང་།། ཐུགས་འདུན་བསྟན་འགྲོའི་དོན་ལས་མ་གཡེལ་བས།། བཞད་པའི་རྡོ་རྗེས་ཐུགས་སྲས་གཅིག་བུར་བསྔགས།། སོ་སྐྱེའི་ཆུ་བུར་མིག་གིས་མཐོང་སྣང་དུ།། དག་དང་མ་དག་སྤྱོད་པ་གང་ཤར་ཡང་།། ས་ལམ་མཐོར་གཤེགས་དམ་པའི་གཟིགས་མོ་རུ།། མཛད་དགུ་ཆོས་ལ་བསྟིམས་པའི་རྣམ་ཐར་མཛེས།། མི་མིན་འབྱུང་བོས་སྲོག་རྩ་བསྡམས་པ་ཡིས།། དབུགས་འགྱུ་འགག་ལ་རིངས་པའི་རྐང་གཉིས་པ།། མཆོག་གིས་ཕྱག་ནས་ཙམ་གྱི་འབྲབ་ཤུགས་ཀྱིས།། འཇིགས་མེད་ཚེ་སྦྱིན་གནང་ལ་སུ་ཡིས་བསྙོན།། དད་པའི་མིག་འོད་མཆོག་ལ་འཁྱུད་པ་ཡི།། འཇིགས་རུང་གཡུལ་ངོར་ལྷག་པའི་དཔའ་བོའི་ཁྱུ།། རྡོ་རྗེའི་སྲུང་འཁོར་བརྟན་པོའི་རར་བཅུག་པས།། སྐྱོན་མེད་བདེར་ཕྱིན་མགོན་པོ་ཁྱེད་གཅིག་མཐུ།། འགྲོ་བའི་སྙིང་ཁམས་སྙིགས་མའི་བུད་ཤིང་གིས།། ཀུན་ནས་བསྲེགས་པའི་དུད་དྲེག་འཁྲུད་པའི་ཆུ།། མཐའ་བྲལ་ཐུགས་རྗེའི་ཆུ་འཛིན་བ་གམ་ལས།། དུས་སུ་འབེབས་མཁས་ཁྱེད་འདྲ་རེ་རེ་ཙམ།། དགའ་རབ་མདའ་ཡིས་ཕྱི་ནང་བརྟོལ་བ་ཡིས།། ཕན་ལན་དུག་གི་ཆང་ཕོར་བཏེགས་པའི་ཡིད།། བསྐང་སླད་ཧ་ལའི་ཁུ་བ་གསོལ་བས་ཀྱང་།། མ་ཚུགས་རང་རྣམ་གསུང་གི་ཟུར་ལས་ཐལ།། བསྟན་སྲིད་ལུགས་གཉིས་རྒྱལ་མཚན་ཤམ་བུ་ཅན།། གྱེན་འདེགས་དབུས་ཀྱི་ཀ་བར་བཞེངས་པ་ཡིས།། ནག་ཕྱོགས་ཡིད་སྲུབས་རུ་མཚོན་སྙིང་དང་བཅས།། ས་རུ་བསྙིལ་བ་དཀར་ཕྱོགས་དཔུང་གིས་བརྫིས།། གསང་གསུམ་འོད་ཀྱི་ཟེགས་མ་ཕྲ་མོ་ཡང་།། བསྟན་འགྲོའི་གསོས་སུ་མ་གྱུར་བག་མེད་དུ།། སོང་བ་འདི་ཞེས་ཀུན་མཁྱེན་བརྙེས་རྣམས་ཀྱིས།། ཅི་ཙམ་བཙལ་ཡང་ངལ་བ་བསྟེན་པ་ཙམ།། དུས་དང་གནས་ཀྱི་བབས་བསྟུན་ཐབས་མཁས་ཀྱིས།། བཅུ་ཕྲག་གཉིས་ལྷག་ཆོས་སྡེ་ལེགས་བསྐྱངས་པས།། འཆད་ཉན་བཤད་སྒྲུབ་ལྷ་ཡི་དུང་མོ་ཆེ།། སྲིད་གསུམ་ཐོས་པ་འཛིན་པའི་ལམ་དུ་བུས།། ལས་འབྲས་སྐྲན་དུ་སྨིན་པའི་ཤེད་མོང་གིས།། ཟས་ཀྱི་རྒྱུ་ལམ་འགག་པའི་དད་ལྡན་པས།། གསོལ་འཕྲོའི་རྩམ་རིལ་ཙམ་གྱི་བྱིན་རླབས་ཀྱིས།། བཀྲེས་སྐོམ་གདུང་བ་བསལ་ཞེས་ཀུན་ལ་གླེང་།། བརྟན་གཡོའི་དཔལ་ལ་འཁུ་བའི་ནག་པོའི་རིགས།། གཟིམས་པའི་སྟངས་ཀ་ཙམ་གྱིས་བག་འཁུམས་ན།། གསང་གསུམ་འཕྲིན་ལས་གློག་གི་འཁྱུག་ཤུགས་ཀྱིས།། གཏན་དུ་ཟིལ་གནོན་ཚུལ་ལ་དོགས་པ་ཅི།། སྲིད་ཞིའི་ཕུན་ཚོགས་ཡོད་དགུ་གཞི་གཅིག་ཏུ།། སྤུང་སྟེ་ཁྱེད་དྲིན་གཞལ་བའི་རྒྱུར་བཏེགས་ཀྱང་།། ཟླར་ཡང་མི་ལང་ཆར་ཡང་མི་ཕོད་ཅེས།། མི་འཇིགས་སེང་གེའི་སྒྲ་འདི་ཁོ་བོས་བསྒྲགས།། འབྱུང་འགྱུར་ཆོས་ཀྱི་རི་མོ་མ་འདྲེས་པར།། མཁྱེན་རབ་མེ་ལོང་ངོས་སུ་འཕོས་པ་ཡིས།། འཁྲུལ་བྲལ་ལུང་གིས་བསྟན་པ་ཡོད་དོ་ཅོག། ཚངས་པའི་ཐིག་གིས་བཏབ་བཞིན་ཡ་ཡོ་མེད།། མགོན་ཁྱེད་གསུང་གི་ཟེར་མ་རེ་རེ་ཡིས།། རིང་ནས་བསྐྱངས་པའི་ངང་བ་སེར་བོའི་ཁྱུ།། མཐའ་བྲལ་དབུ་མའི་རྒྱ་མཚོ་ཆེན་པོའི་འཇིངས།། ཡོངས་སུ་བསྔོག་ལ་རྣམ་དཔྱོད་རྐང་བ་བྲེལ།། རྒྱལ་ཀུན་མཐུ་སྟོབས་མིག་སྟོང་ལྡན་པའི་མཚོན།། གྲུབ་དབང་ནུས་པའི་བདག་པོ་ཁྱེད་གཏད་པས།། ནག་ཕྱོགས་བདུད་སྡེ་རྩ་ལག་དཔུང་དང་བཅས།། ས་འོག་རིམ་དགུའི་གཏིང་ན་སྙིང་རྩ་འདར།། བདེ་གཤེགས་གངས་ཀྱི་རི་ན་འགྱིང་ཉམས་ཀྱིས།། གྲུབ་དབང་རལ་བ་སྤྲུགས་པའི་གདོང་ལྔ་བ།། མུ་སྟེགས་གླང་སྨྱོན་འཁྲུགས་པའི་གཡུལ་ས་ནས།། འཇིགས་མེད་ང་རོ་སྒྲོགས་ལ་གཅིག་ཏུ་དཔའ།། ཐུབ་བསྟན་གླིང་བཞིའི་མཁའ་ན་བག་ཡངས་སུ།། བཤད་སྒྲུབ་ཟེགས་མ་འབུམ་འགྱེད་འོད་དཀར་ཅན།། འཛུམ་པའི་བདུད་རྩི་དངོས་མྱོང་ཁོ་བོ་ཡང་།། ལས་བསོད་གཞན་ལས་ལྷག་ཅེས་སྨྲ་བར་སྤོབས།། ཁྱེད་ཀྱིས་མགོན་མཛད་ལྷ་དང་མི་ཡི་སྡེ།། ལས་འབྲས་དྲང་བདེན་ཐིག་ལས་མ་བཟུར་བར།། འབྱོར་ཕྱུག་འོ་རླབས་གྱེན་དུ་འཕྱོངས་པ་ཡིས།། སྔོ་བསངས་བཞིན་རས་བསྒྲིབ་ལ་སེམས་པ་དོགས།། བསྟན་སྲིད་དཔལ་ལ་ལག་བརྡར་ནད་རིམས་གདོན།། སྐུ་དང་སྲོག་ལ་མ་གཟིགས་བཞེས་པའི་མོད།། སྤྲུལ་བའི་སྐུ་སྐྱེ་འཛིན་པ་ཡོད་ཚད་ཀྱིས།། སྙིམ་པའི་སོར་མོ་མཆོག་ཁྱེད་ཕྱོགས་ལ་སྦྱར།། སར་གནས་སེམས་དཔའི་ཐུགས་ལས་འགོངས་པ་ཡི།། མཛད་པ་མཆོག་འདི་ཟླ་མེད་མགོན་ཁྱེད་ལས།། གསེར་དངུལ་ཁྲི་ཡིས་སྙེམས་པ་ཕལ་མོ་ཆེས།། རྨི་ལམ་ཡུལ་དུ་འཛིན་ལའང་ཤིན་ཏུ་སྐྲག། ཀུན་མཁྱེན་ཆོས་ཀྱི་ཉི་མས་བརྟན་བཞུགས་སུ།། འཆི་མེད་ཚེ་དཔག་མེད་མགོན་སྐུ་གནང་བ།། ད་དུང་འདི་རུ་སྡོད་དགོས་བརྡ་ཡིན་ཞེས།། སྙུན་པ་ལྷག་མེད་དྭངས་པའི་ངང་ཚུལ་བསྟན།། ཡབ་སྲས་ཐུགས་སྨོན་གཅིག་ཏུ་བབས་པ་ཡིས།། རྨད་བྱུང་མཛད་པའི་རི་མོ་མཐའ་ཀླས་པ།། ས་ལས་རིལ་བུ་བླངས་པས་བགྲང་མིན་ན།། ཁོ་བོས་སྨྱུག་རྩེས་གཤར་བ་དད་སྟངས་ཙམ།། འགྲོ་བའི་བསོད་ནམས་སྟོབས་ཀྱིས་མ་བཅུན་ཞིང་།།མགོན་ཁྱེད་ཐུགས་སྨོན་དུས་སུ་བབས་པ་ན།། ཐུབ་དབང་རྩྭ་མཆོག་དྲུང་གཤེགས་ཆ་མཐུན་པར།། ཟང་ཟིང་ཀུན་དོར་སྤོས་ལྡན་གྲོང་དུ་གཤེགས།། ཚོགས་གཉིས་ཆུ་ཤེལ་དཀྱིལ་འཁོར་ཁ་གང་ཞིང་།། སྒྲིབ་གཉིས་ར་རིའི་མཚན་མ་ཡོངས་དག་པའི།། རྐང་གཉིས་ལྷར་བཅས་གཙུག་རྒྱན་འོད་དཀར་ཅན།། རེ་ཞིག་ཆོས་དབྱིངས་ཞི་བའི་དབྱིངས་ལ་གཟིམས།། སླར་ཡང་ཐུགས་བསྐྱེད་སྐྱ་རེངས་གསར་བ་ཡིས།། དག་ཞིང་དགུ་ཚིགས་ལམ་ནས་བསུས་པ་ཡི།། མཆོག་སྤྲུལ་བསྟན་པའི་ཉི་མ་འོད་པོ་ཆེ།། རྒྱལ་བསྟན་པད་མོ་རྒྱས་པའི་གཉེན་དུ་ཤར།། ན་ཚོད་གང་བུའི་འདབ་མ་མ་གྲོལ་ཡང་།། ཐབས་ཤེས་སྦྲང་རྩིས་ཟེའུ་འབྲུ་ཡོངས་བཟུང་བའི།། ཐུབ་དབང་ཞལ་སྐྱིན་པད་མ་དཀར་བོ་ཁྱེད།། ལུས་ཅན་བུང་བའི་ཉེར་འཚོར་ཞབས་བརྟན་ཤོག། ཕན་བདེའི་ལེགས་ཚོགས་ལྷུན་འགྲུབ་གཞི་མ་རུ།། མ་སྨད་ཐུགས་བསྐྱེད་མཆོག་གིས་དྲངས་པ་ཡི།། གསར་ཚེས་ཟླ་བ་དཀར་བོའི་མཛད་འཕྲིན་འོད།། ས་གསུམ་ཁོར་མོ་ཡུག་ཏུ་ཁྱབ་གྱུར་ཅིག། གང་གི་ཞབས་ཟུང་ཨུ་དུམ་ཝ་རའི་ཁ།། རེག་པའི་སྐལ་ལྡན་རྐང་བ་དྲུག་པའི་ཁྱུ།། ཚེ་རབས་འཕྲེང་བརྒྱུད་སྙིང་བོ་བྱང་ཆུབ་བར།། ཐུགས་རྗེའི་ཀྱོ་བ་རྣོན་པོས་རྗེས་འཛིན་མཛོད།། ནམ་ཞིག་ས་ལམ་མཐར་ཕྱིན་ཟུང་འཇུག་སྐུ།། ཐུན་མོང་གདུལ་ངོར་མངོན་དུ་མཛད་པའི་ཚེ།། རིང་ནས་ཞབས་པད་མ་དོར་བདག་གཞན་འགྲོ།། ཐོག་མའི་གསུང་གི་བདུད་རྩིས་བརྟ་གྱུར་ཅིག། འཇམ་མགོན་རིང་ལུགས་མདོ་སྔགས་སྡོང་རས་ཅན།། བཤད་སྒྲུབ་ཟུང་འབྲེལ་ཐབས་ཀྱིས་སྤར་ཤུགས་ཀྱིས།། ས་གསུམ་དབུགས་ལྡན་སྙིང་གི་མུན་སེལ་དུ།། མུ་མེད་བསྐལ་བའི་མཐའ་རུ་འབར་གྱུར་ཅིག། འགྱུར་མེད་དད་གུས་ལྷ་ཆེན་རལ་བ་ནས།། ལེགས་བྱས་གང་གཱའི་ཐིགས་པ་འདི་ཟགས་པའི།། རྣམ་དཀར་ཅི་མཆིས་དཔལ་ལྡན་བླ་མའི་ཞབས།། ཚེ་རབས་ཀུན་བསྟེན་མཉེས་བྱེད་རྒྱུ་རུ་ཤོག། ༧ཅེས་བསྟན་པ་དང་འགྲོ་བའི་རྩ་ལག་གཅིག་བུ། ངེས་པ་དོན་གྱི་གྲུབ་པའི་དབང་ཕྱུག་ཆེནཔོ་དཔལ་ལྡན་བླ་མ་དམ་པ་བྲག་དགོན་རྡོ་རྗེ་འཆང་རྗེ་བཙུན་༧ སྐལ་བཟང་བསྟན་པ་དགེ་ལེགས་རྒྱ་མཚོ་དཔལ་བཟང་བོའི་རྟོགས་པ་བརྗོད་པ་དང་འབྲེལ་བའི་ཚིགས་སུ་བཅད་པ་འདི་ནི། མགོན་པོ་མཆོག་གི་བཀའ་དྲིན་དང་ཐུགས་རྗེ་ཁོ་ནས་ཚེ་སྲོག་འཚོ་བའི་གྱི་ན་བ་མདའ་ཚན་ཡོན་ཏན་རྒྱ་མཚོས་བོད་རབ་རྒྱན་ཤིང་རྟ་ལོའི་ས་ག་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་བོ་སྟེ། མགོན་པོ་གང་གིས་གཟུགས་སྐུ་རགས་པ་ཉེ་བར་བསྡུས་ནས་ཏག་ཏག་མི་ལོ་བདུན་འགོར་བའི་ཉིན་མོར་མཇུག་གྲུབ་པར་བྱས་པའོ།སརྦ་མངྒ་ལཾ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།