གཅིག་ཏུ་གདམས་པ།(ཞར་བཀོད་གཅིག་ཡོད)
༡
ལས་ཀྱིས་སྨིན་པའི་ནགས་ཀྱི་ཤིང་དྲུང་དུ།།
སྙིང་ཆུང་དགྱེས་པའི་མགྲོན་པོ་མང་བ་མིན།།
སྲིད་པའི་མཛེས་སྡུག་མཐའ་དག་བསྡུས་པའི་དཔལ།།
ཚེ་ཡི་སྐུད་པར་བརྒྱུས་པའི་སྙིང་སྡུག་གང་།།
བརྩེ་བའི་སྤྱན་རས་གཟིགས་པ་མ་ལྷོད་པར།།
བདག་ཡིད་བྱེའུ་ཆུང་གཉེན་གྱི་གྲོགས་གྱུར་པ།།
ཡིད་འོང་དབྱིངས་ཀྱི་ཉིན་བྱེད་ཁྱེད་གཤེགས་གསོལ།།
བརྩེ་བའི་འོད་དང་བསྡེབས་ནས་ཕེབས་པ་ན།།
ཚེ་ཡི་འོད་ཟེར་ལྟ་བུའི་གཉེན་གྱི་ཚོགས།།
ཡང་ཡང་བརྗེད་ཅིང་ཡང་ཡང་ཉམས་པར་གྱུར།།
ཚེ་འདིའི་དཀའ་སྡུག་དག་ཀྱང་རྙིད་པར་གྱུར།།
དུས་ཚོད་ཕར་ཕར་བཞུད་ཀྱང་ཡིད་གདུང་ཅི།།
འཆི་བ་ཉེ་བར་བཅར་ཡང་སྐྲག་དངངས་ཅི།།
༢
སྐྱོ་བས་སེམས་ཀྱི་གྱང་འདི་རྡུང་བ་ན།།
དྲན་པ་བརྡར་ཏེ་བྱེ་མའི་ཕུང་བོ་སྤུངས།།
རི་བོ་མི་འདྲ་མང་པོའི་ཕ་ཚད་ནས།།
གཏམ་དང་བྲལ་ཡང་བརྩེ་བའི་ངང་ཚུལ་གྱིས།།
དྲན་པའི་སྡོང་རྩེར་ལྷན་ཅིག་འཛོམས་གྱུར་པས།།
ང་སར་འདྲིལ་ཏེ་སེམས་ཀྱི་འཆི་བ་གསོས།།
གདུང་བ་བསྙལ་བའི་སྲིད་པ་མཐར་དབྱུང་ནས།།
འགགས་མེད་སྙིང་གི་གླུ་པ་བདེ་དགས་འབར།།
ཐུགས་ཀྱི་ཉམས་བཞག་འདི་ཡང་འདར་ཙམ་བྱས།།
དབྱངས་ཅན་རྒྱུད་མང་འཁྲོལ་བས་མ་ཡིན་ཏེ།།
སྙིང་ཁ་བརྩེ་དུངས་ནོར་བུས་རླན་གྱིས་སྐྱོམ།།
ལྷོད་ཆགས་རི་དྭགས་དགོ་བའི་གྲིབ་གཟུགས་བཞིན།།
བདག་གི་པང་ལ་བབས་པའི་ཉི་ཟེར་ཡག།
༣
བདེ་ཆེན་རྦ་རླབས་འཕྱུར་བའི་དུས་དག་ཏུ།།
ལང་ཚོ་ཁྱོད་ལ་བསྟན་ཅིང་གར་མ་བཞིན།།
ལུས་ཀྱི་དྭངས་མའི་པད་མོར་ཡང་ཡང་རྡེག།
ཁྱོད་ཞལ་རྔུལ་ཆུས་དྲོས་པའི་སྐར་མ་འཐུ།།
དབང་པོ་དག་ཀྱང་བདེ་སྟོང་ཀློང་དུ་འཇམ།།
བདུད་རྩི་ཆང་གིས་བད་པ་མ་ཡིན་པར།།
དག་པ་ཕྱག་རྒྱ་ཆེན་མོ་མཇལ་བས་ཡིན།།
༤
མི་སྡུག་བྱེ་མའི་ལ་ཐང་བརྒལ་དགོས་ཀྱང་།།
མ་ཞུམ་བརྟན་པའི་གོ་ཆ་ཉེར་བགོས་ཏེ།།
ཁྱེད་ཀྱི་དྲུང་དུ་སྙེག་ཏེ་ཕྱིར་མི་ལྡོག།
རེ་འདུན་ལྷུན་གྲུབ་ཡོང་བར་སྨོན་ལམ་ཏེ།།
རྟག་པར་ཡིད་གཏམས་ལྗགས་རྩེར་རབ་སྐྱོད་མཐུས།།
དག་པ་མི་མངོན་དབྱིངས་ཀྱི་ལྡིང་ཁང་དུ།།
དགྱེས་ཞལ་ལྷུག་གེར་འཛོམས་པའི་གྲིབ་གཟུགས་འཁོར།།
རླུང་ཁར་འཕྱན་པའི་དབུས་མོ།
----དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོར་ཕུལ་བ།
མི་དབང་བྱམས་མགོན་ཁབ་ཏུ་བལྟམས།།
གནུབས་བཟའི་ཡིད་སྲུབས་བུམ་ཆུང་ཁྱོད།།
རྒྱལ་པོའི་ཁབ་ཏུ་མི་བཞུགས་པར།།
སྐུ་སྐྱེ་གོང་མའི་ལས་སྨོན་དང་།།
སྔགས་དང་གདམས་པའི་དོན་ཆེན་དུ།།
དབུས་ནས་མདོ་རུ་གོམ་པས་འཇལ།།
ལྟོགས་སྐོམ་གདུང་བའི་ལུས་རེངས་ཚེ།།
སྨྲེང་བའི་མགུར་རེ་བསྐྱོན་ལགས་སམ།།
མཚོ་རྒྱལ་མཁའ་འགྲོའི་སྙིང་གི་ནོར།།
རྒྱལ་བ་དགྱེས་པའི་ལམ་ཞུགས་ཏེ།།
ཆོས་ཕྱིར་དཀའ་ཐུབ་སྙིང་རུས་ཅན།།
ལས་འཕྲོ་ཟབ་མོ་གཏེར་ལ་དབང་།།
དངོས་དང་རྨི་ལམ་ཟློས་གར་ལ།།
མ་དང་མཁའ་འགྲོའི་བརྡ་ཡིག་བརྩིགས།།
ཆེན་པོ་བོད་ཀྱི་ཕང་བ་རུ།།
འཆལ་མོའི་གཟུགས་ཀྱིས་བྱོན་ན་ཡང་།།
ཉམས་རྟོགས་འོ་སྤྲི་ཐུལ་ལེ་བ།།
བདེ་སྐྱོང་དབང་མོ་ཕྱག་གི་ཡུལ།།
སྣང་བའི་ཚོས་ལ་བློ་འགེལ་ཞིང་།།
དྲན་པའི་མེ་ལོང་རྨོངས་འཐིབ་པའི།།
ཆགས་སྡང་རྒད་པོ་མ་རབས་ཚོས།།
དབུས་ཀྱི་སྤྲང་མོ་ལུས་ངན་ཞེས།།
སྡང་སྡུག་ས་རྡུལ་འཕྱུར་ན་ཡང་།།
བཟོད་པ་ཆེན་པོའི་རུས་པ་ཅན།།
ཆོས་ཀྱི་དོན་ལ་རབ་གཞོལ་ཏེ།།
བདེ་སྟོང་ཆེན་མོའི་བདེན་པ་ཟིན།།
བདེན་པ་ཆེན་པོའི་བྱིན་རླབས་སྩོལ།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།