༄༅། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བཀའ་དྲིན་མཚུངས་པ་མེད་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་འཇམ་དབྱངས་རྒྱ་མཚོའི་གསང་གསུམ་མཛད་པ་རྒྱ་མཚོ་ལ་མཆོད་ཅིང་གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་དད་སེམས་པདྨོ་རྒྱས་པའི་འཛུམ་ཟེར།

རྨོག་རུ་སངས་རྒྱས་རྒྱ་མཚོ།(དྷཱིཿཚ།) 琼迈文学网 2022-09-21
    ----༧ རྗེ་མཉྫུའི་མཚན་ཅན་མཆོག་དགུང་གྲངས་དགུ་བཅུ་བཞེས་པར་ཕུལ་བ།

རྩོམ་པ་པོའི་ཉེ་པར།

རྒྱལ་ཀུན་འཕྲིན་ལས་མཚུངས་མེད་དམ་པའི་བཤེས། །
ཆེར་སྙིགས་དུས་མཐའི་གདུལ་བྱ་ཡོངས་ཀྱི་མགོན། །
ཡང་དག་ཟབ་རྒྱས་ཆོས་ཆར་མཆོག་སྩོལ་བའི། །
རྣམ་འདྲེན་ཐུབ་པའི་གདུང་འཚོབ་མཆོག་དེར་འདུད། །

སྟོབས་བཅུ་ལྷུན་པོའི་ཡང་རྩེར་རབ་འགྱིང་པའི། །
དཔལ་ལྡན་ལུང་དང་རིགས་པའི་གོ་ཁྲབ་ཅན། །
རྒོལ་ངན་སྦྱིན་སྐྱེས་མཚོན་མདས་མི་ཕོག་པ། །
ཡེ་ཤེས་རང་སྣང་གྲུབ་པའི་སྐུ་ལ་འདུད། །

ལུང་རྟོགས་ཡོན་ཏན་སྦྲང་རྩིའི་ཟུངས་བཅུད་ཀྱིས། །
དྭངས་གསལ་ཤེལ་གྱི་དབང་བཞིའི་དཀྱིལ་འཁོར་ནང་། །
སྐལ་བཟང་རྐང་དྲུག་བུང་བའི་ཚོགས་རྣམས་ལ། །
འདོད་རྒུའི་དགེ་ལེགས་སྩོལ་བའི་གསུང་ལ་འདུད། །

རྒྱ་ཆེན་ཤེས་བྱའི་རི་རྫོང་མཐུག་པོའི་ཀླུང་། །
ལུང་རིགས་གོམ་སྟབས་གཅིག་གིས་ཉེར་གཞལ་བ། །
གྲངས་མེད་སྨྲ་མཁས་ཚོགས་རྣམས་སྐྱེངས་བྱེད་པའི། །
དཔྱོད་ལྡན་ཀུན་ཡིད་འགུགས་པའི་ཐུགས་ལ་འདུད། །

མཉེས་གཤིན་སྙིང་རྗེའི་ཟླ་གཞོན་འཛུམ་ཟེར་གྱིས། །
གཞན་ཕན་ཀུ་མུད་འབྱེད་པའི་ཉམས་བརྒྱའི་དཔལ། །
འཇམ་མགོན་བསྟན་པའི་རྒྱན་དུ་ལེགས་འཁྲུངས་པས། །
བཤད་སྒྲུབ་ནོར་འཛིན་སྒེག་མོས་ཡིད་རབ་འཕྲོག །

རབ་མཛེས་འཇམ་གཉེན་སོར་མོའི་འདུ་བྱེད་ཀྱིས། །
རབ་འབྱམས་གཙུག་ལག་དབྱངས་སུ་དཀྲོལ་མཁས་པ། །
རབ་སྙན་རྡོ་རྗེ་དབྱངས་ཀྱི་རྒྱ་མཚོའི་དཔལ། །
རབ་དཀར་གངས་རིའི་རྒྱན་དུ་མངོན་པར་འཕགས། །

འཆད་པའི་ཟབ་གསུང་ལུང་རིགས་ང་རོ་ཡིས། །
རྩོད་པའི་མི་འཇིགས་གཡུ་རལ་རབ་རྒྱན་ནས། །
རྩོམ་པའི་སྐལ་ལྡན་རི་སྐྱེས་ཚོགས་རྣམས་ལ། །
ཉེར་སྐྱོང་འཇམ་དབྱངས་སྨྲ་བའི་སེང་གེར་འདུད། །

མཁས་པའི་ལང་ཚོས་དྲེགས་པ་ཟིལ་གནོན་ཅིང་། །
བཙུན་པའི་རོལ་བས་ངུར་སྨྲིག་མངོན་མཐོ་བ། །
བཟང་པོའི་ཡོན་ཏན་ཁུར་གྱིས་རྒྱན་པའི་གཙོ། །
དཔལ་ལྡན་དང་བའི་མགོན་ཁྱོད་ཕྱག་གི་ཡུལ། །

ཐོས་པས་མི་མཉམ་ཆོས་དབྱིངས་མཐོངས་ཕྱེས་པས། །
བསམ་པས་རྒྱ་ཆེན་མཐའ་བྲལ་དབང་གཞུའི་གཟུགས། །
སྒོམ་པའི་ཐུགས་གསང་རྒྱ་མཚོར་ལེགས་ཤར་བས། །
མཁས་རློམ་དྲེགས་པའི་བརྒྱ་བྱིན་ལག་སྟོང་གྱུར། །

མ་རིག་རྨོངས་པའི་གཤེད་མར་ལས་འོངས་པའི། །
འདྲེན་ལ་སྐྱོ་བ་མེད་པའི་དངོས་གྲུབ་ཆར། །
ས་གསུམ་ཕན་བདེ་དཔལ་དུ་འཇོ་བ་འདིས། །
བདེ་གཤེགས་བསྟན་པའི་ལང་ཚོར་འཛུམ་ཟེར་སྤྲོ། །

ཀུན་མཁྱེན་མཁྱེན་རབ་ཡངས་པའི་དབྱིག་འཛིན་གཞིར། །
ལེགས་ཚོགས་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་། །
རྣམ་དཔྱོད་རྩལ་ལས་རྒྱས་པའི་གྲགས་དཀར་དབྱངས། །
ཡུམ་དོན་ཡིད་བཞིན་འགུགས་མཁས་ཁྱེད་ལ་དབང་། །

གྲངས་མེད་མན་ངག་གདྒཱའི་ཆུ་ཀླུང་དུ། །
ཡིད་ཀྱི་རྨོངས་པ་འཐིབ་པའི་འགྲོ་བ་ཀུན། །
བཤད་སྒྲུབ་སྨིན་གྲོལ་རླབས་ཀྱིས་ལེགས་བཀྲུས་པ། །
གཞན་ཕན་རྒྱ་མཚོའི་མགོན་ལ་མཆོག་ཏུ་གུས། །

ཡིད་འོང་ཕུན་ཚོགས་མཛད་བཟང་དུང་དཀར་ལས། །
ལེགས་བྱས་ངོ་མཚར་སྙན་འགྱུར་དབྱངས་ཀྱི་འགྲོས། །
རྒྱལ་རྣམས་མཉེས་པའི་མཆོད་པར་ཕྲེང་བསྟར་བ། །
སྐྱོ་མེད་གཞན་ཕན་མདངས་སུ་འཁྲོལ་བ་རྨད། །

བློ་གྲོས་རབ་ཡངས་མཛེས་པའི་བཞིན་རས་ལ། །
བློ་གསལ་རྣམ་རིག་འགུགས་པའི་དབང་གཞུའི་དཔལ། །
བློ་མཆོག་ཉིད་ལ་མངོན་པར་ཤར་བ་འདིས། །
བློ་ལྡན་ཀུན་གྱིས་སྨོན་པའི་ཡི་རང་འཆོར། །

མི་ཤིགས་རབ་བརྟན་གཡུང་དྲུང་གུར་ཁྱིམ་དུ། །
མི་འཇིགས་དཔལ་ལྡན་དང་བོའི་ཁྲི་འཕང་ལས། །
མི་འགྱུར་ལུང་རིགས་རྩེ་དགའི་མེ་ཏོག་ཆར། །
མི་དབང་ཆོས་ཀྱི་རྗེ་བོའི་ཞལ་ནས་བབས། །

དེ་སྐད་འདྲེན་མཆོག་བུ་རམ་ཤིང་བའི་བསྟན། །
ལེགས་ཕྱེས་རྣམ་དབྱེ་གངས་ཅན་ཤིང་རྟའི་སྲོལ། །
མཐའ་བྲལ་གཙུག་ལག་ནོར་བུའི་གཟི་འོད་ཚོམས། །
འཇིགས་བྲལ་སྤོབས་པས་དཔྱད་འཇོག་བསྔགས་བྱའི་གནས། །

སྲིད་གསུམ་འདོད་ཡོན་དུག་མཚོ་ལས་འོངས་པའི། །
གནོད་པའི་བསམ་སྦྱོར་སྨིག་རྒྱུའི་རྦ་རླབས་ཀྱིས། །
དུས་ཀྱི་བསླབ་ཁྲིམས་གཙང་བོ་ཀུན་འབྲིད་ཀྱང་། །
བསླུ་མེད་ཁྱེད་ཐུགས་བདེ་ལེགས་བགྲོད་འདིར་དད། །

མངོན་དགྱེས་བཀྲ་ཤིས་རྟགས་མཚན་དཔག་མེད་དང་། །
སྙན་ཚིག་དབྱངས་ཅན་མགྲིན་པའི་མཆོད་ཡོན་གྱིས། །
འགྲོ་ཀུན་ཆུ་སྐྱེས་དུད་པའི་ར་བ་ལ། །
རབ་རྫོགས་ཉིན་བྱེད་དབང་བོ་རྟག་བཞུགས་མཛོད། །

སྤངས་རྟོགས་ཛ་ཧུའི་བུ་མོའི་རོལ་རྩེད་ལས། །
དག་བྱེད་བདུད་རྩིའི་ཐིག་ལེར་གྲུབ་པའི་དཔལ། །
མ་རུངས་སྙིགས་མའི་དུས་འདིར་འཕྱོ་བ་འདིས། །
སྐལ་བཟང་རེ་བའི་ཆུ་སྐྱ་དགའ་བས་རྩེན། །

མང་ཐོས་དོན་ཀུན་ཤར་བའི་ཐུགས་གསང་མཚོར། །
རོལ་བའི་སྐལ་བཟང་སྟེང་འཐུང་དཀར་པོའི་དཔལ། །
ཡོན་ཏན་ཟླ་རྒྱས་སྣང་བའི་ལང་ཚོ་ཡིས། །
གཡོ་ལྡན་གར་གྱིས་དགའ་སྟོན་སྙིང་ལ་བསུ། །

མཐའ་བྲལ་མཁས་གྲུབ་འཆི་མེད་ནགས་རྫོང་ལས། །
ཉེར་འཁྲུངས་ཁྱེད་སྐུ་ཨུ་དུམ་ཝ་རའི་གཟུགས། །
ངོ་མཚར་རྟེན་འབྱུང་འབྲས་བུས་ཡོངས་གང་བ། །
ཟབ་མོའི་དྲི་བཞོན་ཕྱོགས་སུ་ལྡང་བས་ཚོར། །

མདོ་སྔགས་བསྟན་པའི་ཁོ་ལག་རབ་རྫོགས་པའི། །
གཏན་འདུན་ལག་རྩེར་སོན་པའི་ཉ་གང་ཟླས། །
སྲིད་པའི་ཉམ་ངས་མནར་བའི་ཟླ་བའི་དྲི། །
གཏན་བདེའི་ལེགས་པའི་ཚལ་དུ་འཛུམ་གྱིས་ཁྲིད། །

སྲིད་ཞིའི་ཡིད་བཞིན་ནོར་བུའི་མཚར་སྡུག་ཀུན། །
གཅིག་བསྡུས་མཆོད་པའི་རྫས་སུ་ལེགས་བཤམས་ནས། །
སྐབས་གསུམ་མཛེས་པ་ཕམ་བྱེད་དགྱེས་པའི་དཔལ། །
དེང་འདིར་བདག་གི་ཡིད་ཀྱིས་སྙིང་ནས་འབུལ། །

ཀྱེ་ཧུད་ལེགས་བཤད་སེང་གེའི་འོ་མའི་ཆབ། །
དགྱེས་རྒུར་རོལ་བཞིན་སྙིང་ལ་སྦྱིན་པ་འདིས། །
ཚེགས་ཆེན་ཡུན་རིང་སྒུག་པའི་བྱང་ཆུབ་ལམ། །
ཅིག་ཅར་བགྲོད་པའི་རྫོགས་ལྡན་དགའ་བ་འཕེལ། །

འདྲེན་བྱེད་ཚངས་སྤྱོད་ངུར་སྨྲིག་རྒྱལ་མཚན་འོག །
རླབས་ཆེན་ཚོགས་གཉིས་རྩིབས་སྟོང་འཁོར་ལོ་ཡིས། །
མཐོ་རིས་དཔྱིད་དཔལ་སྐྱེད་ཚལ་རབ་སྙེགས་པའི། །
ཉམ་ངའི་བསླབ་གསུམ་བོར་བའི་ཚོགས་རྣམས་དྲངས། །

རིང་ནས་ཤོར་བའི་མི་ཕྱེད་དད་པའི་མགོན། །
ཁོ་བོའི་སོར་བཅུ་འདབ་མའི་དཀྱིལ་དབུས་སུ། །
ལམ་གཙོ་གསུམ་གྱི་འབྲས་བཟང་འདེབས་པ་ལ། །
སྙིང་ཆུང་འཕར་ལྡང་སློག་བཞིན་རེ་ལྟོས་འཆའ། །

རྟག་འཛིན་ལྕགས་ཀྱི་ར་བའི་ཁོར་ཡུག་འདིར། །
ཡིད་ཀྱི་བདག་འཛིན་གླང་ཆེན་སྨྱོན་པའི་གཤིས། །
སྲིད་འབྱོར་དུག་སྦྲུལ་རླངས་པས་བཟི་དྲགས་པས། །
མགོན་ཁྱོད་བྱིན་རླབས་ལྕགས་ཀྱུས་འདུལ་ལ་རེ། །

དུས་ཀུན་ཀུན་ཉོན་གཟེབ་ཏུ་མ་ཚུད་པར། །
རྣམ་དཀར་དཀར་པོའི་ལས་ལ་རབ་འབད་ནས། །
ཁྱེད་ཐུགས་ཐུགས་གསང་རོལ་བའི་སྐྱེད་ཚལ་དུ། །
ལུང་རྟོགས་རྟོགས་པའི་བྱིན་རླབས་ཞུགས་པར་ཤོག །

ད་ཀོ་སྙན་པའི་སྐྱེས་བཟང་ཤིས་ཚིག་འདི། །
དད་སེམས་གཤོག་ཟུང་གཡོ་བའི་གར་དང་བཅས། །
དགེ་མཚན་སྤྲིན་དཀར་བརྟོལ་བཞིན་འཕུར་བ་འདིས། །
འཕྲལ་ཡུན་དགེ་བའི་བྱིན་རླབས་སྩོལ་ལ་རེ། །

འདིར་འབད་ལེགས་བྱས་དཔལ་གྱི་རྒྱུད་མངས་ལས། །
འཁྲོལ་པའི་ཚངས་སྲས་མཆོད་པའི་སྒྲ་དབྱངས་ཉིད། །
སྡེབ་ལེགས་སྙན་ཚིག་བརྗོད་བྱས་རབ་རྒྱན་ནས། །
མགོན་ཁྱོད་སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་འབུལ། །

    ___ ཞེས་རང་ལ་སོ་ཐར་གསེར་ཁྲིམས་ཞུན་མའི་སྡོམ་མཆོག་འབོགས་མཁན། ཐུགས་རྗེ་མཚུངས་པ་མེད་པའི་བདག་ཉིད་ཅན། མདོ་སྔགས་གསུང་རབ་ཐམས་ཅད་གདམས་པར་ཤར་བ་ལ་གཞན་དྲིང་མི་འཇོག་པའི་ངེས་དོན་དགེ་བའི་བཤེས་གཉེན་ཆེན་མོ། ༸ རྗེ་བཙུན་མཉྫུའི་གྷོ་ཥཱ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དགུ་བཅུའི་དུས་བཟང་ཉིད་ལ། དམ་པ་གང་ལ་མི་ཕྱེད་པའི་དད་པ་ཅན། འོད་མདངས་རབ་གསལ་གྱི་གདུལ་བྱ་སྐར་ཚོགས་ལྟ་བུ་ལས། ཆེས་ཉམ་ཞན་གྱི་གྲལ་མཐའ་ཟིན་པ་རྨོག་རུ་སངས་རྒྱས་རྒྱ་མཚོའམ་སྦྲང་རྩིའི་རྒྱལ་མཚན་དུ་འབོད་པས། སའི་ཚངས་ཐིག་ཆེན་མོ་ཀ་བཞི་སྲུང་བཞིའི་ལྟེ་བར་གྲགས་པ། ལུང་རིགས་དཔལ་གྱིས་འབར་བའི་དགའ་ཚལ་དྷཱིཿ ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་རང་སྤྱིལ་དཔེ་མང་སྤུངས་པའི་དགའ་ཚལ་དུ་བྲིས་པ་འདིས། ཡབ་རྗེ་བླ་མ་དམ་པས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

༄༅། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བཀའ་དྲིན་མཚུངས་པ་མེད་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་འཇམ་དབྱངས་རྒྱ་མཚོའི་གསང་གསུམ་མཛད་པ་རྒྱ་མཚོ་ལ་མཆོད་ཅིང་གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་དད་སེམས་པདྨོ་རྒྱས་པའི་འཛུམ་ཟེར།

2022-09-21 རྨོག་རུ་སངས་རྒྱས་རྒྱ་མཚོ།(དྷཱིཿཚ།) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།