༄༅།།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་བསྟན་འགྲོའི་དོན་དུ་དགུང་གྲངས་དགུ་བཅུ་བདེ་བཞེས་ཀྱི་གོ་སྟོན་ལ་ཕུལ་བའི་རྟེན་འབྲེལ་ཤིས་ཚིག་རིང་མོ་ལེགས་ཚོགས་སྟོང་གི་ལྷ་དར་བསིལ་སྦྱིན་ཟླ་བའི་འོད་སྣང་ཞེས་བྱ་བ།

ཁ་གྱའི་ཁྱུང་སྔོན།(གཙོས) 琼迈文学网 2022-09-25


ཚོགས་གཉིས་ཆུ་གཏེར་རྒྱ་མཚོའི་ཀླུང་།།
སྐུ་གསུམ་ཡེ་ཤེས་འོད་གསལ་དབྱིངས།།
བདུད་བཞིའི་དགྲ་ལས་རྒྱལ་བ་ཡི།།
བཅོམ་ལྡན་ཐུབ་པའི་དབང་བོ་རྒྱལ།།
 
རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེ།།
ཐུབ་བསྟན་མུ་ཁྱུད་ལྷུན་པོའི་སྤོར།།
མཁྱེན་ཀློང་རལ་བའི་ཟུར་ཕུད་ཀྱིས།།
རབ་དཀྲིས་ཤེས་རབ་ལྷ་ཡིས་སྐྱོངས།།
 
རབ་བྱེད་ཚིག་ཕྲེང་འདི་བསྟར་ལ།།
སྨྲ་བར་དབང་འབྱོར་དབྱངས་ཅན་ལྷས།།
སྨིན་བྱེད་བྱིན་རླབས་དབྱིག་གི་ཆར།།
འབེབ་ལ་དངོས་གྲུབ་གནང་བ་སྩོལ།།
 
ཀུན་བཟང་ཞིང་གི་ཉི་ཟླའི་འོད།།
མཁྱེན་རྟོགས་ཀློང་བརྡོལ་འཇམ་དབྱངས་དངོས།།
ཐུགས་བསྐྱེད་མཁའ་ལྟར་རབ་ཡངས་པའི།།
བཞད་པའི་རྡོ་རྗེའི་ཕྲེང་རབས་བརྗིད།།
 
འཇམ་མགོན་ལུགས་བཟང་ཁ་འབབ་བཞིའི།།
དབྱངས་ལྡན་འཕྲིན་ལས་གྱ་གྱའི་འགྲོས།།
རྒྱ་བོད་གཞུང་བརྒྱའི་ལྟོ་བ་རུ།།
མཚོ་མོའི་རླབས་བཞིན་མཁའ་རུ་འཕྱོ།།
 
ས་ཡི་དགེ་བཅུ་ཚང་བའི་ཡུལ།།
བཀྲ་ཤིས་མཚན་མས་རབ་བརྟས་པའི།།
ཁོ་ཚེ་ལྷ་སྡེ་ཕྱུག་མོ་ཡི།།
ཁུ་འདུས་གསེར་གཞོང་གྲགས་པ་དེར།།
 
རབ་བྱུང་བཅུ་དྲུག་ཆུ་བྱ་ལོའི།།
ཟླ་བརྒྱད་ཚེས་བརྒྱད་དུས་བཟང་ལ།།
སྐུ་མཆོག་མཚན་དཔེ་པདྨོའི་འདབ།།
ལྷ་ཡི་སྲས་པོ་བལྟམས་འདྲའི་བཞད།།
 
བལྟས་བཟང་ངོ་མཚར་རྟགས་ཀྱི་གཟི།།
ཕྱོགས་བཅུ་ནམ་མཁའི་མཐའ་རུ་འཕྲོས།།
བཀྲ་ཤིས་ཆོས་དུང་སྙན་པའི་བརྡས།།
དམ་པའི་ཆོས་ཀྱི་སྒོ་གླེགས་ཕྱེས།།
 
ལྕགས་འབྲུག་གྲགས་པའི་ངར་སྐད་དང་།།
བསྡོངས་ཏེ་འཇིགས་མེད་རྒྱ་མཚོའི་དྲུང་།།
རབ་བྱུང་ངུར་སྨྲིག་གོས་བཟང་བགོས།།
འཇམ་དབྱངས་མཚན་གྱི་ཅོད་པན་གསོལ།།
 
བཅོས་མིན་ངེས་འབྱུང་བློ་ཡི་ཞིང་།།
བསླབ་གསུམ་དཔག་བསམ་ལྗོན་བཟང་རྒྱས།།
ངུར་སྨྲིག་རྒྱལ་མཚན་འཛིན་པ་ལ།།
སྐུ་ཡོན་དབྱར་གྱི་དཔལ་མོར་འགྲན།།
 
སྔོན་གོམས་བག་ཆགས་མཐུ་བརྟས་པའི།།
གཞུང་ལུགས་རྒྱ་མཚོར་རིག་པའི་གྲུ།།
བཏང་བའི་ཤེས་རིག་ནོར་བུའི་ནོམ།།
ཐབས་ཤེས་ལེགས་པའི་བློ་ལ་བསྐྱིལ།།
 
མཁས་མང་ཚོགས་དབུས་ལུང་རིགས་གཏམ།།
བགྲོ་བ་ལྷུར་ལེན་རྨད་དུ་བྱུང་།།
ཐོས་བསམ་བློ་གྲོས་གོ་མཚོན་གྱིས།།
རྒྱ་བོད་གཞུང་ལུགས་ཐང་མར་བརྡལ།།
 
མདོ་ཕྱོགས་བཀའ་ཡི་པོད་ཆེན་གཞུང་།།
གསང་སྔགས་རྒྱུད་བཞིའི་སྤྱི་ཡི་དོན།།
ཐུན་མོང་སྒྲ་རྩིས་སྙན་ངག་མངོན།།
ཐུགས་གཉེར་མཛད་དེ་མཁས་སྙན་འབར།།
 
བློ་རྟགས་བསྡུས་གྲྭ་གྲུབ་མཐའ་རྩ།།
གྲུབ་དོན་ས་གསུམ་ཕར་ཕྱིན་གཞུང་།།
རྒྱན་འཇུག་སྤྱོད་འཇུག་རྣམ་འགྲེལ་རྩ།།
ཐུགས་འཛིན་སྐྱོར་ཀློག་ཁྲི་སྟོང་མཛད།།
 
ཤིང་ལུག་བཀྲ་ཤིས་སྒོ་མང་གི།།
མཁས་གྲུབ་སྟག་སེང་འཐབ་པའི་དབུས།།
བསྟན་པའི་ལྕགས་རི་ཕར་ཕྱིན་གྱི།།
སྟོན་མོའི་དམ་བཅས་གྲགས་པ་འབར།།
 
ཆུ་ཡོས་དཔལ་ལྡན་བཀྲ་ཤིས་འཁྱིལ།།
རྨད་བྱུང་ཐོས་བསམ་གླིང་གི་གྲྭར།།
སྨོན་ལམ་རབ་འབྱམས་མཚན་བཏགས་ཀྱིས།།
དོན་ལྡན་གཏམ་གྱི་རོལ་མོ་འཁྲོལ།།
 
མཁས་གྲུབ་གངས་ཀྱི་རི་དབང་རྒྱལ།།
གདན་ཐོག་སྐྱིལ་ཀྲུང་གཅིག་འཛོམས་པ།།
དོན་ཟབ་དབུ་མའི་བགྲོ་བ་ཡིས།།
མཁའ་ཡི་ཉི་ཟླའི་འཆར་ནུབ་འགོག།
 
དུས་རླུང་འཚུབ་མའི་ས་རྡུལ་གྱིས།།
གངས་ཅན་ཆོས་རིག་སྒྲིབ་པ་ཡི།།
ལོ་བཅུའི་འཇིགས་པའི་གོད་ཆག་ཁྲོད།།
བསླབ་གསུམ་མིག་གི་འབྲས་ལྟར་བསྲུངས།།
 
སྐབས་རེར་བྱ་བཏང་བྲག་ལ་འཁོར།།
ལན་རེར་སྐུ་ལུས་སྡུག་ལ་སྦྱར།།
སྐབས་རེར་ལྷ་རྗེས་འགྲོ་དོན་མཛད།།
ཉམ་ཐག་ནད་པ་སྡུག་ལས་བསྐྱབས།།
 
མཁས་དབང་གསེར་རིའི་ལྷུན་པོ་ལས།།
རྗེ་བཙུན་འཇིགས་མེད་འཕྲིན་རྒྱམ་གཙོས།།
ཡོངས་འཛིན་བསང་ཁོག་འཇིགས་མེད་སོགས།།
ཞབས་པད་ཡུན་རིང་བསྟེན་བྱས་ཏེ།།
 
ཀུན་མཁྱེན་ཡབ་སྲས་གསུང་གི་ནོར།།
ཁྲིད་བཤད་མན་ངག་བཀླགས་ལུང་རྒྱུན།།
ཆེད་དུ་ཐུགས་གཉེར་དཔྱིས་ཕྱིན་གྱིས།།
མཛད་རྣམ་ལྷུན་པོའི་དཔངས་ལས་མཐོ།།
 
དུས་ངན་མུན་པའི་བར་གསེང་ནས།།
ཐོས་བསམ་དཔེ་ཀློག་ཉམས་ལེན་གྱི།།
བགྱི་བ་ལྷུར་ལེན་བསགས་སྦྱངས་སོགས།།
བསྟན་ལ་སྨན་པའི་མཛད་པ་མང་།།
 
སྨྲ་བའི་ཉི་མའི་བཀའ་ལུང་གིས།།
གསོ་རིག་གཞན་ཕན་རྒྱུད་སྨད་ཁྲིར།།
བཞེངས་ཏེ་རྒྱུད་བཞིའི་མན་ངག་དང་།།
ལམ་རིམ་བློ་སྦྱོང་བཤད་ཁྲིད་བགྱིས།།
 
དྲི་ལྡན་མེ་ཏོག་རྒྱང་རིང་དཔེའི།།
ཕྱོགས་ཀྱི་བུང་བ་མ་བསྡུས་འདུས།།
སྐོམ་པ་བདུད་རྩིས་སེལ་བ་ལྟའི།།
ཆོས་སྦྱིན་ཆོས་ཆར་འདོད་དགུར་སྩལ།།
 
བློ་གསལ་བྱེ་བའི་དགའ་སྟོན་དུ།།
ཉིན་མཚན་ཆོས་འཆད་དུས་འདའ་བའི།།
འཁོར་ལོ་གསུམ་གྱི་མཛད་བཟང་གིས།།
རིག་པའི་གྲོང་ཁྱེར་འོད་ཀྱིས་གསལ།།
 
འཆད་ཉན་ལུང་རིགས་ལྡིར་བའི་ཞིང་།།
རྩོད་ངག་མཁས་གྲུབ་སྨྲ་དབང་ཚོགས།།
སྟོན་པའི་དམ་ཆོས་རྣམ་གཉིས་ཀྱིས།།
གྲོགས་སུ་འགུག་པ་ཁྱོད་མིན་སུ།།
 
འཇམ་མགོན་བླ་མའི་ལུགས་བཟང་གི།།
དབྱངས་ཅན་ཞལ་གྱི་ཉི་མ་འབུམ།།
འཕྲིན་ལས་རྒྱ་མཚོ་མཁར་འདེགས་པའི།།
ཐུབ་པའི་བསྟན་ལ་ཀ་ཆེན་བཞིན།།
 
ཟབ་ཁྲིད་བཤད་ལུང་མན་ངག་གཏེར།།
མ་དྲོས་ཆུ་ཀླུང་འཕྱོ་བའི་རླབས།།
ཕུན་ཚོགས་སྡེ་བཞིའི་མཚར་སྡུག་གིས།།
བཤེས་གཉེན་དུལ་བའི་མཚན་བརྒྱ་འབར།།
 
གཞུང་ལུགས་འབུམ་ཕྲག་བརྡལ་བའི་ཀློང་།།
མཁྱེན་རབ་གོམ་སྟབས་གཅིག་གིས་བགྲོད།།
ཟབ་རྒྱས་གདམས་པའི་བང་མཛོད་ཀྱི།།
བདག་པོ་ཆེན་པོའི་སྐུ་རུ་བཞེངས།།
 
ལེགས་བྱས་འོད་བརྒྱའི་ཟེར་མ་ཡིས།།
ཆོས་སྲིད་ཟུང་གི་བསྟན་འགྲོའི་དོན།།
ཐུགས་འགན་ཁུར་ཅིང་དོ་དམ་ཁང་།།
སོགས་ནས་གྲྭ་ཚང་སྐུ་ཞབས་བསྒྲུབས།།
 
ཕྱོགས་འདུས་རིགས་སྨྲ་ངང་བའི་ཚོགས།།
ལྔ་ཟུང་པད་མཚོར་རྩེན་པ་ཡི།།
ནང་བསྟན་ཆོས་རིག་སློབ་པའི་གྲྭའི།།
སློབ་དཔོན་ཆེན་པོའི་བསླབ་གནས་བཞེས།།
 
བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆེའི།།
འདུས་སྡེ་རྒྱ་མཚོའི་གཙུག་གིས་མཆོད།།
བླ་རབས་མཁན་སྤྲུལ་དུ་མ་ཡིས།།
རིགས་ཀྱི་ཅོད་པན་རྒྱན་དུ་བཞེས།།
 
རྒྱལ་མཆོག་དགེ་འདུན་གྲུབ་པ་ཡི།།
གདན་ས་གཞིས་རྩེ་བཀྲས་ལྷུན་དུ།།
སྟ་གོན་བཤད་པ་སྔོན་སོང་གི།།
དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ།།
 
དབུས་གཙང་ལྷ་ཡི་དགའ་ཚལ་ནས།།
ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས།།
དད་ལྡན་སྐྱ་སེར་ཁྲི་མ་འབུམ།།
རིགས་ལྡན་འཁོར་ལོའི་ཞིང་དུ་བཀོད།།
 
བསྒྲུབ་བྱ་སྟོང་ཕྲག་བརྒལ་བ་ལ།།
དགེ་ཚུལ་སློང་གི་བསླབ་པར་བཀོད།།
ཕྲ་ཞིབ་འདུལ་བ་གླེང་གཞིའི་སྡེའི།།
ཇི་བཞིན་དགོངས་པའི་དོན་ལ་གནས།།
 
ལེགས་ཚོགས་འབུམ་སྡེའི་ཞིང་ས་རུ།།
བསླབ་གསུམ་ལོ་ལེགས་འབྲས་བུའི་ཁུར།།
དུད་ཅིང་ལྕི་བའི་ཡོན་ཏན་གྱིས།།
བློ་གྲོས་སྦྲུམ་ཞིང་དཔལ་སྟེར་བ།།
 
མཆོག་ཐུན་དངོས་གྲུབ་རིན་ཆེན་ནོར།།
སྦྱིན་ལ་མི་ཕམ་མགོན་པོའི་ཟླ།།
ཐུབ་པའི་དགོངས་འགྲེལ་དམ་ཆོས་དཀར།།
ཡང་དག་ལེགས་པའི་རྒྱན་དུ་བཅིངས།།
 
བཀའ་པོད་རྣམ་ལྔའི་ལྗགས་ཁྲིད་ཀྱིས།།
མཁས་ལ་རྫུ་བའི་མཁས་མིན་གྱི།།
མིད་དང་ལྕེ་ལ་མདུད་པ་བཏབ།།
ལུང་རིགས་མཚོན་རྣོན་སྙིང་ལ་སྣུན།།
 
ལེགས་བཤད་འོ་སྤྲིའི་ཞིམ་མངར་ཅན།།
བློ་གསལ་ཤེས་འདོད་རོ་ལ་ཆགས།།
གཞུང་ལུགས་འབུམ་ཕྲག་བསྲུབས་པའི་གཏེར།།
ཀུན་མཁྱེན་རྒྱལ་བའི་མདུན་སར་མཛེས།།
 
བཀྲ་ཤིས་སྒོ་མང་གཡས་འཁྱིལ་དུང་།།
བཀྲ་ཤིས་དབྱངས་སྙན་ཆོས་ཀྱི་སྒྲ།།
བཀྲ་ཤིས་དགེ་མཚན་སྟོང་གི་མཛོད།།
བཀྲ་ཤིས་འཁྱིལ་ཞེས་དབྱར་རྔའི་སྐད།།
 
རྗེ་ཡི་ལྟ་བའི་ལེགས་བཤད་ལས།།
དབུ་དགོངས་དྲང་ངེས་དཀའ་བའི་གནད།།
དགོངས་མཐིལ་བཀྲལ་བའི་པུསྟི་ཀས།།
མཆོག་མཛད་གསུང་གི་དོ་ཤལ་བཀོད།།
 
འཇམ་དབྱངས་གཞོན་ནུའི་མཁྱེན་རབ་འབར།།
རྣམ་དཔྱོད་ལྟ་བའི་དཔྱད་རྫོགས་ཤིང་།།
ལུང་རིགས་འདབ་བརྒྱ་ལྷུག་ལྷུག་གིས།།
བཞད་པའི་འཛུམ་ལ་དྷཱིཿ་སྐད་ཅན།།
 
མཁས་དགུའི་དབུས་སུ་སེངྒེའི་བུ།།
སྟོང་ཉིད་ང་རོའི་སྡེར་ཁྱིམ་བགྲད།།
ལོག་སྨྲའི་རྒོལ་ངན་ཝ་སྐྱེས་དཔུང་།།
རྡོ་རྗེའི་གསུང་གིས་སྙིང་བོ་བཅིལ།།
 
ཐབས་ཤེས་ཀྱོ་བ་རྣོན་པོའི་འཕྲུལ།།
རྟེན་འབྱུང་རིག་པ་རྒྱལ་མོའི་གར།།
འབེལ་བའི་ངག་གི་རྩེད་དགའ་ཡིས།།
སྨྲ་བའི་འབབ་སྟེགས་འོད་ཀྱིས་དཀྲུགས།།
 
སྐྱེ་དགུའི་བསོད་ནམས་ཆུ་གཏེར་ཆེ།།
ཐུབ་བསྟན་གངྒཱའི་རླབས་ཕྲེང་ངོགས།།
རབ་བྱེད་གསེར་གྱི་འཁོར་ལོའི་ཁྱོན།།
སྲིད་ཞིའི་ཁམས་སུ་རྟག་པར་བཀྲ།།
 
འཆད་པ་སྒྲ་བརྒྱ་དགོད་པའི་ཟིལ།།
མུ་སྟེགས་སྙིང་ལ་འཇིགས་སྟེར་བའི།།
གློག་གི་རླབས་ཕྲེང་དམར་པོའི་ལྗགས།།
སྟོང་གསུམ་འཇིག་རྟེན་གཡོ་བར་བྱེད།།
 
རྩོད་ངག་རིག་པའི་གནམ་ལྕགས་ཀྱིས།།
རྒོལ་བའི་ངག་སྒོར་རྒྱ་སྟེར་བའི།།
རྒྱབ་བསྟེན་ལུང་རིགས་བྲག་གི་རི།།
གཡོ་མེད་བསྟན་པའི་ལ་རྒྱར་བཞེངས།།
 
རྩོམ་པས་མཁས་དགུའི་སྙན་གྱི་དབང་།།
ཅིག་ཅར་འཕྲོག་པའི་གྲགས་སྙན་གྱིས།།
བ་དན་འཇམ་མགོན་བསྟན་པའི་རྒྱན།།
དུས་མཐར་སྒྲེང་མཁན་ཁྱོད་ལས་སུ།།
 
མཁས་མང་ཆོས་ཀུན་རབ་མྱོས་གྲོང་།།
དབུ་ཚད་མཇིང་བསྣོལ་འགྱིང་སྟབས་ཀྱིས།།
རྨད་བྱུང་སེང་ཆེན་འཕྱོ་བའི་ཁྲིར།།
བསོད་ནམས་རྒྱ་མཚོས་འདེགས་ལ་སྤྲོ།།
 
བཙུན་པའི་བསླབ་གསུམ་འོད་དཀར་གྱིས།།
བཤད་སྒྲུབ་བསྟན་པའི་པད་ཚལ་འབུམ།།
སྐྱོང་བྱེད་ག་བུར་དྲི་ཡི་སྨན།།
འགྱེད་ལ་དཔའ་བའི་བཤེས་གཉེན་གང་།།
 
བཟང་བོའི་རིན་ཆེན་ལྗོན་པའི་དབང་།།
ལྷོ་རླུང་དགེ་བས་སྐུལ་བྱེད་ན།།
མ་ལ་ཡ་ཡི་དྲི་ངད་ཀྱིས།།
ངང་བའི་ཁྱུ་ཚོགས་རྒྱང་ནས་བཀུག།
 
ལྟ་བ་རྟེན་འབྱུང་ཟབ་ལམ་གྱི།།
ཉམས་རྟོགས་ཡོན་ཏན་ནོར་བུའི་མཛོད།།
ལུགས་གཉིས་ཕུན་ཚོགས་ཕན་བདེའི་གཞིར།།
ལེགས་སྦྱིན་སྤོབས་པས་སྒོ་བརྒྱ་འབྱེད།།
 
སྒོམ་གཉིས་ཐབས་ཤེས་ཡ་མ་བྲལ།།
དཔྱད་གསུམ་ཚད་མའི་ཚངས་ཆེན་རིས།།
བརྟག་པས་དོན་ལ་སྒྲོ་འདོགས་བཅད།།
མཁས་པའི་རྒྱལ་ཐབས་གདེངས་ཐོབ་པ།།
 
སྤྱོད་པ་ཞི་དུལ་ཉམས་ལེན་གྱིས།།
བཀའ་གདམས་ཇོ་འབྲོམ་རྣམ་ཐར་བསྐྲུན།།
བརྟན་མཁས་ལྔ་ཕྲུགས་བསླབ་པའི་གཞི།།
མིག་འབྲས་ལྟ་བུར་གཅེས་སུ་འཛིན།།
 
ཉན་པོ་སྣོད་ཀྱི་རྒྱ་མཚོའི་རྡུལ།།
ཡངས་པའི་མཁའ་རུ་ཆེར་འཁྲིགས་ཏེ།།
མདོ་སྔགས་འོ་མའི་ཡོན་ཆབ་འབུམ།།
འཐུང་ལ་གུས་ཞུམ་དོན་གྱིས་བཟི།།
 
བློ་གྲོས་མཁའ་གླང་དར་མའི་སྟོབས།།
དུས་ཀྱི་མཁའ་རུ་འགྱིང་ལྡན་འགྲོས།།
གཞུང་དོན་གཉིས་འཐུང་ཞགས་པའི་ཁུགས།།
ངོམས་མེད་རྟག་ཏུ་རོལ་པར་དགྱེས།།
 
དཔེ་སྤུངས་རིག་མཛོད་རྒྱན་གྱི་མཆོག།
མུན་སེལ་སྒྲོན་མེའི་འོད་ལ་ཆགས།།
ཐུགས་རྒྱུད་བསླབ་གསུམ་གྱིས་དུལ་བས།།
ཉོན་མོངས་ཚ་གདུང་རང་སར་བཅིལ།།
 
སྐུ་ལ་དུ་ཀཱུ་ལ་ཡི་གོས།།
ལེགས་གསོལ་ངུར་སྨྲིག་ཚངས་པར་སྤྱོད།།
མཐོང་ན་དད་གུས་མགོ་བོ་ཡི།།
སྙེ་མའི་ཕོན་པོ་རང་སར་དུད།།
 
གསུང་ལ་བདེན་བཞི་ཆོས་ཀྱི་གཏམ།།
ལེགས་འཁྱིལ་བཀའ་ཡི་འཁོར་ལོའི་འགྲེལ།།
ཉན་ན་དཔྱོད་ལྡན་མོས་གུས་ཀྱི།།
སྙིམ་པའི་པདྨོ་རང་སར་ཟུམ།།
 
ཐུགས་ལ་ཉམས་རྟོགས་སྟོང་ཉིད་ལྟ།།
ལེགས་འཁྲུངས་བྱང་ཆུབ་སྤྱད་པ་སྤྱོད།།
བསམ་ན་ཀུན་གྱིས་ཡི་རང་གི།།
ལྷ་ཡི་ཕྱག་རིང་སྔུན་སར་བསྲིངས།།
 
གསུང་རྩོམ་ཐོར་བུ་མང་དུ་བདོག།
ནང་སྒོས་གླེགས་བམ་རྩེ་མོའི་གྲངས།།
ཕར་ཕྱིན་དོགས་སློང་བདུད་རྩིའི་ཐིགས།།
དབུ་མའི་ལེགས་བཤད་ཀུན་ལས་བཏུས།།
 
རྒྱལ་སྲས་ཆེན་པོ་ཞི་བ་ལྷའི།།
བྱང་ཆུབ་སྤྱོད་པར་འཇུག་པ་ཡི།།
རྣམ་བཤད་སྐལ་བཟང་ལེགས་བགྲོད་ཅེས།།
དགེ་ལྡན་བསྟན་པའི་རྒྱན་དུ་བལྟམས།།
 
འགྲོ་བའི་བདེ་སྐྱིད་གཞི་མ་ལ།།
བསྟན་པའི་རྩ་བ་དགེ་འདུན་སྡེའི།།
ཆོས་སྤྱོད་བཅུ་ཡི་འཆད་ཉན་གྱི།།
བགྱི་བ་ལྷུར་ལེན་མཛད་པའི་དར།།
 
དུས་ཀྱི་མཁའ་རུ་ཕྱར་བ་ཡིས།།
མདོ་སྔགས་ལམ་གྱི་སྙིང་བོའི་གནད།།
གཅིག་ཏུ་དྲིལ་མཛད་སྡེ་སྣོད་འཛིན།།
མང་ཐོས་ཀུན་གྱིས་གཙུག་གིས་མཆོད།།
 
ཀུན་གཟིགས་ཐུགས་རྗེ་ཉི་འོད་ཀྱིས།།
བསྐྱངས་པའི་མཐོ་རིམ་ནང་བསྟན་གྱི།།
སློབ་གླིང་རིག་པའི་པད་ཚལ་དུ།།
ཆེད་ཞུས་རིགས་སྨྲའི་མགོན་དུ་བཞེངས།།
 
བློ་སྦྱོང་མན་ངག་ནོར་བུའི་ཕྲེང་།།
གདུལ་བྱ་རྡུལ་གྱི་གྲངས་མཉམ་ལ།།
བློ་རུ་བུམ་པ་གང་བྱོ་ཡི།།
ཆོས་ཀྱི་བདུད་རྩིས་བྲུག་པར་བྱེད།།
 
སྐུ་ཡི་མཚན་དཔེ་བཞད་པའི་སར།།
ཁོ་ཚེ་བཀྲ་ཤིས་ཐང་གི་གཞིར།།
ཕྱོགས་འདུས་སེར་སྐྱ་འབུམ་ཕྲག་འགར།།
དུས་ཀྱི་འཁོར་ལོའི་དབང་ཆེན་གནང་།།
 
སྣོད་ལྡན་ཁྲིམས་གཙང་དམ་ཚིག་ཅན།།
སྨིན་གྲོལ་ཆུ་བོ་རྒྱུན་བཞིའི་རླབས།།
རྗེས་འཛིན་མན་ངག་གསུང་གི་མཆིད།།
ལེགས་པར་སྩལ་ཏེ་དཀྱིལ་འཁོར་བཙུད།།
 
དམར་སེར་བློ་གསལ་ངང་བའི་ཕྲེང་།།
སྡོམ་གསུམ་བསླབ་པའི་རྒྱ་མཚོར་བཅུག།
འདུལ་བསྟན་གསེར་གྱི་ལྗོན་པའི་བསིལ།།
ལེགས་བསྟེན་འཕགས་ཚོགས་འདུས་སྡེ་དར།།
 
ཐུགས་མཐུན་མཐུན་པའི་ཆོས་རིག་བགྲོའི།།
རྣམ་མང་མང་ཐོས་ཚུལ་ལྡན་བགྱིད།།
ཁྲིམས་གཙང་གཙང་སྤྱོད་ཞི་བར་གནས།།
གུས་མཆོད་མཆོད་པའི་ཡུལ་འདི་རྨད།།
 
ཁྱོད་ཞབས་པདྨོས་རེག་པའི་སར།།
བཀྲ་ཤིས་རྫོགས་ལྡན་དུས་སྟོན་སྨིན།།
གསུང་དབྱངས་ཚངས་ཆེན་མགྲིན་པ་ལས།།
སྙན་པ་ཆོས་ཀྱི་གླུ་དབྱངས་སྒྲོག།
 
སྟོན་མཚན་དྭངས་པའི་ཡར་ཟླའི་དཔལ།།
ལྷག་བསམ་དཀྱིལ་འཁོར་རབ་རྒྱས་དབུས།།
གཞན་ཕན་ག་བུར་འཕྲོས་པའི་གཟིས།།
ཁྲིམས་ལྡན་དགེ་བའི་འབབ་སྟེགས་ཅན།།
 
སྐལ་བཟང་དཔྱིད་ཀྱི་རྒྱལ་མོ་ཡིས།།
ལེགས་བསུས་རྒན་གྱའི་གསེར་ཆེན་ཐང་།།
དཔལ་ལྡན་དང་བོའི་རིང་ལུགས་ཀྱི།།
གྲངས་མེད་གདུལ་བྱར་ཆོས་འཁོར་བསྐོར།།
 
ལེགས་མཛད་སྟོན་པས་འཁོར་བསྒྱུར་གྱི།།
རྣམ་པར་ཐར་བའི་བཀའ་དྲིན་ལྕི།།
མཐའ་ཡས་དད་ལྡན་འབུམ་ཕྲག་ལ།།
ཆོས་ཀྱི་དགའ་སྟོན་དུ་མར་འགྱེད།།
 
མི་འཁྲུགས་རྣམ་པར་རྒྱལ་བའི་ཞིང་།།
དཔལ་ལྡན་བཀྲ་ཤིས་འཁྱིལ་བའི་གླིང་།།
འགྲོ་ཀུན་བསོད་ནམས་ཞིང་གི་རྟེན།།
ཆོས་ཀྱི་གཙུག་ལག་གནྡྷོ་ལ།།
 
གཟིགས་པ་ལྔ་ལྡན་རྗེའི་ལྷ་ཁང་།།
རྟེན་དང་བརྟེན་པའི་གཞལ་ཡས་ཁང་།།
ལེགས་ཚོགས་ཀུན་གྱི་ཞིང་ས་རུ།།
བཞེངས་པས་སྲིད་ཞིའི་རྒྱན་དུ་བཀྲ།།
 
འཇམ་དཔལ་དབྱངས་དངོས་བཞད་པའི་རྗེའི།།
ལེགས་གསུང་བཀའ་ཡི་ལུང་བསྟན་དང་།།
རྨད་བྱུང་མཛད་འཕྲིན་རྟ་བདུན་དབང་།།
དགུང་དུ་འདེགས་པའི་སྙིང་སྟོབས་ཆེ།།
 
དབུ་ལོ་དུང་གི་ཁ་དོག་གིས།།
འགྲོ་བའི་མིག་ལ་དོགས་པ་སྟེར།།
གསུང་དབྱངས་ཆོས་ཀྱི་རོལ་མོ་ཡིས།།
མཁས་པའི་སྙན་ལ་ངལ་གསོ་སྦྱིན།།
 
ཁྱོད་ཀྱི་སྐུ་དང་གསུང་གི་ཡོན།།
དུས་སྟེགས་འདི་རུ་ཟླ་བའི་དཔལ།།
རེ་ལྟོས་རྒྱུ་སྐར་མགོན་པོ་རུ།།
རྟག་ཏུ་མི་ནུབ་འཆར་བར་མཛོད།།
 
སྐུ་ཡི་དགུང་ན་དགུ་བཅུའི་གྲངས།།
མཐོང་བའི་མོད་ལ་དད་གུས་ཀྱིས།།
རྟེན་འབྲེལ་ཤིས་པའི་ཚིག་གི་ཕྲེང་།།
ཕུལ་འདོད་ཡིད་ཀྱི་ལྗོན་པ་གཡོ།།
 
ལེགས་གསུང་བདུད་རྩིའི་རོ་མངར་ལ།།
རོལ་པའི་སྐལ་བ་མ་ཐོབ་ཀྱང་།།
འདུན་པ་དྭངས་ཤིང་རྙོག་མེད་ཆུ།།
ཡིད་ཀྱི་གསེང་ན་ལྷོག་ལྷོག་གདུ།།
 
རང་སར་ཚིག་གིས་གཅམ་བསྟོད་དོར།།
གཞན་སར་རིས་བཅད་སྡང་ཚིག་སྤངས།།
ཕྱོགས་ལྷུང་འདམ་གྱིས་མ་སྦགས་པའི།།
དྲི་མེད་ལྷ་ཡི་དར་དཀར་འདི།།
 
ལྷག་བསམ་གངས་རིའི་ཁོངས་གསེང་ནས།།
ངག་རིག་གདོང་ལྔ་དགོད་པའི་དབྱངས།།
རབ་བྱེད་སྙན་ངག་དྲི་ཟའི་གླུ།།
ལེན་པར་གོམས་ལ་སྤྲོ་དགས་ཕུལ།།
 
དགུ་བཅུའི་དྲང་སྲོང་ཆེན་པོ་ཡི།།
མཛད་རྣམ་གང་ཐོས་ཚིག་གི་སྒྲ།།
ལེགས་བརྗོད་གཏམ་དུ་བྱས་པ་ན།།
གང་ལའང་ཚེ་ཡི་རྟེན་འབྲེལ་ཡོད།།
 
གང་གི་སྐུ་ཡོན་མཛད་པའི་ཕྲེང་།།
གུས་ཆུང་བླུན་པོས་བགྲང་མིན་ཀྱང་།།
འོན་ཏང་དམ་པས་རྗེས་འཛིན་ཕྱིར།།
སྨོན་པའི་ཀློང་ནས་ཐོལ་གྱིས་ཤོར།།
 
དེ་ལྟར་སྙམ་མོ་བཀྲ་ཤིས་སྐྱེས།།
དབྱངས་གསལ་ཕྲེང་བའི་སྡེབ་ལ་བསྐྱོན།།
ཚིག་གིས་སྤྲོས་པ་ཉུང་བསྡུས་ཏེ།།
ཡབ་འདབ་ལོ་མས་མ་བསྒྲིབས་པ།།
 
སྔོན་བྱོན་དམ་པའི་ཞབས་ཟུང་གི།།
འཁོར་ལོས་བསྒྱུར་བའི་ཁ་དོག་ཅན།།
སྟོད་སྨད་དགེ་ལྡན་ལུགས་བཟང་གི།།
བསྟན་པ་འཕེལ་ཞིང་རྒྱས་པའི་གླིང་།།
 
རབ་མཐོ་སྲིད་པའི་ཟོ་དོར་ཆེ།།
གཉན་ཆེན་སྔོ་ལྷ་གཡུ་རྩེའི་འདབས།།
ལུང་རིགས་སྒྲ་དབྱངས་སྒྲོག་པའི་ཞིང་།།
ལྔ་རིག་པདྨའི་དགའ་ཚལ་དུ།།
 
སྐྱེས་སྦྱངས་དབུལ་ཡང་འབྲིར་དགའ་བ།།
བླུན་པོ་དཀོར་ལ་འབགས་ཤེས་པའི།།
ཚིག་གི་བླ་དྭགས་ཁྱུང་སྔོན་ཞེས།།
མིང་དུ་གདགས་པ་གང་དེས་ཕུལ།།
 
    ཅེས་ངེས་དོན་སྨྲ་བའི་དབང་ཕྱུག་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པའི་ཡང་རྩེར་སོན་པ། མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧ རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་བསྟན་པ་དང་འགྲོ་བའི་བསོད་ནམས་ཀྱི་ཞིང་སར་དགུང་གྲངས་དགུ་བཅུ་བདེ་བཞེས་ཀྱི་གོ་སྟོན་བསུ་བའི་རྟེན་འབྲེལ་དུ་དམ་པ་ཁོང་གི་དགུང་གྲངས་དང་མཉམ་པའི་རབ་བྱེད་ངག་གི་དབྱངས་ལ་དྲངས་པའི་ཤིས་པ་བརྗོད་པའི་ཚིག་ཕྲེང་ལེགས་ཚོགས་སྟོང་གི་ལྷ་དར་བསིལ་སྦྱིན་ཟླ་བའི་འོད་སྣང་ཞེས་བྱ་བ་འདི་ནི། གངས་ཅན་བོད་ཀྱི་རིག་པའི་གནས་ལ་འཇུག་པར་སྤྲོ་བའི་ངག་རིགས་སྨྲ་བ་ཁ་གྱའི་ཁྱུང་སྔོན་དུ་འབོད་པས་ཡུལ་མདོ་སྨད་ཀྱི་ཤར་ཕྱོགས་སྲིད་པའི་ཟོ་དོར་ཆེན་པོ་གཉན་ཆེན་སྔོ་ལྷ་གཡུ་རྩེའི་རྫ་ཞོལ་ནེའུ་གསིང་གཡུ་ཡི་མེ་ལོང་ལྟར་བཀྲ་བའི་ཁ་གྱའི་གནས་ཁང་ཐང་། སྔོན་བྱོན་སྐྱེས་ཆེན་མང་བོས་བྱིན་གྱིས་བརླབས་པའི་ཞིང་མཆོག ། ཁ་སྟོད་དགེ་ལྡན་ལྡན་བསྟན་འཕེལ་གླིང་གི་རང་ཤག་ཆོས་རིག་དཔེ་མང་སྤུངས་པའི་དགའ་ཚལ་ནས་བོད་རབ་བྱུང་བཅུ་བདུན་པའི་རབ་གནས་ཆུ་སྟག་ལོའི་ཁྲུམས་སྟོད་ཟླ་བའི་དམར་ཕྱོགས་ཀྱི་སྟོང་བ་གསུམ་པའི་ཉིན་མཇུག་གྲུབ་པར་སྦྱར་ཏེ་སྤེལ་བ་དགེའོ།། །། སརྦ་མངྒ་ལཾ། ༢༠༢༢  ༨  ༢༩
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

༄༅།།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་བསྟན་འགྲོའི་དོན་དུ་དགུང་གྲངས་དགུ་བཅུ་བདེ་བཞེས་ཀྱི་གོ་སྟོན་ལ་ཕུལ་བའི་རྟེན་འབྲེལ་ཤིས་ཚིག་རིང་མོ་ལེགས་ཚོགས་སྟོང་གི་ལྷ་དར་བསིལ་སྦྱིན་ཟླ་བའི་འོད་སྣང་ཞེས་བྱ་བ།

2022-09-25 ཁ་གྱའི་ཁྱུང་སྔོན།(གཙོས) ཀློག་གྲངས། མཆན ཡོད།


ཚོགས་གཉིས་ཆུ་གཏེར་རྒྱ་མཚོའི་ཀླུང་།།
སྐུ་གསུམ་ཡེ་ཤེས་འོད་གསལ་དབྱིངས།།
བདུད་བཞིའི་དགྲ་ལས་རྒྱལ་བ་ཡི།།
བཅོམ་ལྡན་ཐུབ་པའི་དབང་བོ་རྒྱལ།།
 
རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེ།།
ཐུབ་བསྟན་མུ་ཁྱུད་ལྷུན་པོའི་སྤོར།།
མཁྱེན་ཀློང་རལ་བའི་ཟུར་ཕུད་ཀྱིས།།
རབ་དཀྲིས་ཤེས་རབ་ལྷ་ཡིས་སྐྱོངས།།
 
རབ་བྱེད་ཚིག་ཕྲེང་འདི་བསྟར་ལ།།
སྨྲ་བར་དབང་འབྱོར་དབྱངས་ཅན་ལྷས།།
སྨིན་བྱེད་བྱིན་རླབས་དབྱིག་གི་ཆར།།
འབེབ་ལ་དངོས་གྲུབ་གནང་བ་སྩོལ།།
 
ཀུན་བཟང་ཞིང་གི་ཉི་ཟླའི་འོད།།
མཁྱེན་རྟོགས་ཀློང་བརྡོལ་འཇམ་དབྱངས་དངོས།།
ཐུགས་བསྐྱེད་མཁའ་ལྟར་རབ་ཡངས་པའི།།
བཞད་པའི་རྡོ་རྗེའི་ཕྲེང་རབས་བརྗིད།།
 
འཇམ་མགོན་ལུགས་བཟང་ཁ་འབབ་བཞིའི།།
དབྱངས་ལྡན་འཕྲིན་ལས་གྱ་གྱའི་འགྲོས།།
རྒྱ་བོད་གཞུང་བརྒྱའི་ལྟོ་བ་རུ།།
མཚོ་མོའི་རླབས་བཞིན་མཁའ་རུ་འཕྱོ།།
 
ས་ཡི་དགེ་བཅུ་ཚང་བའི་ཡུལ།།
བཀྲ་ཤིས་མཚན་མས་རབ་བརྟས་པའི།།
ཁོ་ཚེ་ལྷ་སྡེ་ཕྱུག་མོ་ཡི།།
ཁུ་འདུས་གསེར་གཞོང་གྲགས་པ་དེར།།
 
རབ་བྱུང་བཅུ་དྲུག་ཆུ་བྱ་ལོའི།།
ཟླ་བརྒྱད་ཚེས་བརྒྱད་དུས་བཟང་ལ།།
སྐུ་མཆོག་མཚན་དཔེ་པདྨོའི་འདབ།།
ལྷ་ཡི་སྲས་པོ་བལྟམས་འདྲའི་བཞད།།
 
བལྟས་བཟང་ངོ་མཚར་རྟགས་ཀྱི་གཟི།།
ཕྱོགས་བཅུ་ནམ་མཁའི་མཐའ་རུ་འཕྲོས།།
བཀྲ་ཤིས་ཆོས་དུང་སྙན་པའི་བརྡས།།
དམ་པའི་ཆོས་ཀྱི་སྒོ་གླེགས་ཕྱེས།།
 
ལྕགས་འབྲུག་གྲགས་པའི་ངར་སྐད་དང་།།
བསྡོངས་ཏེ་འཇིགས་མེད་རྒྱ་མཚོའི་དྲུང་།།
རབ་བྱུང་ངུར་སྨྲིག་གོས་བཟང་བགོས།།
འཇམ་དབྱངས་མཚན་གྱི་ཅོད་པན་གསོལ།།
 
བཅོས་མིན་ངེས་འབྱུང་བློ་ཡི་ཞིང་།།
བསླབ་གསུམ་དཔག་བསམ་ལྗོན་བཟང་རྒྱས།།
ངུར་སྨྲིག་རྒྱལ་མཚན་འཛིན་པ་ལ།།
སྐུ་ཡོན་དབྱར་གྱི་དཔལ་མོར་འགྲན།།
 
སྔོན་གོམས་བག་ཆགས་མཐུ་བརྟས་པའི།།
གཞུང་ལུགས་རྒྱ་མཚོར་རིག་པའི་གྲུ།།
བཏང་བའི་ཤེས་རིག་ནོར་བུའི་ནོམ།།
ཐབས་ཤེས་ལེགས་པའི་བློ་ལ་བསྐྱིལ།།
 
མཁས་མང་ཚོགས་དབུས་ལུང་རིགས་གཏམ།།
བགྲོ་བ་ལྷུར་ལེན་རྨད་དུ་བྱུང་།།
ཐོས་བསམ་བློ་གྲོས་གོ་མཚོན་གྱིས།།
རྒྱ་བོད་གཞུང་ལུགས་ཐང་མར་བརྡལ།།
 
མདོ་ཕྱོགས་བཀའ་ཡི་པོད་ཆེན་གཞུང་།།
གསང་སྔགས་རྒྱུད་བཞིའི་སྤྱི་ཡི་དོན།།
ཐུན་མོང་སྒྲ་རྩིས་སྙན་ངག་མངོན།།
ཐུགས་གཉེར་མཛད་དེ་མཁས་སྙན་འབར།།
 
བློ་རྟགས་བསྡུས་གྲྭ་གྲུབ་མཐའ་རྩ།།
གྲུབ་དོན་ས་གསུམ་ཕར་ཕྱིན་གཞུང་།།
རྒྱན་འཇུག་སྤྱོད་འཇུག་རྣམ་འགྲེལ་རྩ།།
ཐུགས་འཛིན་སྐྱོར་ཀློག་ཁྲི་སྟོང་མཛད།།
 
ཤིང་ལུག་བཀྲ་ཤིས་སྒོ་མང་གི།།
མཁས་གྲུབ་སྟག་སེང་འཐབ་པའི་དབུས།།
བསྟན་པའི་ལྕགས་རི་ཕར་ཕྱིན་གྱི།།
སྟོན་མོའི་དམ་བཅས་གྲགས་པ་འབར།།
 
ཆུ་ཡོས་དཔལ་ལྡན་བཀྲ་ཤིས་འཁྱིལ།།
རྨད་བྱུང་ཐོས་བསམ་གླིང་གི་གྲྭར།།
སྨོན་ལམ་རབ་འབྱམས་མཚན་བཏགས་ཀྱིས།།
དོན་ལྡན་གཏམ་གྱི་རོལ་མོ་འཁྲོལ།།
 
མཁས་གྲུབ་གངས་ཀྱི་རི་དབང་རྒྱལ།།
གདན་ཐོག་སྐྱིལ་ཀྲུང་གཅིག་འཛོམས་པ།།
དོན་ཟབ་དབུ་མའི་བགྲོ་བ་ཡིས།།
མཁའ་ཡི་ཉི་ཟླའི་འཆར་ནུབ་འགོག།
 
དུས་རླུང་འཚུབ་མའི་ས་རྡུལ་གྱིས།།
གངས་ཅན་ཆོས་རིག་སྒྲིབ་པ་ཡི།།
ལོ་བཅུའི་འཇིགས་པའི་གོད་ཆག་ཁྲོད།།
བསླབ་གསུམ་མིག་གི་འབྲས་ལྟར་བསྲུངས།།
 
སྐབས་རེར་བྱ་བཏང་བྲག་ལ་འཁོར།།
ལན་རེར་སྐུ་ལུས་སྡུག་ལ་སྦྱར།།
སྐབས་རེར་ལྷ་རྗེས་འགྲོ་དོན་མཛད།།
ཉམ་ཐག་ནད་པ་སྡུག་ལས་བསྐྱབས།།
 
མཁས་དབང་གསེར་རིའི་ལྷུན་པོ་ལས།།
རྗེ་བཙུན་འཇིགས་མེད་འཕྲིན་རྒྱམ་གཙོས།།
ཡོངས་འཛིན་བསང་ཁོག་འཇིགས་མེད་སོགས།།
ཞབས་པད་ཡུན་རིང་བསྟེན་བྱས་ཏེ།།
 
ཀུན་མཁྱེན་ཡབ་སྲས་གསུང་གི་ནོར།།
ཁྲིད་བཤད་མན་ངག་བཀླགས་ལུང་རྒྱུན།།
ཆེད་དུ་ཐུགས་གཉེར་དཔྱིས་ཕྱིན་གྱིས།།
མཛད་རྣམ་ལྷུན་པོའི་དཔངས་ལས་མཐོ།།
 
དུས་ངན་མུན་པའི་བར་གསེང་ནས།།
ཐོས་བསམ་དཔེ་ཀློག་ཉམས་ལེན་གྱི།།
བགྱི་བ་ལྷུར་ལེན་བསགས་སྦྱངས་སོགས།།
བསྟན་ལ་སྨན་པའི་མཛད་པ་མང་།།
 
སྨྲ་བའི་ཉི་མའི་བཀའ་ལུང་གིས།།
གསོ་རིག་གཞན་ཕན་རྒྱུད་སྨད་ཁྲིར།།
བཞེངས་ཏེ་རྒྱུད་བཞིའི་མན་ངག་དང་།།
ལམ་རིམ་བློ་སྦྱོང་བཤད་ཁྲིད་བགྱིས།།
 
དྲི་ལྡན་མེ་ཏོག་རྒྱང་རིང་དཔེའི།།
ཕྱོགས་ཀྱི་བུང་བ་མ་བསྡུས་འདུས།།
སྐོམ་པ་བདུད་རྩིས་སེལ་བ་ལྟའི།།
ཆོས་སྦྱིན་ཆོས་ཆར་འདོད་དགུར་སྩལ།།
 
བློ་གསལ་བྱེ་བའི་དགའ་སྟོན་དུ།།
ཉིན་མཚན་ཆོས་འཆད་དུས་འདའ་བའི།།
འཁོར་ལོ་གསུམ་གྱི་མཛད་བཟང་གིས།།
རིག་པའི་གྲོང་ཁྱེར་འོད་ཀྱིས་གསལ།།
 
འཆད་ཉན་ལུང་རིགས་ལྡིར་བའི་ཞིང་།།
རྩོད་ངག་མཁས་གྲུབ་སྨྲ་དབང་ཚོགས།།
སྟོན་པའི་དམ་ཆོས་རྣམ་གཉིས་ཀྱིས།།
གྲོགས་སུ་འགུག་པ་ཁྱོད་མིན་སུ།།
 
འཇམ་མགོན་བླ་མའི་ལུགས་བཟང་གི།།
དབྱངས་ཅན་ཞལ་གྱི་ཉི་མ་འབུམ།།
འཕྲིན་ལས་རྒྱ་མཚོ་མཁར་འདེགས་པའི།།
ཐུབ་པའི་བསྟན་ལ་ཀ་ཆེན་བཞིན།།
 
ཟབ་ཁྲིད་བཤད་ལུང་མན་ངག་གཏེར།།
མ་དྲོས་ཆུ་ཀླུང་འཕྱོ་བའི་རླབས།།
ཕུན་ཚོགས་སྡེ་བཞིའི་མཚར་སྡུག་གིས།།
བཤེས་གཉེན་དུལ་བའི་མཚན་བརྒྱ་འབར།།
 
གཞུང་ལུགས་འབུམ་ཕྲག་བརྡལ་བའི་ཀློང་།།
མཁྱེན་རབ་གོམ་སྟབས་གཅིག་གིས་བགྲོད།།
ཟབ་རྒྱས་གདམས་པའི་བང་མཛོད་ཀྱི།།
བདག་པོ་ཆེན་པོའི་སྐུ་རུ་བཞེངས།།
 
ལེགས་བྱས་འོད་བརྒྱའི་ཟེར་མ་ཡིས།།
ཆོས་སྲིད་ཟུང་གི་བསྟན་འགྲོའི་དོན།།
ཐུགས་འགན་ཁུར་ཅིང་དོ་དམ་ཁང་།།
སོགས་ནས་གྲྭ་ཚང་སྐུ་ཞབས་བསྒྲུབས།།
 
ཕྱོགས་འདུས་རིགས་སྨྲ་ངང་བའི་ཚོགས།།
ལྔ་ཟུང་པད་མཚོར་རྩེན་པ་ཡི།།
ནང་བསྟན་ཆོས་རིག་སློབ་པའི་གྲྭའི།།
སློབ་དཔོན་ཆེན་པོའི་བསླབ་གནས་བཞེས།།
 
བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆེའི།།
འདུས་སྡེ་རྒྱ་མཚོའི་གཙུག་གིས་མཆོད།།
བླ་རབས་མཁན་སྤྲུལ་དུ་མ་ཡིས།།
རིགས་ཀྱི་ཅོད་པན་རྒྱན་དུ་བཞེས།།
 
རྒྱལ་མཆོག་དགེ་འདུན་གྲུབ་པ་ཡི།།
གདན་ས་གཞིས་རྩེ་བཀྲས་ལྷུན་དུ།།
སྟ་གོན་བཤད་པ་སྔོན་སོང་གི།།
དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ།།
 
དབུས་གཙང་ལྷ་ཡི་དགའ་ཚལ་ནས།།
ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས།།
དད་ལྡན་སྐྱ་སེར་ཁྲི་མ་འབུམ།།
རིགས་ལྡན་འཁོར་ལོའི་ཞིང་དུ་བཀོད།།
 
བསྒྲུབ་བྱ་སྟོང་ཕྲག་བརྒལ་བ་ལ།།
དགེ་ཚུལ་སློང་གི་བསླབ་པར་བཀོད།།
ཕྲ་ཞིབ་འདུལ་བ་གླེང་གཞིའི་སྡེའི།།
ཇི་བཞིན་དགོངས་པའི་དོན་ལ་གནས།།
 
ལེགས་ཚོགས་འབུམ་སྡེའི་ཞིང་ས་རུ།།
བསླབ་གསུམ་ལོ་ལེགས་འབྲས་བུའི་ཁུར།།
དུད་ཅིང་ལྕི་བའི་ཡོན་ཏན་གྱིས།།
བློ་གྲོས་སྦྲུམ་ཞིང་དཔལ་སྟེར་བ།།
 
མཆོག་ཐུན་དངོས་གྲུབ་རིན་ཆེན་ནོར།།
སྦྱིན་ལ་མི་ཕམ་མགོན་པོའི་ཟླ།།
ཐུབ་པའི་དགོངས་འགྲེལ་དམ་ཆོས་དཀར།།
ཡང་དག་ལེགས་པའི་རྒྱན་དུ་བཅིངས།།
 
བཀའ་པོད་རྣམ་ལྔའི་ལྗགས་ཁྲིད་ཀྱིས།།
མཁས་ལ་རྫུ་བའི་མཁས་མིན་གྱི།།
མིད་དང་ལྕེ་ལ་མདུད་པ་བཏབ།།
ལུང་རིགས་མཚོན་རྣོན་སྙིང་ལ་སྣུན།།
 
ལེགས་བཤད་འོ་སྤྲིའི་ཞིམ་མངར་ཅན།།
བློ་གསལ་ཤེས་འདོད་རོ་ལ་ཆགས།།
གཞུང་ལུགས་འབུམ་ཕྲག་བསྲུབས་པའི་གཏེར།།
ཀུན་མཁྱེན་རྒྱལ་བའི་མདུན་སར་མཛེས།།
 
བཀྲ་ཤིས་སྒོ་མང་གཡས་འཁྱིལ་དུང་།།
བཀྲ་ཤིས་དབྱངས་སྙན་ཆོས་ཀྱི་སྒྲ།།
བཀྲ་ཤིས་དགེ་མཚན་སྟོང་གི་མཛོད།།
བཀྲ་ཤིས་འཁྱིལ་ཞེས་དབྱར་རྔའི་སྐད།།
 
རྗེ་ཡི་ལྟ་བའི་ལེགས་བཤད་ལས།།
དབུ་དགོངས་དྲང་ངེས་དཀའ་བའི་གནད།།
དགོངས་མཐིལ་བཀྲལ་བའི་པུསྟི་ཀས།།
མཆོག་མཛད་གསུང་གི་དོ་ཤལ་བཀོད།།
 
འཇམ་དབྱངས་གཞོན་ནུའི་མཁྱེན་རབ་འབར།།
རྣམ་དཔྱོད་ལྟ་བའི་དཔྱད་རྫོགས་ཤིང་།།
ལུང་རིགས་འདབ་བརྒྱ་ལྷུག་ལྷུག་གིས།།
བཞད་པའི་འཛུམ་ལ་དྷཱིཿ་སྐད་ཅན།།
 
མཁས་དགུའི་དབུས་སུ་སེངྒེའི་བུ།།
སྟོང་ཉིད་ང་རོའི་སྡེར་ཁྱིམ་བགྲད།།
ལོག་སྨྲའི་རྒོལ་ངན་ཝ་སྐྱེས་དཔུང་།།
རྡོ་རྗེའི་གསུང་གིས་སྙིང་བོ་བཅིལ།།
 
ཐབས་ཤེས་ཀྱོ་བ་རྣོན་པོའི་འཕྲུལ།།
རྟེན་འབྱུང་རིག་པ་རྒྱལ་མོའི་གར།།
འབེལ་བའི་ངག་གི་རྩེད་དགའ་ཡིས།།
སྨྲ་བའི་འབབ་སྟེགས་འོད་ཀྱིས་དཀྲུགས།།
 
སྐྱེ་དགུའི་བསོད་ནམས་ཆུ་གཏེར་ཆེ།།
ཐུབ་བསྟན་གངྒཱའི་རླབས་ཕྲེང་ངོགས།།
རབ་བྱེད་གསེར་གྱི་འཁོར་ལོའི་ཁྱོན།།
སྲིད་ཞིའི་ཁམས་སུ་རྟག་པར་བཀྲ།།
 
འཆད་པ་སྒྲ་བརྒྱ་དགོད་པའི་ཟིལ།།
མུ་སྟེགས་སྙིང་ལ་འཇིགས་སྟེར་བའི།།
གློག་གི་རླབས་ཕྲེང་དམར་པོའི་ལྗགས།།
སྟོང་གསུམ་འཇིག་རྟེན་གཡོ་བར་བྱེད།།
 
རྩོད་ངག་རིག་པའི་གནམ་ལྕགས་ཀྱིས།།
རྒོལ་བའི་ངག་སྒོར་རྒྱ་སྟེར་བའི།།
རྒྱབ་བསྟེན་ལུང་རིགས་བྲག་གི་རི།།
གཡོ་མེད་བསྟན་པའི་ལ་རྒྱར་བཞེངས།།
 
རྩོམ་པས་མཁས་དགུའི་སྙན་གྱི་དབང་།།
ཅིག་ཅར་འཕྲོག་པའི་གྲགས་སྙན་གྱིས།།
བ་དན་འཇམ་མགོན་བསྟན་པའི་རྒྱན།།
དུས་མཐར་སྒྲེང་མཁན་ཁྱོད་ལས་སུ།།
 
མཁས་མང་ཆོས་ཀུན་རབ་མྱོས་གྲོང་།།
དབུ་ཚད་མཇིང་བསྣོལ་འགྱིང་སྟབས་ཀྱིས།།
རྨད་བྱུང་སེང་ཆེན་འཕྱོ་བའི་ཁྲིར།།
བསོད་ནམས་རྒྱ་མཚོས་འདེགས་ལ་སྤྲོ།།
 
བཙུན་པའི་བསླབ་གསུམ་འོད་དཀར་གྱིས།།
བཤད་སྒྲུབ་བསྟན་པའི་པད་ཚལ་འབུམ།།
སྐྱོང་བྱེད་ག་བུར་དྲི་ཡི་སྨན།།
འགྱེད་ལ་དཔའ་བའི་བཤེས་གཉེན་གང་།།
 
བཟང་བོའི་རིན་ཆེན་ལྗོན་པའི་དབང་།།
ལྷོ་རླུང་དགེ་བས་སྐུལ་བྱེད་ན།།
མ་ལ་ཡ་ཡི་དྲི་ངད་ཀྱིས།།
ངང་བའི་ཁྱུ་ཚོགས་རྒྱང་ནས་བཀུག།
 
ལྟ་བ་རྟེན་འབྱུང་ཟབ་ལམ་གྱི།།
ཉམས་རྟོགས་ཡོན་ཏན་ནོར་བུའི་མཛོད།།
ལུགས་གཉིས་ཕུན་ཚོགས་ཕན་བདེའི་གཞིར།།
ལེགས་སྦྱིན་སྤོབས་པས་སྒོ་བརྒྱ་འབྱེད།།
 
སྒོམ་གཉིས་ཐབས་ཤེས་ཡ་མ་བྲལ།།
དཔྱད་གསུམ་ཚད་མའི་ཚངས་ཆེན་རིས།།
བརྟག་པས་དོན་ལ་སྒྲོ་འདོགས་བཅད།།
མཁས་པའི་རྒྱལ་ཐབས་གདེངས་ཐོབ་པ།།
 
སྤྱོད་པ་ཞི་དུལ་ཉམས་ལེན་གྱིས།།
བཀའ་གདམས་ཇོ་འབྲོམ་རྣམ་ཐར་བསྐྲུན།།
བརྟན་མཁས་ལྔ་ཕྲུགས་བསླབ་པའི་གཞི།།
མིག་འབྲས་ལྟ་བུར་གཅེས་སུ་འཛིན།།
 
ཉན་པོ་སྣོད་ཀྱི་རྒྱ་མཚོའི་རྡུལ།།
ཡངས་པའི་མཁའ་རུ་ཆེར་འཁྲིགས་ཏེ།།
མདོ་སྔགས་འོ་མའི་ཡོན་ཆབ་འབུམ།།
འཐུང་ལ་གུས་ཞུམ་དོན་གྱིས་བཟི།།
 
བློ་གྲོས་མཁའ་གླང་དར་མའི་སྟོབས།།
དུས་ཀྱི་མཁའ་རུ་འགྱིང་ལྡན་འགྲོས།།
གཞུང་དོན་གཉིས་འཐུང་ཞགས་པའི་ཁུགས།།
ངོམས་མེད་རྟག་ཏུ་རོལ་པར་དགྱེས།།
 
དཔེ་སྤུངས་རིག་མཛོད་རྒྱན་གྱི་མཆོག།
མུན་སེལ་སྒྲོན་མེའི་འོད་ལ་ཆགས།།
ཐུགས་རྒྱུད་བསླབ་གསུམ་གྱིས་དུལ་བས།།
ཉོན་མོངས་ཚ་གདུང་རང་སར་བཅིལ།།
 
སྐུ་ལ་དུ་ཀཱུ་ལ་ཡི་གོས།།
ལེགས་གསོལ་ངུར་སྨྲིག་ཚངས་པར་སྤྱོད།།
མཐོང་ན་དད་གུས་མགོ་བོ་ཡི།།
སྙེ་མའི་ཕོན་པོ་རང་སར་དུད།།
 
གསུང་ལ་བདེན་བཞི་ཆོས་ཀྱི་གཏམ།།
ལེགས་འཁྱིལ་བཀའ་ཡི་འཁོར་ལོའི་འགྲེལ།།
ཉན་ན་དཔྱོད་ལྡན་མོས་གུས་ཀྱི།།
སྙིམ་པའི་པདྨོ་རང་སར་ཟུམ།།
 
ཐུགས་ལ་ཉམས་རྟོགས་སྟོང་ཉིད་ལྟ།།
ལེགས་འཁྲུངས་བྱང་ཆུབ་སྤྱད་པ་སྤྱོད།།
བསམ་ན་ཀུན་གྱིས་ཡི་རང་གི།།
ལྷ་ཡི་ཕྱག་རིང་སྔུན་སར་བསྲིངས།།
 
གསུང་རྩོམ་ཐོར་བུ་མང་དུ་བདོག།
ནང་སྒོས་གླེགས་བམ་རྩེ་མོའི་གྲངས།།
ཕར་ཕྱིན་དོགས་སློང་བདུད་རྩིའི་ཐིགས།།
དབུ་མའི་ལེགས་བཤད་ཀུན་ལས་བཏུས།།
 
རྒྱལ་སྲས་ཆེན་པོ་ཞི་བ་ལྷའི།།
བྱང་ཆུབ་སྤྱོད་པར་འཇུག་པ་ཡི།།
རྣམ་བཤད་སྐལ་བཟང་ལེགས་བགྲོད་ཅེས།།
དགེ་ལྡན་བསྟན་པའི་རྒྱན་དུ་བལྟམས།།
 
འགྲོ་བའི་བདེ་སྐྱིད་གཞི་མ་ལ།།
བསྟན་པའི་རྩ་བ་དགེ་འདུན་སྡེའི།།
ཆོས་སྤྱོད་བཅུ་ཡི་འཆད་ཉན་གྱི།།
བགྱི་བ་ལྷུར་ལེན་མཛད་པའི་དར།།
 
དུས་ཀྱི་མཁའ་རུ་ཕྱར་བ་ཡིས།།
མདོ་སྔགས་ལམ་གྱི་སྙིང་བོའི་གནད།།
གཅིག་ཏུ་དྲིལ་མཛད་སྡེ་སྣོད་འཛིན།།
མང་ཐོས་ཀུན་གྱིས་གཙུག་གིས་མཆོད།།
 
ཀུན་གཟིགས་ཐུགས་རྗེ་ཉི་འོད་ཀྱིས།།
བསྐྱངས་པའི་མཐོ་རིམ་ནང་བསྟན་གྱི།།
སློབ་གླིང་རིག་པའི་པད་ཚལ་དུ།།
ཆེད་ཞུས་རིགས་སྨྲའི་མགོན་དུ་བཞེངས།།
 
བློ་སྦྱོང་མན་ངག་ནོར་བུའི་ཕྲེང་།།
གདུལ་བྱ་རྡུལ་གྱི་གྲངས་མཉམ་ལ།།
བློ་རུ་བུམ་པ་གང་བྱོ་ཡི།།
ཆོས་ཀྱི་བདུད་རྩིས་བྲུག་པར་བྱེད།།
 
སྐུ་ཡི་མཚན་དཔེ་བཞད་པའི་སར།།
ཁོ་ཚེ་བཀྲ་ཤིས་ཐང་གི་གཞིར།།
ཕྱོགས་འདུས་སེར་སྐྱ་འབུམ་ཕྲག་འགར།།
དུས་ཀྱི་འཁོར་ལོའི་དབང་ཆེན་གནང་།།
 
སྣོད་ལྡན་ཁྲིམས་གཙང་དམ་ཚིག་ཅན།།
སྨིན་གྲོལ་ཆུ་བོ་རྒྱུན་བཞིའི་རླབས།།
རྗེས་འཛིན་མན་ངག་གསུང་གི་མཆིད།།
ལེགས་པར་སྩལ་ཏེ་དཀྱིལ་འཁོར་བཙུད།།
 
དམར་སེར་བློ་གསལ་ངང་བའི་ཕྲེང་།།
སྡོམ་གསུམ་བསླབ་པའི་རྒྱ་མཚོར་བཅུག།
འདུལ་བསྟན་གསེར་གྱི་ལྗོན་པའི་བསིལ།།
ལེགས་བསྟེན་འཕགས་ཚོགས་འདུས་སྡེ་དར།།
 
ཐུགས་མཐུན་མཐུན་པའི་ཆོས་རིག་བགྲོའི།།
རྣམ་མང་མང་ཐོས་ཚུལ་ལྡན་བགྱིད།།
ཁྲིམས་གཙང་གཙང་སྤྱོད་ཞི་བར་གནས།།
གུས་མཆོད་མཆོད་པའི་ཡུལ་འདི་རྨད།།
 
ཁྱོད་ཞབས་པདྨོས་རེག་པའི་སར།།
བཀྲ་ཤིས་རྫོགས་ལྡན་དུས་སྟོན་སྨིན།།
གསུང་དབྱངས་ཚངས་ཆེན་མགྲིན་པ་ལས།།
སྙན་པ་ཆོས་ཀྱི་གླུ་དབྱངས་སྒྲོག།
 
སྟོན་མཚན་དྭངས་པའི་ཡར་ཟླའི་དཔལ།།
ལྷག་བསམ་དཀྱིལ་འཁོར་རབ་རྒྱས་དབུས།།
གཞན་ཕན་ག་བུར་འཕྲོས་པའི་གཟིས།།
ཁྲིམས་ལྡན་དགེ་བའི་འབབ་སྟེགས་ཅན།།
 
སྐལ་བཟང་དཔྱིད་ཀྱི་རྒྱལ་མོ་ཡིས།།
ལེགས་བསུས་རྒན་གྱའི་གསེར་ཆེན་ཐང་།།
དཔལ་ལྡན་དང་བོའི་རིང་ལུགས་ཀྱི།།
གྲངས་མེད་གདུལ་བྱར་ཆོས་འཁོར་བསྐོར།།
 
ལེགས་མཛད་སྟོན་པས་འཁོར་བསྒྱུར་གྱི།།
རྣམ་པར་ཐར་བའི་བཀའ་དྲིན་ལྕི།།
མཐའ་ཡས་དད་ལྡན་འབུམ་ཕྲག་ལ།།
ཆོས་ཀྱི་དགའ་སྟོན་དུ་མར་འགྱེད།།
 
མི་འཁྲུགས་རྣམ་པར་རྒྱལ་བའི་ཞིང་།།
དཔལ་ལྡན་བཀྲ་ཤིས་འཁྱིལ་བའི་གླིང་།།
འགྲོ་ཀུན་བསོད་ནམས་ཞིང་གི་རྟེན།།
ཆོས་ཀྱི་གཙུག་ལག་གནྡྷོ་ལ།།
 
གཟིགས་པ་ལྔ་ལྡན་རྗེའི་ལྷ་ཁང་།།
རྟེན་དང་བརྟེན་པའི་གཞལ་ཡས་ཁང་།།
ལེགས་ཚོགས་ཀུན་གྱི་ཞིང་ས་རུ།།
བཞེངས་པས་སྲིད་ཞིའི་རྒྱན་དུ་བཀྲ།།
 
འཇམ་དཔལ་དབྱངས་དངོས་བཞད་པའི་རྗེའི།།
ལེགས་གསུང་བཀའ་ཡི་ལུང་བསྟན་དང་།།
རྨད་བྱུང་མཛད་འཕྲིན་རྟ་བདུན་དབང་།།
དགུང་དུ་འདེགས་པའི་སྙིང་སྟོབས་ཆེ།།
 
དབུ་ལོ་དུང་གི་ཁ་དོག་གིས།།
འགྲོ་བའི་མིག་ལ་དོགས་པ་སྟེར།།
གསུང་དབྱངས་ཆོས་ཀྱི་རོལ་མོ་ཡིས།།
མཁས་པའི་སྙན་ལ་ངལ་གསོ་སྦྱིན།།
 
ཁྱོད་ཀྱི་སྐུ་དང་གསུང་གི་ཡོན།།
དུས་སྟེགས་འདི་རུ་ཟླ་བའི་དཔལ།།
རེ་ལྟོས་རྒྱུ་སྐར་མགོན་པོ་རུ།།
རྟག་ཏུ་མི་ནུབ་འཆར་བར་མཛོད།།
 
སྐུ་ཡི་དགུང་ན་དགུ་བཅུའི་གྲངས།།
མཐོང་བའི་མོད་ལ་དད་གུས་ཀྱིས།།
རྟེན་འབྲེལ་ཤིས་པའི་ཚིག་གི་ཕྲེང་།།
ཕུལ་འདོད་ཡིད་ཀྱི་ལྗོན་པ་གཡོ།།
 
ལེགས་གསུང་བདུད་རྩིའི་རོ་མངར་ལ།།
རོལ་པའི་སྐལ་བ་མ་ཐོབ་ཀྱང་།།
འདུན་པ་དྭངས་ཤིང་རྙོག་མེད་ཆུ།།
ཡིད་ཀྱི་གསེང་ན་ལྷོག་ལྷོག་གདུ།།
 
རང་སར་ཚིག་གིས་གཅམ་བསྟོད་དོར།།
གཞན་སར་རིས་བཅད་སྡང་ཚིག་སྤངས།།
ཕྱོགས་ལྷུང་འདམ་གྱིས་མ་སྦགས་པའི།།
དྲི་མེད་ལྷ་ཡི་དར་དཀར་འདི།།
 
ལྷག་བསམ་གངས་རིའི་ཁོངས་གསེང་ནས།།
ངག་རིག་གདོང་ལྔ་དགོད་པའི་དབྱངས།།
རབ་བྱེད་སྙན་ངག་དྲི་ཟའི་གླུ།།
ལེན་པར་གོམས་ལ་སྤྲོ་དགས་ཕུལ།།
 
དགུ་བཅུའི་དྲང་སྲོང་ཆེན་པོ་ཡི།།
མཛད་རྣམ་གང་ཐོས་ཚིག་གི་སྒྲ།།
ལེགས་བརྗོད་གཏམ་དུ་བྱས་པ་ན།།
གང་ལའང་ཚེ་ཡི་རྟེན་འབྲེལ་ཡོད།།
 
གང་གི་སྐུ་ཡོན་མཛད་པའི་ཕྲེང་།།
གུས་ཆུང་བླུན་པོས་བགྲང་མིན་ཀྱང་།།
འོན་ཏང་དམ་པས་རྗེས་འཛིན་ཕྱིར།།
སྨོན་པའི་ཀློང་ནས་ཐོལ་གྱིས་ཤོར།།
 
དེ་ལྟར་སྙམ་མོ་བཀྲ་ཤིས་སྐྱེས།།
དབྱངས་གསལ་ཕྲེང་བའི་སྡེབ་ལ་བསྐྱོན།།
ཚིག་གིས་སྤྲོས་པ་ཉུང་བསྡུས་ཏེ།།
ཡབ་འདབ་ལོ་མས་མ་བསྒྲིབས་པ།།
 
སྔོན་བྱོན་དམ་པའི་ཞབས་ཟུང་གི།།
འཁོར་ལོས་བསྒྱུར་བའི་ཁ་དོག་ཅན།།
སྟོད་སྨད་དགེ་ལྡན་ལུགས་བཟང་གི།།
བསྟན་པ་འཕེལ་ཞིང་རྒྱས་པའི་གླིང་།།
 
རབ་མཐོ་སྲིད་པའི་ཟོ་དོར་ཆེ།།
གཉན་ཆེན་སྔོ་ལྷ་གཡུ་རྩེའི་འདབས།།
ལུང་རིགས་སྒྲ་དབྱངས་སྒྲོག་པའི་ཞིང་།།
ལྔ་རིག་པདྨའི་དགའ་ཚལ་དུ།།
 
སྐྱེས་སྦྱངས་དབུལ་ཡང་འབྲིར་དགའ་བ།།
བླུན་པོ་དཀོར་ལ་འབགས་ཤེས་པའི།།
ཚིག་གི་བླ་དྭགས་ཁྱུང་སྔོན་ཞེས།།
མིང་དུ་གདགས་པ་གང་དེས་ཕུལ།།
 
    ཅེས་ངེས་དོན་སྨྲ་བའི་དབང་ཕྱུག་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པའི་ཡང་རྩེར་སོན་པ། མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧ རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་བསྟན་པ་དང་འགྲོ་བའི་བསོད་ནམས་ཀྱི་ཞིང་སར་དགུང་གྲངས་དགུ་བཅུ་བདེ་བཞེས་ཀྱི་གོ་སྟོན་བསུ་བའི་རྟེན་འབྲེལ་དུ་དམ་པ་ཁོང་གི་དགུང་གྲངས་དང་མཉམ་པའི་རབ་བྱེད་ངག་གི་དབྱངས་ལ་དྲངས་པའི་ཤིས་པ་བརྗོད་པའི་ཚིག་ཕྲེང་ལེགས་ཚོགས་སྟོང་གི་ལྷ་དར་བསིལ་སྦྱིན་ཟླ་བའི་འོད་སྣང་ཞེས་བྱ་བ་འདི་ནི། གངས་ཅན་བོད་ཀྱི་རིག་པའི་གནས་ལ་འཇུག་པར་སྤྲོ་བའི་ངག་རིགས་སྨྲ་བ་ཁ་གྱའི་ཁྱུང་སྔོན་དུ་འབོད་པས་ཡུལ་མདོ་སྨད་ཀྱི་ཤར་ཕྱོགས་སྲིད་པའི་ཟོ་དོར་ཆེན་པོ་གཉན་ཆེན་སྔོ་ལྷ་གཡུ་རྩེའི་རྫ་ཞོལ་ནེའུ་གསིང་གཡུ་ཡི་མེ་ལོང་ལྟར་བཀྲ་བའི་ཁ་གྱའི་གནས་ཁང་ཐང་། སྔོན་བྱོན་སྐྱེས་ཆེན་མང་བོས་བྱིན་གྱིས་བརླབས་པའི་ཞིང་མཆོག ། ཁ་སྟོད་དགེ་ལྡན་ལྡན་བསྟན་འཕེལ་གླིང་གི་རང་ཤག་ཆོས་རིག་དཔེ་མང་སྤུངས་པའི་དགའ་ཚལ་ནས་བོད་རབ་བྱུང་བཅུ་བདུན་པའི་རབ་གནས་ཆུ་སྟག་ལོའི་ཁྲུམས་སྟོད་ཟླ་བའི་དམར་ཕྱོགས་ཀྱི་སྟོང་བ་གསུམ་པའི་ཉིན་མཇུག་གྲུབ་པར་སྦྱར་ཏེ་སྤེལ་བ་དགེའོ།། །། སརྦ་མངྒ་ལཾ། ༢༠༢༢  ༨  ༢༩
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།