འབྲོག་མོ།
མིག་ཟུང་འཛུམ་པའི་མདའ་མོ་སྤྲིན་ལ་ཕྱོགས།།
མཁའ་མཐའི་སྤྲིན་ལ་སྙིང་གཏམ་ཤབ་ཤུབ་སྨྲ།།
གོམ་གསུམ་གོམ་པའི་རྡོག་སྣེ་སྤང་ལ་བཞག།
སྤང་ལྗོངས་གཡུ་ཡི་གཞུང་ནས་རྫི་གླུ་ལེན།།
འཛུམ་ཆུང་པདྨའི་འདབ་མ་ལྷུག་ལྷུག་གྲོལ།།
དེ་ལ་ཉི་མའི་འོད་ཀྱིས་བྱིལ་བྱིལ་གནང་།།
ཞེ་འདང་སྐུད་པ་གནམ་སའི་བར་དུ་སྦྲེལ།།
དེ་རུ་འདབ་ཆགས་བྱ་ཡང་འཁོར་བ་བྱེད།།
བསིལ་འཇམ་རླུང་གིས་ཡང་ཡང་སྒུལ་བ་ཡི།།
སྐྲ་ལོའི་རྩེ་རུ་མེ་ཏོག་སྙིམ་གང་བཏགས།།
མེ་ཏོག་དཀར་དམར་ནང་སེམས་འཁྲི་ས་བྱེད།།
བརྩེ་བའི་ཕྲ་རྒྱན་ཞེས་པ་རང་གིས་བསྙད།།
ལྷས་ཀྱི་གཡས་ནས་འཇག་མ་རྩྭ་སྐྱ་སྒྲུག།
ལྷས་ཀྱི་གཡོན་ནས་ནོར་ཁྱུའི་ལྕི་བ་རྒུམ།།
དགོང་ཞོཊ་རེ་ལ་རུ་སྡེའི་ལྷིང་འཇགས་འཚོ།།
མཚན་ཐུན་རེ་ལ་འབྲོག་ཐང་ལྷས་ར་སྲུང་།།
འཇམ་མཉེན་ཕྱག་གི་སོར་མོ་སྙིང་ཁར་སྦྱར།།
དད་རྟེན་ལྷ་དང་བླ་མ་ཡང་ཡང་དྲན།།
ནང་སེམས་རྒྱ་མཚོ་ཆེན་མོའི་གཏིང་མཐའ་རུ།།
མ་བཅོས་བརྩེ་བའི་འོད་ཀྱི་དྲོད་ཁོལ་འཁྱིལ།།
ཐུལ་དཀར་འབྲི་མོའི་འོག་ནས་སྒོ་སྒོ་ཡི།།
བཞོ་དབྱངས་སྙན་མོ་རི་ལུང་བར་དུ་འཐེན།།
བཟང་དྲུག་སྔོ་ལྡུམ་སྨན་སྣ་ལས་བྱུང་བའི།།
འོ་ཞོ་མངར་མོའི་ཁ་རླངས་དགུང་དུ་མཆོད།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།