སྙན་ཚིག་ཐུང་ངུའི་སྡེ།
མཇལ་འཛོམས།
མཇལ་དཀའི་གྲོགས་རྣམས་གཅིག་ཏུ་འཛོམས་པའི་ཚེ། །
འགྲུལ་ཁང་ཡར་ཕུགས་བདུད་རྩིའི་གསོལ་སྟོན་བཤམ། །
རབ་རིབ་ཆང་གི་མཚན་མོར་རྒྱང་གྲོགས་ཚོས། །
ཕོར་བ་མཐོ་སར་བཏེགས་ཏེ་དྲན་གདུང་གྱེར། །
ལོ་ཉུལ་ལ་སོང་བ།
ལོ་སར་ཕྱི་ལ་གྲོགས་སར་མགྲོན་དུ་སོང་། །
ཤ་ཚོད་སྡེར་ཆུང་རེ་གཉིས་ཟོས་བའི་རྗེས། །
བདག་པོས་ཆང་ཕོར་འབྲུག་མ་མཐོ་སར་བཏེགས། །
འགངས་ཆེན་མགྲོན་པོའི་ཚུལ་གྱིས་བསུ་མ་བྱས། །
ལོ་སར།
འཛོམས་དཀའི་རྒྱང་གྲོགས་མཇལ་བ་མ་ཡིན་ཡང་། །
གཉེན་དང་ཁྱིམ་མཚེས་མགྲོན་གྱི་གཙོ་བོར་བྱས། །
སིལ་ཏོག་སྣ་ལྡན་རྟགས་བརྒྱད་སྡེར་མར་བཤམས། །
ཚེ་རིང་རྣམ་དྲུག་དཀར་ཡོལ་འོ་ཇས་བཀང་། །
ཁ་བྱང་མེད་པ།
རི་བོ་སྟོང་རྒྱབ་མྱི་ལ་མ་མཇལ་ཡང་། །
ཕྱི་ཐག་གསེར་སྐུད་རིང་མོས་བཅིངས་བའི་ཚོགས། །
ཁ་ནུབ་རླུང་གིས་འཐེན་པའི་གླུ་ཚིག་ལས། །
འབྲལ་དཀའི་གདུང་སེམས་ལྕི་བ་རྟོགས་ནས་བྱུང་། །
དཔྱིད་མགོ།
མཆུ་ཟླའི་སྤྲིན་མཚོའི་རླབས་ཀྱིས་ཉི་འོད་འཕྲོག །
རྡུལ་དམར་དྲག་ཏུ་ལྡང་བས་ཁ་བ་ཁུར། །
དཔྱིད་མགོའི་མེ་ཏོག་དཀར་པོ་རྣམ་པར་རྒྱས། །
ངང་སེར་རེ་གཉིས་སྨར་ཆུའི་འགྲམ་དུ་འཕུར། །
མཇལ་ཕྲད།
ཁྱི་དུས་སྲང་ལམ་རྒྱང་བཞུད་གྲོགས་དང་མཇལ། །
ལོ་མང་ཆད་པའི་ཁ་བརྡས་ཐུན་གསུམ་བསྐྱལ། །
ཡོས་ཀྱི་ཕྱི་ཆར་ལམ་གསུམ་མདོ་ནས་གྱེས། །
ཐང་དུས་མཁས་པའི་སྙན་དེབ་སྐྱེས་སུ་ཕུལ། །
འཁང་ར།
སྙན་ངག་འབྲི་མཁས་སྙིང་གྲོགས་མེད་པ་ཡིས། །
བྱ་བྲལ་དུས་ཀྱི་རི་བོང་གཟུགས་ཅན་ལ། །
སྙན་ངག་རྐང་བཞི་ཇི་གར་གྱེར་བའི་ཕྱིས། །
ཟླ་བ་ལྷ་མོའི་སྤྱན་ཆབ་ས་རུ་ལྷུང་། །
དབྱར་གཞུང་དྲན་པ།
དབྱར་རླུང་དལ་དལ་ལྡང་ཞིང་གཡོ་བ་ཡིས། །
ལྗོན་གསར་ཆང་དྲི་མངར་མོ་ཕྱོགས་སུ་མཆེད། །
ཨེ་མ་དབྱར་གསུམ་ན་ཆུང་མེ་ཏོག་མའི། །
མདངས་རྒྱའི་སྒེག་ཉམས་དྲན་པས་དགུན་ཟླ་སྐྱོ། །
རི་མོ།
རྐང་འཐུང་དཔལ་གྱིས་གསོས་པའི་ཕྱེ་མ་ལེབ། །
མེ་ཏོག་སོ་མའི་མདངས་ལ་དགྱེས་དགྱེས་ནས། །
གཤོག་པའི་གླུ་དབྱངས་སྙན་མོ་ཡིད་འོང་མས། །
པད་གཞོན་ལང་ཚོ་བཏུས་པའི་གྲངས་ལ་ལྟོས། །
འཇའ་རིས།
མི་ཚེ་ཆར་རྗེས་འཇའ་ཚོན་མག་མོག་ཅན། །
སྐད་ཅིག་རླུང་གིས་གར་སོང་ཡེ་མེད་མཛད། །
དུང་སེམས་རྒྱ་སེ་མེ་ཏོག་རྐང་གཅིག་མ། །
ཚེ་གང་མི་བརྗེད་དྲན་པའི་རྟེན་དུ་ཉར། །
སྐད།
ཞེན་ཆགས་ན་བཟའ་དོར་བའི་གཅེར་རྐྱང་ཚོ། །
ང་ལ་གནམ་སའི་བཀའ་ལུང་བབས་ཟིན་པས།
ད་གདོད་སྟོང་བའི་ལུག་ཁྱུ་འཚོས་པའི་འབྲས། །
སྲན་མའི་མེ་ཏོག་ཚོམ་སྐྱེས་ཉིད་ལ་དབང་། །
གླ་སྒང་མེ་ཏོག
སྲན་མ་དམར་པོའི་མེ་ཏོག་གྲོལ་བའི་ཚེ། །
བཟོད་དཀའི་དྲན་གདུང་མཆི་མས་བརླན་པ་བཞིན། །
མདངས་ལྡན་གླ་སྒང་མེ་ཏོག་འཐོར་བོ་ཡིས། །
སྐྱོ་བའི་ཆར་རླུང་ཟམ་ཟིམ་སེམས་ལ་ཕབ། །
སྨག་ནག
དུས་མཐའི་རླུང་དམར་སིམ་པོར་རྒྱུ་ཚུལ་གྱིས། །
སྡོང་མགོའི་བྱིའུ་ཆུང་འུར་ཆིལ་མཁའ་ལ་དཀྲོག །
ཕུགས་འདུན་དབྱར་གཞུང་རྫོགས་པའི་དགོང་ཕྱི་རུ། །
ཤེས་དཔལ་རྒྱ་མཚོའི་ནོར་བུ་སྙིགས་མར་གྱུར། །
ཞེན་ཆགས།
རྨ་འབྲི་སྔོན་མོའི་བཞུར་སྒྲ་ཐོས་ཐེངས་རེར། །
མཚོ་སྐྱེས་དཀར་པོ་དགྱེས་པའི་འཛུམ་མདངས་དྲན། །
རུས་སྐྱས་གསེར་ལྡན་ནབ་བཟའ་གསོལ་བའི་ཚེ། །
སེམས་འདུན་གཙང་བོའི་རླབས་སྒྲ་འཇགས་མཐའ་བྲལ། །
འཇིགས་སྣང་།
འཇགས་ཚེར་མཁའ་ལ་མི་བལྟ་མལ་དུ་གཟིམ། །
དགུ་ཚིགས་གཙང་བོའི་རྦ་རླབས་དྲག་ཏུ་འཕྱོ། །
ལྐོག་གྱུར་སྐར་མའི་གདོང་ཐུག་འཇིགས་ཆེ་བས། །
མནལ་ལམ་ཁུང་འབྲུག་གཤེགས་རྗེས་ཟིན་པ་རྨིས། །
གསོལ་ཆང་།
གསོལ་ཆང་དྲི་ཞིམ་ཤག་ཆུང་ཕུག་ལ་ཁྱབ། །
བཅུ་གསུམ་ཟླ་བས་སྒེའུ་ཁུང་ཕྱི་ནས་རོལ། །
འཆར་ཡན་སྐུད་པ་གནམ་འོག་ཀུན་ལ་འཐེན། །
བླ་ན་འབར་བའི་སྙན་ཚིག་ཤོག་ངོར་ཕབ། །
ཚེས་གསུམ་ཟླ་བ།
འོད་ཟེར་སྟོང་ལྡན་ནམ་མཁའི་ནོར་བུ་ཡི། །
ལྡོག་འོད་ཁུར་བའི་ཟླ་དཔལ་ན་ཆུང་མ། །
ཚེས་གསུམ་ས་སྲོས་ནུབ་རིའི་ནམ་མཁའ་ལས། །
མཐོང་འཕྲལ་རི་བོང་འཛིན་པའི་ལྷ་སྒྲུང་དྲན། །
སྐར་མའི་བུ་མོ་དྲན་པ།
མཁའ་དབྱིངས་མི་ལྟུང་རྒྱུ་བ་དུང་ཕྱུར་དབུས། །
སྐར་མའི་བུ་མོ་གསེར་གྱི་གདུ་བུ་ཅན། །
ཉི་ཁྱིམ་གོ་ལའི་བྱང་གི་སྐམ་ས་ལས། །
ནམ་མཁའ་སྤྲིན་མཚོའི་ཡང་སྟེང་འཕྲིན་པ་བསྐུར། །
སྟོན་ཀ
ལྕང་ལོ་འདབ་སེར་རི་བོའི་རྒྱབ་ཏུ་འཕུར། །
དུས་བྱ་ངང་ཁྲུང་ལྷོ་རིའི་དཔལ་ལ་ཆགས། །
སྤང་རྒྱན་མེ་ཏོག་མདངས་བརྒྱས་བཀང་བ་ཡི། །
གསེར་བྲིས་མདའ་སྦྱིན་རི་མོས་ཡིད་དབང་འཕྲོག །
ས་རུབ་ཁའི་སྙན་ངག
ཉི་རྒས་ཆུ་ཁུར་འཁྲིགས་པའི་རྒྱ་མཚོར་བརྒལ། །
ནུབ་ཀྱི་རྔ་མོང་ནོག་འདྲའི་རི་ལ་ཡིབ། །
ཁ་བ་ཕྱེ་ལེབ་མཉམ་པ་ལྷུང་ལྷུང་ཚེར། །
ལྕང་གསེབ་ཞག་སྡོད་བྱིའུ་ཁྱུའི་སྐད་ལ་ཉན། །
གཅན་མེ་སྟག་ལགས་ཕྱིན་པ་ཐོས་འཕྲལ།
སྡོང་བོའི་ཡལ་འདབ་ས་རུ་ཟེགས་པ་ཡི། །
རླུང་ཁའི་གཏམ་འཁྱར་རྣ་ཡིས་ཐོས་པའི་ཚེར། །
ཁང་ཁྱིམ་ཕྱི་ནས་བྱང་མཐར་ཧད་དྲག་པས། །
ཆང་ཕོར་མཆི་མས་བཀང་ཡང་ཚོར་མེད་གྱུར། །
སྙན་ངག་པ་ཆུས་ཡོན།
ཆིན་གྱི་དམག་རྟས་བཙན་བདུན་གཅིག་ཏུ་བསྒྱུར། །
རྒྱལ་སྟོང་དབང་ཤོར་ཁྲུའུ་མཁར་འཇག་སྐྱས་གཡོགས། །
མཐར་སྤྱུག་སྐྱེས་བུས་མྱ་ངན་མ་བཟོད་པས། །
སྙན་ངག་བསྐྱུར་ཏེ་གཙང་བོའི་རླབས་སྒྲར་ཉན། །
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།