མི་ཚེའི་ཤུལ་ལམ་འགྲིམ་པའི་རྒྱང་གླུ།

རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།(གསེར་རྟ) 琼迈文学网 2024-10-26
སྲིད་ལ་ཆགས་པ་མེད་ཀྱང་སྲིད་པའི་གནས་སུ།།
ཉམ་ཐག་འགྲོ་བ་བྱམས་ཆེན་ཐུགས་རྗེས་སྐྱོང་མཛད།།
བསླུ་མེད་གཏན་གྱི་སྐྱབས་གཅིག་དྲིན་ཆེན་བླ་མ།།
དེང་སང་སྐྱེ་བོའི་ལས་སྣང་ཐུགས་ཀྱིས་དགོངས་སམ།།

དང་མའི་སེམས་ཀྱི་ཁྱེའུ་ཆུང་སྙིང་ལ་རྗེ་བོ།།
སྔོན་བསགས་ལས་ཀྱི་སྣང་བས་དབང་མེད་བསྐྱོད་དེ།།
མི་ཡུལ་འཇིག་རྟེན་ཁམས་སུ་ལྟད་མོ་ལྟ་བར།།
འཚོ་བའི་ལམ་ཕྲན་བརྒྱུད་ནས་རྒྱང་དུ་ཆས་སོང་།།

ཡངས་པའི་ལམ་ཁ་རེ་ན་དགོད་སྒྲ་རེ་རེ།།
དོག་པའི་ལམ་འགག་རེ་ན་མིག་ཆུ་རེ་རེ།།
དགའ་སྐྱོའི་གཟིགས་མོ་རེ་ལ་རེ་དོགས་རེ་རེ།།
སྐྱིད་སྡུག་ཉམས་མྱོང་རེ་ལ་རྗེས་དྲན་རེ་རེ།།

སད་སྣང་ཉིན་མོའི་འོག་གི་རྨི་ལམ་འདི་ལ།།
ཨ་འཐས་བདེན་པར་ཞེན་པའི་འཁྲུལ་སྣང་བརྟས་པས།།
དགྲ་གཉེན་ཆགས་སྡང་རྩོད་པའི་ཡོ་ལང་འཕྲུལ་འཁོར།།
མུ་མེད་སྡུག་བསྔལ་སློང་བའི་གཤེད་དུ་བསྐོར་སོང་།།

ཚོགས་དྲུག་ཡུལ་སྣང་ནམ་མཁའི་འཇའ་ཚོན་ངོས་སུ།།
རྟག་འཛིན་སེམས་ཀྱི་བྱིས་པ་མགོ་བོ་འཐོམས་ཏེ།།
སྟོང་གཟུགས་སྦར་གྱིས་བཟུང་ནས་རྒྱུན་དུ་རེ་བ།།
རང་སེམས་སྡུག་གི་ཁུར་བོའི་སྣོན་མ་ལོས་ཡིན།།

མི་ཚེའི་ཕུགས་བསམ་ཟང་ཟིང་རྫས་ལ་བཅོལ་བའི།།
འདུ་ཤེས་འཛིན་སྟངས་ཁྱེར་བའི་མི་ཚོགས་ཁྲོད་ན།།
ནང་ཚུལ་སེམས་ཀྱི་རིན་ཐང་ཇི་བཞིན་ཤེས་མཁན།།
ཉིན་མོའི་སྐར་མ་ལས་ཀྱང་དཀོན་པ་ཨེ་ཤེས།།

དྲང་པོའི་ལམ་ལ་གནས་ཤིང་ཆོས་བཞིན་སྤྱོད་ན།།
བྱ་རོག་དཀར་པོར་གྱུར་ནས་ཁྲེལ་གྱིས་འདེབས་པ།།
དེང་སང་སྐྱེ་བོའི་བསམ་སྤྱོད་རི་གཟར་འབབ་ཆུ།།
གཡོ་ཞིང་གཡོ་ཞིང་འོག་ནས་འོག་ཏུ་འགྲོ་འོ།།

ཤེས་རིག་ལོངས་སྤྱོད་བརྩེ་དུང་འདོད་ཡོན་ཆེད་དུ།།
འགྲན་རྩོད་གཡུལ་ཁ་འགྱེད་པའི་སྐྱེ་བོའི་ཁྲོད་ན།།
སེམས་ཀྱི་རྨ་ཁ་གསོ་བའི་འཆི་སོས་བདུད་རྩི།།
དམ་པའི་ལྷ་ཆོས་དྲན་ན་ངོ་མཚར་ཆེ་འོ།།

ཁྲ་ཁྲ་ཤིག་ཤིག་དེང་རབས་གློག་གི་གྲོང་ནས།།
འུར་འུར་ཟང་ཟིང་ངང་ནས་མི་ཚེ་བསྐྱལ་ཡང་།།
ངེས་ངེས་སེམས་ཀྱི་བདེ་སྐྱིད་རྒྱང་ཐག་རིང་ན།།
དུང་དུང་འདུན་པའི་རྩེ་མོ་ནང་དུ་ཕྱོགས་རན།།

དོན་དམ་སེམས་ཀྱི་བདེ་བ་ནོར་གྱིས་མི་ཁུག།
གུ་ཡངས་ནང་གི་སྐྱིད་ཉམས་དབང་གིས་མི་ལོན།།
ཤུགས་འབྱུང་གཤིས་ཀྱི་དགའ་བ་གཡོ་སྒྱུས་མི་ཐོབ།།
བསམ་ཞིང་ཞེ་བློ་བདེ་བའི་ཆོས་པ་སྐྱིད་དོ།།

སྟོན་མཆོག་ཐུབ་པའི་དབང་པོ་རིང་ནས་གཟིམས་ཀྱང་།།
ངེས་དོན་ཆོས་ཀྱི་འོད་སྟོང་ད་དུང་མ་ཉམས།།
བསྟན་པའི་སྣང་བ་མཇལ་བའི་སྐལ་བཟང་བསམ་ན།།
སྤྲོ་དགའི་ཁོང་འཛུམ་མི་འཆོར་རང་དབང་ཅི་ཡོད།།

ཡུན་ཐུང་ཚེ་འདིར་སྡུག་བསྔལ་ཅུང་ཞིག་མྱོང་ཡང་།།
གཏན་གྱི་སྐྱིད་རྒུས་བསུ་མས་མདུན་ན་བསྒུག་པས།།
བདེ་ནས་བདེ་བར་བགྲོད་པའི་ཐར་འདོད་སྐྱེ་བོ།།
འུ་ཅག་བྱང་ཆུབ་ལམ་ལ་མཉམ་དུ་ཆས་འགྲོ།།

ལམ་མཁན་དེད་དཔོན་མཁས་པའི་སྐྱེལ་མར་འགྲོགས་ནས།།
དོན་འགྲུབ་མགྲོན་པོས་སྙན་པའི་རྒྱང་གླུ་ལེན་བཞིན།།
མཐའ་དང་ཟད་དུ་མེད་པའི་དགའ་བདེའི་དཔལ་ལ།།
འདོད་དགུར་སྤྱོད་པའི་སྐལ་བཟང་འཛུམ་གྱིས་ལོས་བསུ།།

རིང་ནས་འདྲིས་པའི་ཕ་ཁྱིམ་མི་ཡུལ་ལྗོངས་ཀྱི།།
རིགས་མཐུན་འགྲོ་བའི་མོས་སྣང་ཆོས་ལ་ཕྱོགས་ཤིང་།།
བྱམས་བརྩེའི་དཔལ་ལས་འཁྲུངས་པའི་ཞི་བདེའི་སྣང་བས།།
དཀར་འཇམ་ཡུག་གཅིག་ཁྱབ་པས་སྨོན་འདུན་ཞུ་འོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མི་ཚེའི་ཤུལ་ལམ་འགྲིམ་པའི་རྒྱང་གླུ།

2024-10-26 རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།(གསེར་རྟ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།