རྟོགས་བརྗོད་མལླཱིཀིའི་དྲི་བསུང་ཞེས་བྱ་བ་བཞུགས་སོ།།
ལུང་རྟོགས་བསྟན་པའི་མངའ་བདག་སྐྱབས་གནས་མཁན་རིན་པོ་ཆེ་དགེ་བཤེས༧ངག་དབང་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་རྟོགས་པའི་ཆ་ཙམ་བརྗོད་པ་མལླཱིཀིའི་དྲི་བསུང་ཞེས་བྱ་བ།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།
ཁྱེད་ཉིད་སྙིང་རྗེའི་རང་གཟུགས་གྲུ་འཛིན་བདག།
ངག་གི་དབང་ཕྱུག་རྗེ་བཙུན་མཁྱེན་པའི་གཏེར།།
ཕས་རྒོལ་ཝ་སྐྱེས་འཇོམས་པའི་གསང་བདག་བ།།
འདི་ཞེས་དབྱེ་བར་མི་ནུས་རིགས་གསུམ་ལྷ།།
བསྐལ་མང་བསྙལ་བའི་ཚོགས་གཉིས་ཆུ་གཏེར་ལས།།
ཟླ་བྲལ་ཆོས་སྐུའི་དཔག་བསམ་ལྗོན་པ་འཁྲུངས།།
མ་རིག་འཁོར་བའི་གནས་འདིར་འཕྱན་པ་ཡི།།
འགྲོ་བའི་སྡུག་བསྔལ་སེལ་མཛད་ལྷག་པའི་ལྷ།།
སྡུག་བདེན་འཁོར་བའི་གནས་ལས་ཡོངས་བྲལ་ཞིང་།།
གཏན་བདེའི་རྒྱལ་ས་མྱང་འདས་མངོན་བརྩོན་པ།།
ས་ཐོབ་དཔའ་བོ་ཀུན་གྱི་སྤྱི་གཙུག་ན།།
མངོན་པར་འཕགས་པའི་རྒྱལ་བའི་རྣམ་སྤྲུལ་དངོས།།
ཁྱེད་ཐུགས་མཁྱེན་པའི་ཟླ་གཞོན་འཛུམ་པའི་ཚེ།།
བདག་ཡིད་དད་པའི་ཀུ་མུད་ངང་གིས་བཞད།།
དཔལ་ལྡན་བརྟན་པའི་འཁོར་ལོ་ཆེན་པོ་བས།།
རྗེས་འཛིན་ཕྱག་ཟུང་བརྐྱངས་བཞིན་དགའ་བ་འཕེལ།།
མགོན་ཁྱེད་བསྟན་འགྲོ་སྐྱོང་བའི་འདྲེན་པ་མཆོག།
མ་སྨད་ཡོན་ཏན་ཀུན་གྱི་གཏེར་གྱུར་ཅིང་།།
མཁྱེན་བརྩེ་ནུས་པའི་བདག་ཉིད་ཙོང་ཁ་བ།།
ཁོ་ནར་མཚུངས་ཀྱི་དཔེ་ཟླ་གཞན་ཡོད་མིན།།
ཐེག་ཆེན་བཤེས་གཉེན་མཚན་ཉིད་བཅུ་ལྡན་པ།།
ད་ལྟ་སྲིད་འདིར་དཔག་བསམ་ནོར་བུ་ལས།།
ཐོབ་དང་རྙེད་དང་མཐོང་བ་ཆེས་དཀའ་ན།།
ཡང་དག་བཤེས་གཉེན་ཁྱེད་ལ་སུ་མི་གུས།།
དྲི་མེད་དད་གསུམ་རིན་ཆེན་ཐུགས་མངའ་བ།།
ཐོས་བརྩོན་ཤེས་རབ་འོད་ཆེན་ཡོངས་འབར་བའི།།
སྐྱོན་གསུམ་དྲི་མས་མ་བསླད་གདུལ་བྱ་ལ།།
ཁྱེད་ཀྱི་རྟོགས་པ་བརྗོད་ལ་ང་མི་ངལ།།
དད་གསུམ་དབྱུ་གུས་ཡོངས་བསྐུལ་རྟོགས་བརྗོད་ཀྱི།།
རིན་ཆེན་རྫ་རྔ་བརྡུང་བ་ལྷུར་ལེན་ཚེ།།
སྨྲ་བའི་སེང་ཆེན་རྗེ་བཙུན་འཇམ་དབྱངས་དང་།།
ངག་དབང་ལྷ་མོས་བདག་མགྲིན་བྱིན་གྱིས་རློབས།།
མདོ་སྨད་ས་ཡི་ཐིག་ལེ་སྟེ།།
དགེ་བཅུའི་ཡོན་ཏན་སྤུངས་པའི་གནས།།
ཁྲི་ཤོར་རྒྱལ་མོའི་པང་ཁུད་དུ།།
གསུམ་རྩེན་ལྷ་ཡི་ཞིང་ཁམས་ཀྱང་།།
ཕམ་བྱེད་གནས་མཆོག་དུ་མ་ལས།།
མང་རའི་ཡུལ་ཞེས་སྲིད་གསུམ་ན།།
སྙན་པའི་གྲགས་པ་ཕྱོགས་མེད་འཕྲོ།།
དེ་ཡི་གནས་མཆོག་དགའ་ཚལ་དུ།།
ཡབ་ནི་ལྷུན་པོའི་མཚན་ཅན་དང་།།
ཡུམ་ནི་འཕགས་མོ་སྒྲོལ་མ་ཞེས།།
རིགས་རུས་ཆོ་འབྲང་ཕུན་ཚོགས་ཤིང་།།
བདག་ཅག་བསོད་ནམས་ཆེ་བ་དང་།།
རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པའི་མཐུས།།
ཐུབ་དབང་ཞལ་སྐྱིན་འཁྲུལ་མེད་པ།།
ངག་གི་དབང་ཕྱུག་ཆེན་པོ་བ།།
བསོད་ནམས་རྡོ་རྗེ་ཞེས་གྲགས་པའི།།
རྒྱལ་བའི་སྨྱུ་གུ་འདི་ཉིད་འཁྲུངས།། ①
ཆུང་ནས་ལྷག་བསམ་ཟླ་བའི་འོད་འཕྲོ་ཞིང་།།
གཟུང་སྔགས་བཟླས་བརྗོད་ཉམས་ལེན་ལ་མཁས་པ།།
རྒྱལ་སྲས་སྤྱོད་པའི་ཡོན་ཏན་གཏེར་གྱུར་ཅེས།།
ཆེ་རྒུའི་ངག་ནས་བསྟོད་གླུ་དབང་མེད་འཐེན།།
སྐུ་ལ་མ་བཅོས་བཟང་བོའི་ཡོན་ཏན་དང་།།
གསུང་ལ་ཟབ་དོན་བཟླས་བརྗོད་དཔལ་གྱིས་གཏམས།།
ཐུགས་ལ་བྱམས་བརྩེའི་ཟེར་བརྒྱ་ཡོངས་འཁྱིལ་བས།།
དེ་དག་རྣམས་དང་འཇམ་མགོན་ཁྱེད་ཐུགས་མཚུངས།།
མཁས་གྲུབ་བྱེ་བ་འབུམ་སྡེའི་དཀྱིལ་འཁོར་དུ།།
ཐུབ་དབང་རྣམ་སྤྲུལ་ལ་མོ་ཡོངས་འཛིན་གྱི།།
སྐུ་ཡི་ཞབས་དྲུང་རབ་དཀར་པད་མའི་དབུས།།
རབ་ཏུ་བྱུང་སྟེ་ངུར་སྨྲིག་ཁྲུས་ལ་རོལ།།
ཆོས་ཉིད་རྟེན་འབྱུང་ཟབ་མོའི་དོན་འཆད་པར།།
མཁྱེན་པའི་བློ་གྲོས་ཐོགས་པ་མེད་པའི་སྐུ།།
ངག་གི་དབང་ཕྱུག་རྒྱ་མཚོའི་གཏེར་ཅན་ཞེས།།
མཚན་གྱི་ཅོ་པན་དཀར་བོ་བདག་གིར་བཞེས།།
ངུར་སྨྲིག་མཚམས་སྤྲིན་གསར་བས་ཡོངས་སྤྲས་ཤིང་།།
མཚན་དཔེའི་དཔལ་ཀུན་རྫོགས་པ་ཟླ་གཞོན་སྐུ།།
དེ་ལས་འགྲོ་ལ་སྣང་བའི་བདེ་སྟེར་བ།།
མུན་པའི་གྲོང་གི་མགོན་པོ་གཅིག་བུ་ཁྱེད།།
གདོད་ནས་ཐོས་པའི་རྒྱ་མཚོར་བརྒལ་ན་ཡང་།།
ཉམ་ཐག་འགྲོ་ལ་ཐུགས་བརྩེས་ཆེར་དགོངས་ནས།།
རྒྱལ་བསྟན་ནོར་བུའི་གླིང་ལ་བགྲོད་པའི་ཚུལ།།
སྟོན་ཕྱིར་ཐོས་པའི་རྣམ་ཐར་སླར་ཡང་བསྐྱངས།།
རྒྱལ་བ་གཉིས་པ་འཁྲུངས་ཡུལ་ཙོང་ཆུའི་འགྲམ།།
དགེ་བཅུའི་བསོད་ནམས་དཔལ་འབར་སྐུ་འབུམ་ནས།།
སྐྱེས་སྦྱངས་ཤེས་རབ་འོད་ཆེན་ཡོངས་སྤར་ནས།།
མདོ་སྔགས་གཞུང་ལ་ཐོས་བསམ་དབུ་ཁྱུད་བྲིས།།
མཁས་ཤིང་གྲུབ་པའི་གོ་འཕང་མཆོག་བརྙེས་ཤིང་།།
འཆད་རྩོད་རྩོམ་པའི་ཡོན་ཏན་གཏེར་གྱུར་བ།།
བསྟན་དང་འགྲོ་བར་སྙིང་ནས་བརྩེ་བ་ཡི།།
བཤེས་གཉེན་སྐེ་ཀྱཱ་ཆོས་ཀྱི་རྒྱལ་མཚན་བསྟེན།།
སྨྲ་བའི་རྒྱལ་བོ་བརྟན་པའི་འཁོར་ལོ་བ།།
ངུར་སྨྲིག་གར་གྱི་རྣམ་པར་རོལ་བའི་སྐུ།།
ཐེག་ཆེན་དགེ་བའི་བཤེས་གཉེན་མཚན་ལྡན་པ།།
ཡེ་ཤེས་རྒྱ་མཚོའི་ཞབས་པད་སྤྱི་བོས་བཀུར།།
དེ་སོགས་དོན་ལྡན་མཁས་པ་མང་བོའི་དྲུང་།།
ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་ཁྲུས་ལ་རོལ།།
མདོ་སྔགས་གཉིས་དང་སྒྲ་སྙན་སུམ་རྟགས་སོགས།།
རིག་གནས་ཀུན་ལ་ཐོས་པའི་སྒྲོན་མེ་སྤར།།
རྣམ་འདྲེན་དངོས་དང་དབྱེར་མེད་བཤེས་གཉེན་ལ།།
བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་བྱས་ཏེ།།
གཞུང་བརྒྱར་འཇུག་པའི་གསེར་གྱི་སྒོ་མོ་ཆེ།།
བསྟན་པའི་ལྕགས་རི་ཚད་མའི་གཞུང་ལ་བརྩོན།།
དེ་ཚེ་དངོས་སྟོབས་རིགས་པའི་དབང་ཕྱུག་ཅེས།།
མཁས་གྲུབ་དགེ་ལེགས་དཔལ་བཟང་དྲེགས་མི་འཚལ།།
ཕྱོགས་གླང་ཆོས་གྲགས་སོགས་ཀྱང་རྨོངས་བྱེད་པའི།།
དམ་པ་འདི་ཡི་ཤེས་རབ་ཁྱེད་ལས་འཕགས།།
ཐུབ་དབང་དངོས་དང་རྒྱལ་བའི་སྨྱུ་གུ་སོགས།།
བྱང་ཆུབ་སེམས་མཆོག་ཁོ་ན་ལས་འཁྲུངས་པས།།
དེ་ཡི་གདམས་པ་མ་ནོར་སྟོན་པའི་ལམ།།
ཟབ་མོ་ཕྱིན་དྲུག་གཞུང་ལ་དེ་བཞིན་བསླབས།།
བྱང་ཆུབ་སེམས་མཆོག་ཐུགས་ལ་འཁྲུངས་སྟོབས་ཀྱིས།།
འཛིན་མས་མ་ཐེག་ངག་ནས་སྨྲེ་སྔགས་འབྱིན།།
དེ་ཚེ་རྒྱལ་བའི་རྒྱལ་ཚབ་མི་ཕམ་ཡང་།།
དམ་པ་འདི་ཡི་དྲུང་ནས་ཕམ་ཡོད་སྐད།།
ཆོས་སྐུའི་སྲིད་ལ་དབང་བསྒྱུར་མཐུ་ཆེན་པོ།།
བྱང་སེམས་ཁོ་ནར་མ་ངེས་ཆོས་ཉིད་ཀྱི།།
བདེན་པ་གསལ་ལེར་མཐོང་བའི་སྤྱན་མེད་ན།།
འཁོར་འདས་གཉིས་ཀྱི་ལམ་བར་མུན་པས་གཡོགས།།
དེ་ཕྱིར་འཁོར་བ་དུག་གི་སྡོང་བོ་ཡི།།
རྩ་བ་མ་རིག་དུག་ཆུས་བརླན་པ་དེ།།
མཚུངས་མེད་མཁྱེན་གསུམ་ཟབ་མོའི་སྟ་རེ་ཡིས།།
ཡོངས་སུ་བཅད་དེ་ཐར་བའི་ལམ་ཆེན་བསྙེགས།།
ཐལ་འགྱུར་ལྟ་བའི་ཡོན་ཏན་མི་ལྡན་ན།།
ངེས་འབྱུང་བྱང་སེམས་གནད་ལ་གོམས་ན་ཡང་།།
འཁོར་བའི་འཆིང་ཐག་རྨང་ནས་མི་ཆོད་པས།།
ངེས་དོན་དབུ་མར་བསླབས་པ་རྣམ་ཐར་ཉིད།།
འགོག་པའི་ལམ་གྱིས་བསྡུས་པའི་ཟག་མེད་ཆོས།།
རྟོགས་པའི་ཡོན་ཏན་ཀུན་གྱི་སྙིང་བོ་སྟེ།།
སྟོང་ཉིད་རྟེན་འབྱུང་ཟབ་མོའི་གནས་ལུགས་ཀྱི།།
དགོངས་པ་མཐར་ཐུག་རྒྱུད་ལྡན་ཐལ་འགྱུར་བ།།
དེ་བཞིན་བསྟན་པའི་མཛེས་རྒྱན་མངོན་པ་མཛོད།།
བསླབ་པའི་གཞི་མ་ཚུལ་ཁྲིམས་སྟོན་པའི་གཞུང་།།
འདུལ་བ་ལ་སོགས་བཀའ་པོད་རྣམ་ལྔ་ལ།།
ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་མཛད།།
ཤེས་རབ་བླ་མེད་ཆོས་དབྱིངས་འོད་ཆེན་དང་།།
སྙིང་རྗེ་མཚུངས་མེད་ཀུན་ཁྱབ་ནོར་བུ་གཉིས།།
ཟུང་དུ་འཇུག་པའི་ཐབས་ཤེས་ལམ་ཆེན་པོ།།
གསང་སྔགས་རྒྱུད་སྡེའི་གཞུང་ལ་ཡང་དག་བསླབས།།
དེ་ཚེ་བླ་མེད་མདོ་སྔགས་གཞུང་དོན་ལ།།
མཁྱེན་པའི་ཡེ་ཤེས་གོ་འཕང་མཆོག་བརྙེས་པས།།
གསེར་སྦྱངས་ལྷུན་པོ་ལྟ་བུའི་ཁྱེད་སྐུ་ལ།།
མཚན་དཔེའི་འོད་ཟེར་འབུམ་གྱི་དྲ་བས་གཡོགས།།
ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་གར།།
མངོན་པར་རོལ་བའི་ཡི་དམ་ཧེ་རུ་ཀ།
མགོན་པོ་ཁྱེད་ཀྱི་རྣམ་པར་སྤྲུལ་ནས་ནི།།
བསྟན་འགྲོ་སྐྱོང་བར་ཕེབས་པ་ཅིས་མ་ཡིན།།
དགེ་འདུན་བྱེ་བའི་དབུས་ན་ལྷུན་པོ་བཞིན།།
མངོན་པར་འཕགས་པའི་ལུང་རྟོགས་རྒྱལ་མཚན་ཅན།།
མཐའ་བྲལ་ཤེས་བྱ་རྒྱ་མཚོའི་ཕ་རོལ་ཏུ།།
བགྲོད་པའི་བློ་གྲོས་ཆེ་ལྡན་འཇམ་དབྱངས་དངོས།།
དབུ་ཕར་ཚད་མ་ལ་སོགས་བཀའ་པོད་ལྔ།།
བྱ་རྒྱུད་སྤྱོད་རྒྱུད་རིམ་གཉིས་ཟབ་མོ་སོགས།།
མདོ་སྔགས་དགོངས་པ་ཧྲིལ་གྱིས་བསྡུས་པ་ཡི།།
གདམས་པ་ཀུན་ལ་མཁྱེན་པའི་རྟོགས་ལྡན་ཁྱེད།།
སྙིང་བོ་མེད་དོ་འཁོར་བའི་ཆོས་རྣམས་ཀུན།།
ཅི་ཙམ་མཛེས་ཀྱང་ནམ་མཁའི་གཞའ་རིས་ཉིད།།
ཡིད་བརྟན་མ་མཆིས་མི་རྟག་ཆོས་ཉིད་ནི།།
སོས་ཀའི་མཁའ་ལ་རྒྱུ་བའི་སྤྲིན་པ་འོ།།
དེ་ཚེ་འགལ་རྐྱེན་རྦབ་རྡོ་འདྲིལ་བ་ཡིས།།
སྐྱོ་ཤེས་ངེས་འབྱུང་བསམ་པ་གཏིང་ནས་འཁྲུངས།།
དོན་ལྡན་ཐོས་བསམ་ལམ་རྒྱགས་ཁྱེར་ནས་ནི།།
དབེན་པའི་བྲག་ལ་སྒོམ་སྒྲུབ་ཉམས་ལེན་མཛད།།
མདོ་ཕྱོགས་བཀའ་པོད་ལྔ་ཡི་བསྡུས་དོན་དང་།།
སྔགས་ཕྱོགས་རྒྱུད་སྡེ་རྣམ་བཞིའི་ཟབ་གནད་ཀུན།།
མ་ཚང་མེད་པར་འདུས་པའི་གདམས་པ་སྟེ།།
བྱང་ཆུབ་ལམ་རིམ་སྒོམ་པའི་མཐིལ་དུ་བཟུང་།།
ཐོས་བསམ་མེད་པའི་སྐྱེ་བོ་ཐམས་ཅད་ནི།།
ཡན་ལག་བྲལ་བའི་དཔའ་བོ་གཡུལ་ཞུགས་འདྲ།།
སྒོམ་བྱུང་རྟོགས་པའི་ཡོན་ཏན་མི་ལྡན་ན།།
གཞུང་བརྒྱ་ཤེས་ཀྱང་ཆོས་སྐུའི་སྲིད་དབང་མེད།།
མདོ་སྔགས་གནད་ལ་ཐོས་བསམ་མཐར་ཕྱིན་ཡང་།།
སྒོམ་བྱུང་ཉམས་ལེན་ཚུལ་ལ་མི་མཁས་ན།།
སྲིད་བཞིའི་ནོར་བུ་མ་ཚང་མེད་ན་ཡང་།།
བཀྲེས་ལྟོགས་ཆེ་བའི་ཕྱུག་པོ་གཏེར་བདག་བཞིན།།
དེ་སོགས་སྐྱེ་བོ་ཕལ་བའི་ལོག་རྟོག་གི།།
མི་གཙང་དྲི་མ་ཡོངས་སུ་བསལ་བའི་ཕྱིར།།
མཚུངས་མེད་རྒྱལ་བསྟན་རྒྱ་མཚོའི་ཕ་རོལ་ཏུ།།
སྒོམ་བྱུང་རྟོགས་པས་བརྒལ་བ་རྣམ་ཐར་ལགས།།
མི་རིང་དགེ་འདུན་བྱེ་བ་ཕྲག་བརྒྱ་དང་།།
མི་མཚུངས་ཁྱད་འཕགས་བཤེས་གཉེན་དུ་མ་ཡིས།།
མི་ཤེས་རྨོངས་པས་ཆེས་ཆེར་གདུང་བ་ཡི།།
མི་ཡུལ་འཇིག་རྟེན་མགོན་དུ་འབྱོན་པར་བསྐུལ།།
ཨེ་མ་མ་ལ་རྒྱལ་བ་སྲས་བཅས་ཀྱིས།།
མགོན་ཁྱེད་བསྟན་འགྲོའི་མགོན་དུ་བྱོན་པ་ལ།།
རབ་དཀར་ཁ་བ་དཀར་བོའི་དངུལ་གྱི་གདན།།
འཛིན་མའི་ཁྱོན་ལ་བཏིངས་ནས་བསུ་མ་མཛད།།
ཡར་ལ་གཟིགས་དང་གསེར་མདོག་རྒྱ་ཕིབས་འོག།
འཇམ་མགོན་རང་ལུགས་དྲི་བསུང་བར་མེད་འཐུལ།།
དེ་ཡི་དབུས་ན་མཁས་གྲུབ་གཉིས་ལྡན་གྱི།།
རིགས་སྨྲ་འབུམ་སྡེ་ཤེས་བྱའི་ཆང་གིས་བཟི།།
དམ་ཆོས་འདུལ་བའི་དཔག་བསམ་ལྗོན་པ་ཡི།།
ཡལ་འདབ་རིན་ཆེན་ས་བོན་ལས་འཁྲུངས་པའི།།
མཚུངས་མེད་ལེགས་པར་བཤད་པའི་བཅའ་ཡིག་སྟེ།།
ལོག་སྤྱོད་གླང་སྨྱོན་འདུལ་བའི་ལྕགས་ཀྱུ་མཛད།།
པད་མའི་ཚལ་ལ་རྐང་དྲུག་འདུ་བ་བཞིན།།
རྣམ་པར་རྒྱལ་བའི་ཆོས་ཀྱི་རྫོང་ཆེན་དུ།།
ཤེས་བརྩོན་གཤོག་ཟུང་ལྡན་པའི་བློ་ལྡན་ཁྱུ།།
མ་བསྡུས་ན་ཡང་འདུ་བ་ཨ་ལ་ལ།།
མི་འཇིགས་གདོང་ལྔའི་སེང་ཆེན་ཁྲི་འཕང་རྩེར།།
བསླབ་གསུམ་བླ་གོས་རྒྱན་བཟང་ལེགས་མནབས་ནས།།
སྡེ་སྡོད་གསུམ་སོགས་ཟབ་བརླིང་ཆོས་ཀྱི་ཆར།།
སྐལ་ལྡན་མགུ་བའི་གསོས་སུ་ཅི་དགར་དྲངས།།
ཆོས་ཀྱི་སྡེ་ཆེན་མཐོ་ལས་དགོན་པ་རུ།།
མདོ་སྔགས་གཉིས་དང་ཐུན་མོང་རིག་གནས་སོགས།།
ཤེས་བྱའི་རྣམ་གྲངས་བློ་ཡིས་མི་དཔོག་པར།།
འཆད་ཉན་བཤད་སྒྲུབ་བྱ་བའི་མཛད་རྗེས་བསྐྲུན།།
སྡེ་འདིར་ཆོས་དོན་རྩོད་པའི་དབུ་བཙུགས་ཤིང་།།
ངེས་དོན་དྲན་དབང་དུ་མ་སྤྱན་དྲངས་ནས།།
ཐུབ་གསུང་ཟབ་རྒྱས་ལུང་རྟོགས་བསྟན་པ་ཡི།།
བཤད་སྒྲུབ་གསེར་གྱི་འཁོར་ལོ་བར་མེད་བསྐོར།།
གང་ཚེ་ཐུབ་པ་ཆེན་པོའི་ཞལ་སྔ་ནས།།
འབྱུང་འགྱུར་བསྟན་འགྲོའི་སྐྱབས་དང་དཔུང་གཉེན་དུ།།
ཁོང་ནི་སྤྲུལ་བའི་མཛད་པ་སྣ་ཚོགས་ཀྱིས།།
འབྱོན་པ་ལུང་བསྟན་དུས་ལ་བབས་ལགས་སམ།།
འཕགས་ཡུལ་གདན་ས་ཀུན་ན་མཁས་སྙན་གྱིས།།
ས་ཆེན་རི་རབ་གཡོ་བའི་མཛད་རྣམ་ཅན།།
ངེས་དོན་དགེ་བཤེས་འཇིགས་མེད་བསྟན་འཛིན་དང་།།
ལྷ་རམས་དཀོན་མཆོག་རྒྱ་མཚོ་འདི་རུ་བྱོན།།
རབ་འབྱམས་རྒྱལ་བའི་ལུང་རྟོགས་བསྟན་པ་ལ།།
བློ་གྲོས་འདབ་བརྒྱ་གྲོལ་བའི་པཎྜི་ཏ།།
སྙིགས་མའི་མགོན་གྱུར་སྲིད་པའི་རྒྱལ་མཚན་ལྟའི།།
སྐྱེས་མཆོག་ཨརྱ་དེ་ཝ་གླིང་འདིར་བསུས།།
འཕགས་ཡུལ་གདན་ས་གསུམ་གྱི་མཁས་པ་ཀུན།།
བྱུར་བུར་སྤུངས་ཀྱང་འགྲན་པའི་ཟླ་མེད་པའི།།
རྒྱལ་བ་བཤེས་གཉེན་ཟོལ་གྱིས་སྤྲུལ་བ་ཡི།།
གངས་ཅན་མཁས་པ་མི་བཞི་གླིང་འདིར་མཛེས།། ②
སྔོན་མེད་ལེགས་བཤད་ཚངས་དབྱངས་སྙན་འགྱུར་གྱིས།།
སྐལ་ལྡན་བུ་སློབ་རིས་མེད་མགྲོན་དུ་བསུ།།
པད་དཀར་ལྗོངས་འདིར་འཛུམ་པའི་དྲི་བསུང་གིས།།
རྐང་དྲུག་ཚོགས་རྣམས་འབོད་བཞིན་ཡི་གར་འོང་།།
བསླབ་པའི་ཚུལ་ཁྲིམས་གཙང་ཞིང་ལུས་ངག་བཙུན།།
ཤེས་བརྩོན་མེ་ཆེན་འབར་ཞིང་བསྙེན་བཀུར་ཆེ།།
བསྟན་འགྲོར་སྙིང་ནས་བརྩེ་ཞིང་བྱམས་པ་ཡི།
བློ་ལྡན་གཞོན་ནུ་སྟོང་ཕྲག་འདི་རུ་འཛོམས།།
བརྩོན་ལྡན་རྐང་དྲུག་པད་མའི་ཚལ་ལ་བཞིན།།
བློ་ལྡན་གཞོན་ནུ་ཤེས་བྱའི་གནས་ལ་ཆགས།།
བསམ་བྱུང་སྒྲོ་འདོགས་གཅོད་པའི་རྩོད་སྒྲ་ལྟར།།
བུང་བས་དར་དིར་སྦྲང་རྩི་ལེན་ལ་བྲེལ།།
དབུ་ཕར་ཚད་མ་ལ་སོགས་གཞུང་ཆེན་དང་།།
སྟོང་ཉིད་སྙིང་རྗེ་ཟུང་མཇུག་རིམ་གཉིས་གནད།།
མ་ལུས་ཤེས་བྱའི་ནམ་མཁའ་ཆེན་པོ་རུ།།
ཤེས་བརྩོན་འདབ་གཤོག་བརྐྱངས་པའི་རྒོད་པོ་མང་།།
བསྐལ་མང་བགྲང་བྱའི་འཁོར་ལོ་འཁོར་ན་ཡང་།།
སྡེ་འདིར་འཆད་ཉན་ཁོ་ནས་དུས་འདའ་བས།།
མ་སྨད་བསོད་ནམས་བཟང་བོའི་དཔལ་ལྡན་པའི།།
འོ་སྐོལ་སློབ་འབངས་རྣམས་ནི་ཨ་རེ་སྐྱིད།།
ཟབ་མོའི་ཆོས་ལ་ཐོས་བསམ་སྒོམ་པ་ཡི།།
རྣམ་དག་དོན་ལྡན་ལས་ལ་བརྩོན་པའི་མུར།།
ཕྱི་ནང་འགལ་རྐྱེན་གང་གཱའི་བྱེ་མ་བཞིན།།
གྲངས་མཐའ་མི་དམིགས་ན་ཡང་ཁྱེད་མི་འཇིགས།།
བགྲང་བྱ་བཅུ་ཕྲག་དུ་མའི་འཁོར་བར་ནས།།
ནག་ཕྱོགས་བདུད་སྡེའི་མ་རུངས་སྦྱོར་བ་ཡི།།
མདའ་ལྔའི་དུག་མཚོན་བྱེ་བ་ཕྲག་བརྒྱས་ཀྱང་།།
མི་འཇིགས་མཐུ་རྩལ་བདག་པོ་ཁྱེད་ལས་སུ།།
བྱང་ཕྱོགས་ལྕང་ལོ་ཅན་གྱི་དགའ་ཚལ་ན།།
གསང་སྔགས་གནད་ལ་རྟོགས་པ་མཐར་མཛད་ཅེས།།
ཕྱག་ན་རྡོ་རྗེ་གྲགས་པ་ཆེ་མོད་ཀྱང་།།
ཁ་བ་ཅན་འདིར་དེ་ལས་ལྷག་ཁྱེད་བཞུགས།།
ནག་ཕྱོགས་བདུད་སྡེས་ཆོས་ལ་རབ་རྒོལ་ཡང་།།
དམིགས་མེད་བརྩེ་བའི་སྤྱན་གྱིས་ཀུན་ལ་གཟིགས།།
རྒྱལ་གསུང་རིན་ཆེན་མེད་པའི་མཐའ་འཁོབ་ཀྱི།།
ཙི་ནའི་འགྲོ་རྣམས་ལྷག་པར་ཁྱེད་ཀྱིས་བསྐྱངས།།
བྱང་སེམས་འཕགས་པ་ཆེ་རྒུའི་ཁྲི་འཕང་རྩེར།།
སྙིང་རྗེའི་མངའ་བདག་མགོན་པོ་གཅིག་བུ་ཞེས།།
སྲིད་ན་གྲགས་པའི་བ་དན་མཐོ་ན་ཡང་།།
རྣམ་འདྲེན་ཁྱེེད་ལས་གཞན་དུ་དམིགས་ཡོད་མིན།།
ངེས་དོན་མཁས་ཤིང་གྲུབ་དབང་མང་ར་བ།།
སེང་གེ་རྒྱལ་མཚན་ལ་སོགས་སྐྱེས་ཆེན་གྱིས།།
སྒྲུབ་པ་ལྷུར་ལེན་མཛད་པའི་དབེན་གནས་སུ།།
སླར་ཡང་དམིགས་མེད་བསམ་གཏན་དབྱིངས་སུ་གཤེགས།།
རྣམ་འདྲེན་བདེ་གཤེགས་ཐུབ་པའི་དབང་བོ་ཡིས།།
ཅི་གསུང་ཟབ་རྒྱས་ཆོས་ཀྱི་སྙིང་བོ་ཀུན།།
ཇི་སྙེད་མ་ལུས་གདམས་ངག་ལམ་འཁྱེར་གྱིས།།
ཉམས་ལེན་ལྷུར་མཛད་བྱེད་མཁན་ཁྱེད་ཀྱང་ཡིན།།
རང་ཉིད་འཁོར་བའི་བཙོན་ལས་ཐར་ན་ཡང་།།
སྲིད་པའི་འདམ་ལ་བྱིང་བའི་འགྲོ་རྣམས་ཀུན།།
ལྷག་མེད་ཆོས་སྐུའི་རྒྱལ་སར་འཁྲིད་མཁས་པའི།།
རྣམ་འདྲེན་ཐུབ་པ་ཆེན་པོ་ཁྱེད་ཀྱང་ཡིན།།
མཁྱེན་པའི་ཕ་རོལ་ཕྱིན་པ་འཇམ་དབྱངས་སྐུ།།
མ་ཡིན་དམ་པ་ཁྱེད་ཉིད་གཅིག་བུ་སྟེ།།
ཀུན་ལ་ཉེ་རིང་མི་དམིགས་བརྩེ་ལྡན་ཡང་།།
སྤྱས་རས་གཟིགས་མགོན་མ་ཡིན་ཁྱེད་ཉིད་དོ།།
ཞུམ་མེད་སྙིང་རྗེའི་ཐུགས་སྟོབས་ཆེན་པོ་ཡིས།།
འགྲོ་རྣམས་སྐྱོང་བའི་ཁུར་ཆེན་ཕྲག་ཏུ་བཞེས།།
རྨད་བྱུང་གསུང་གི་ལེགས་བཤད་མང་བརྩམས་ནས།།
བསྟན་དང་བསྟན་འཛིན་སྐྱོང་བ་ངོ་མཚར་ཆེ།།
འོན་ཏེ་འཕགས་ཆེན་དམ་པའི་ངང་ཚུལ་གྱིས།།
རིས་མེད་འགྲོ་བར་བརྩེ་བས་གཟིགས་པ་རྫུན།།
གལ་ཏེ་བདེན་ན་མ་རིག་ལས་ཉོན་གྱིས།།
ཡང་ཡང་གདུང་བའི་བུ་ང་བརྗེད་བཟོད་དམ།།
མཐའ་བྲལ་ཤེས་བྱའི་ནམ་མཁའ་ཆེན་པོ་རུ།།
རྟོགས་པའི་རྩལ་རྫོགས་མཁས་གྲུབ་དཔུང་སྡེ་རུ།།
ཁྱེད་ཀྱིས་འཛད་མེད་ཤེས་རབ་བསྩལ་གྱུར་ན།།
ཉམ་ཐག་ངག་ནས་སྨྲེ་སྔགས་ཅིས་མི་འདོན།།
མདའ་ལྔའི་དུག་མཚོན་སྙིང་ལ་ཕོག་པ་ཡིས།།
མི་བཟད་སྡུག་བསྔལ་ཞགས་པས་འཁོར་བར་བཅུག།
མཚུངས་མེད་བློ་གྲོས་མིག་ཟུང་ལྡོངས་པ་ཡིས།།
ཆོས་ཉིད་བདེན་པའི་རང་ཞལ་ངས་མི་མཐོང་།།
མཐོང་བ་ཙམ་གྱིས་ཡིད་ཀྱི་གདུང་སེལ་ཞིང་།།
གསུང་གཅིག་གིས་ཀྱང་སྡུག་བསྔལ་འཇོམས་གྱུར་ན།།
འཁོར་བའི་གྲོང་འདིར་ཆོས་མིན་འཁྲུལ་བ་ཡིས།།
རྟག་ཏུ་མནར་བའི་བུ་ང་བརྗེད་གྱུར་ཏམ།།
ཐོག་མེད་དུས་ནས་འཁོར་བར་འཁྱམས་ཡུན་རིང་།།
ལས་ཉོན་ནད་ཀྱིས་ཡང་ཡང་གདུང་བ་མང་།།
བདག་འཛིན་བདུད་མོའི་ལག་པས་མི་གཏོང་བས།།
ཀྱེ་མ་ཐར་བའི་ལམ་སྣེ་ནམ་ཞིག་མཐོང་།།
དཔག་མེད་བསྐལ་བའི་ཡུན་ལ་འགྲོ་རྣམས་ཀྱི།།
སྡུག་བསྔལ་ཁུར་དུ་ལེན་པའི་སེམས་དཔའ་ཁྱེད།།
ཤིན་ཏུ་གདུལ་དཀའི་བླུན་པོ་བདག་མཐོང་ནས།།
ཐུགས་སྟོབས་རེ་ཞིག་ལྷོད་པར་གྱུར་ལགས་སམ།།
མ་ཡིན་རྒྱུ་འབྲས་ཆོས་ཉིད་བསླུ་མེད་པས།།
སྐལ་དམན་བདག་ལ་ལས་ཀྱི་རྣམ་སྨིན་འཁོར།།
དེ་ལས་འཕགས་ཆེན་རིགས་གསུམ་མགོན་པོ་ཁྱེད།།
ཕྱོགས་རིས་སྐྱོན་གྱི་དྲི་མས་གོས་པ་མེད།།
དགེ་ལྡན་བསྟན་པའི་གསལ་བྱེད་ཉི་མ་དང་།།
བསྟན་འཛིན་བུ་སློབ་སྐྱོང་བའི་མགོན་ཁྱེད་གཉིས།།
འཁྲུངས་པའི་ཡུལ་དུས་སོ་སོར་ཡོད་ཙམ་ལས།།
སྐུ་དྲིན་ཐ་དད་དབྱེ་བའི་དཔེ་ཡོད་མིན།།
གང་ཞིག་ཁྱེད་ཀྱི་མཛད་འཕྲིན་ནམ་མཁའི་མཐའ།།
བྱ་རྒོད་ཉིན་ཞག་བྱེ་བར་འཕུར་ན་ཡང་།།
འདི་དང་འདི་ཞེས་མཐའ་ནི་མི་དཔོག་ན།།
ཁོ་བོའི་རིག་བྱེད་ཙམ་གྱིས་ཅི་ལྟར་མཚོན།།
ཡིན་ཡང་ཅུང་ཙམ་ངལ་བའི་རྔུལ་ཆུ་ཡིས།།
རྟོགས་བརྗོད་དཔག་བསམ་ལྗོན་པ་འདི་བསྐྲུན་པས།།
ཟག་མེད་ཆོས་ཀྱི་འབྲས་བུ་ཆེན་པོ་ཡིས།།
སྐྱེ་དགུ་ཡོངས་ཀྱི་རེ་བ་ཀུན་སྐོང་མཛོད།།
མི་རིང་བདག་ཀྱང་དངོས་འཛིན་འཁྲུལ་བ་ལས།།
ཡོངས་སུ་གྲོལ་ཞིང་ཆོས་སྐུའི་དཔལ་ཐོབ་ཤོག།
ཟུང་འཇུག་གོ་འཕང་མངོན་དུ་གྱུར་ནས་ཀྱང་།།
བསྟན་འགྲོའི་ཁུར་ཆེན་མ་ལུས་མཐར་ཕྱིན་ཤོག།
དེ་བཞིན་འགྲོ་ལ་སྙིང་ནས་བརྩེ་བ་ཡི།།
མགོན་ཁྱེེད་བསྐལ་བ་ཇི་སྲིད་གནས་གྱུར་བ།།
དེ་སྲིད་ཉམ་ཐག་སེམས་ཅན་མ་ལུས་པའི།།
སྐྱབས་དང་དཔུང་གཉེན་ཁོ་ནར་བཞུགས་སུ་གསོལ།།
འགྲོ་ལ་བྱམས་པ་ཐུགས་རྗེ་ལྕགས་ཀྱུའི་མཐུས།།
མི་འདོད་སྡུག་བསྔལ་འཁོར་བའི་མུན་གསེབ་ཏུ།།
མ་རིག་དགྲ་བོས་ཆེས་ཆེར་གདུང་བ་ཡི།།
སྐྱེ་དགུ་འགྲོ་རྣམས་མ་བསྐྱུར་སྐུ་ཚེ་བརྟན།།
མདོར་ན་བསྟན་དང་འགྲོ་བའི་བདེ་སྡུག་ཕྱིར།།
སྐུ་ཚེ་མི་ཤིགས་རྡོ་རྗེ་བྲག་རི་བཞིན།།
གཞོམ་གཞིག་མེད་པར་ཇི་སྲིད་བར་དུ་ནི།།
བཞུགས་ནས་བསྟན་འགྲོ་ཀུན་ཀྱི་སྐྱབས་གནས་མཛོད།།
ཅེས་ཀྱང་འཛིན་མའི་ཁྱོན་ལ་སྙན་པའི་གྲགས་པ་འབར་ཞིང་། སྲིད་པའི་རྒྱལ་མཚན་ལྟ་བུའི་གདན་ས་ཆེན་མོ་མཐོ་ལས་དགོན་རྨད་བྱུང་ཐོས་བསམ་དར་རྒྱས་གླིང་གི་དགེ་འདུན་བྱེ་བའི་གཙུག་རྒྱན་དམ་པ། ལུང་རྟོགས་བསྟན་པའི་མངའ་བདག་ཆེན་མོ་སྟེ། སྐྱབས་གནས་མཁན་རིན་པོ་ཆེ་༧ ཨ་ཁུ་ངག་དབང་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་གསང་གསུམ་རྨད་དུ་བྱུང་བའི་ཡོན་ཏན་ལ་བསྔགས་པ་བརྗོད་ཅིང་། ཟབ་རྒྱས་ཆོས་ཀྱི་མཚོ་མོར་འཇུག་པའི་བློ་གྲོས་དང་ལྡན་པ། བསླབ་གསུམ་རྒྱན་གྱིས་མངོན་པར་མཛེས་པའི་འདུལ་འཛིན་གྱི་རྒྱལ་བོ་ཆེན་པོ་ཁོང་གི་རྟོགས་པའི་ཡོན་ཏན་གྱི་ཆ་ཕྲ་མོ་ཕྲ་མོ་ཙམ་བརྗོད་པའི་སྙན་ངག་རིང་མོ་སྟེ། རྟོགས་བརྗོད་མལླཱིཀའི་དྲི་བསུང་ངམ། ཡང་ན་གཞུང་ཚད་ཤོ་ལོ་ཀ་བརྒྱད་ཅུས་གྲངས་ངེས་པ་ཡོད་པས་བསྟོད་པ་བརྒྱད་ཅུ་བ་ཡང་བྱ་བའི་རིག་བྱེད་སྙན་ངག་རིང་མོ་འདི་ནི། བོད་ཁ་བ་གངས་རིའི་ལྗོངས་ཀྱི་བཙུན་པའི་གྲལ་མཐར་གནས་པ། སྐྱེ་བོ་ཕལ་བས་སྨོད་གནས་སུ་གྱུར་བ། ཡུལ་འཁྱམས་པ་ལྡོང་རྒྱུད་ཕུན་ཚོགས་བསོད་ནམས་སམ། བླ་དྭགས་ཀྱི་མིང་གཞན་ལ་ལྡོང་བཙུན་པ་རུ་འབོད་པའི་སྐྱེ་བོ་བློ་དམན་པ། ཉི་ཤུའི་ན་སོ་ཅན་གྱི་བཙུན་གཟུགས་ཐ་མལ་བ་དེས། སྙན་གཞུང་ཆེན་མོ་མེ་ལོང་མའི་ལུགས་བཞིན། དོན་རྒྱན་སོ་ལྔ་སོགས་སྲོལ་རྒྱུན་སྙན་ངག་གི་འབྲི་ཐབས་ལས་བརྩམས་པའི་ཁུལ་བྱས་པ་ཞིག་ཡིན་ཞིང་། འདི་ལྟ་བུའི་རྟོགས་བརྗོད་ཅིག་འབྲི་བའི་འདུན་པ་དང་དགོས་པ་གཙོ་བོ་གང་ཡིན་ཞེས་སྨྲས་ན་ནི། དགོས་པ་གཙོ་བོ་འདིའོ་ཞེས་དམིགས་སུ་བཀར་ནས་གླེང་རྒྱུ་ཞིག་མེད་མོད། ཡིན་ཡང་རང་ཉིད་གྲགས་འདོད་དང་གཞན་གྱི་ཁ་ཡག་རྣ་རྒྱན་སོགས་ལ་རེ་སྟེ་ཀུན་སློང་མི་དགེ་བའམ་སེམས་རྒྱུད་མ་དག་པ་ཞིག་གིས་རྒྱུད་བསྐུལ་ནས་བྲིས་པ་ཞིག་གཏན་ཐག་པ་ནས་མ་ཡིན་ལ། ཡང་རང་ནི་ན་སོ་ཆུང་བའི་དུས་ནས་བཟུང་སྟེ་མགོན་བླ་མ་སྐུ་དྲིན་ཅན་ཚོའི་བཀའ་སློབ་ལམ་སྟོན་ཟབ་མོའི་མཐུ་སྟོབས་ཀྱིས། སྐྱེས་བུ་དམ་པའི་ཚོགས་ཇི་སྙེད་ཅིག་མཆིས་པ་ཀུན་གྱི་ཡོན་ཏན་ལ་ཤིན་ཏུ་བློ་ཕྱོགས་ཤིང་དད་གུས་ཀྱང་ཚད་མེད་ཡོད་པ་ཞིག་ཅི་ནས་ཀྱང་ལགས་ལ། ལྷག་པར་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟབ་མོའི་བཀའ་མཐའ་དག་ལས། གསུང་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་གདམས་ངག་ཏུ་གོ་བའི་མཉམ་མེད་ཇོ་བོ་ཆེན་པོ་ཨ་ཏི་ཤ་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས །དེ་བཞིན་དུ་དགེ་བཤེས་པོ་ཏོ་བ་དང་། སྤྱན་སྔ་བ། ཕུ་ཆུང་བ། གླང་རི་ཐང་བ་དང་ཤ་ར་བ་སོགས་བཀའ་གདམས་པའི་སྐྱེས་ཆེན་དམ་པ་ཁོང་ཚོར་ཤིན་ཏུ་གུས་ཤིང་དད་ལ། ད་རེ་འདིར་སྐྱེས་བུ་དམ་པ་ཁོང་གིས་མཛད་པའི་གཞུང་ཆེན་མདོ་སྔགས་གཉིས་ཀྱི་བསྡུས་དོན་ལྟ་བུའི་བཀའ་གདམས་མན་ངག་གི་མཛོད་དུ་གྱུར་བ། ལམ་རིམ་བཀའ་དགེའི་ཞལ་ལུང་ཞེས་པའི་བསྟན་བཅོས་ཆེན་མོ་དེའི་དབུ་ཞབས་ཆ་ཚང་བར་ཐོས་བསམ་བྱེད་པའི་སྐལ་བཟང་མངོན་དུ་ཤར་བ་བྱུང་བས་དེར་ཤིན་ཏུ་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་། སྔར་དམ་པ་འདིས་ཀྱང་བསྟན་འགྲོ་གཉིས་ཀྱི་བྱ་བ་རླབས་ཆེན་པོ་དེ་དག་ཁུར་དུ་བཞེས་པའི་སྐུ་གསུམ་གྱི་མཛད་པ་ཇི་སྙེད་པ་ཡོངས་ལ་ཞེ་གཏིང་ནས་རྗེས་སུ་ཡི་རང་ཞུས་པ་དང་།འབྱུང་འགྱུར་ཡང་དམ་པ་ཁོང་གིས་བསྟན་འགྲོ་སྤྱིའི་དོན་རྒྱ་ཆེན་པོ་འགྲུབ་པའི་སྨོན་ལམ་དང་། སྐལ་དམན་བདག་གིས་ཀྱང་བསྐལ་བ་འབུམ་ཕྲག་ལ་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དྲི་མ་འདག་ཅིང་ཚོགས་གཉིས་ས་བོན་འཕེལ་བ།དོན་གཉིས་ལྷུན་གྱིས་གྲུབ་ཅིང་བསྟན་འགྲོའི་དོན་རྒྱ་ཆེན་པོ་བྱེད་པར་དཔའ་མི་ཞུམ་པའི་སེམས་བསྐྱེད་དང་། ཟབ་བརླིང་ཆོས་ཀྱི་མཚོ་མོར་འཇུག་པའི་ཤེས་རབ་ཟབ་པ་འཐོབ་པའི་སྨོན་ལམ་དང་། གང་ཐོས་བསམ་བྱས་པའི་ཆོས་དོན་དེ་དག་ཀྱང་མི་རིང་བར་སེམས་རྒྱུད་ལ་འབྱོར་བའི་གདམས་པ་ཟབ་མོའི་དངོས་གྲུབ་རེ་འཐོབ་ཕྱིར། བཅོས་མིན་དད་སྟོབས་ཀྱིས་ས་བོན་བསྐྲུན་པའི་མཆོད་བསྟོད་འདི་ཉིད་བརྩམས་པ་ལགས་ན། འདིས་ཀྱང་དུག་སྦྲུལ་གྱི་ཚང་ལྟ་བུའི་ལས་ཉོན་གྱི་འཁོར་བའི་བཙོན་རའི་ནང་དུ། ཤིན་ཏུ་ཉམ་ཐག་པའི་འགྲོ་བ་སེམས་ཅན་ཀུན་ལ་ཐར་བའི་ལམ་སྣེ་རེ་སྟོན་པའི་རྒྱུ་བཟང་བོ་དང་། དེ་འདྲའི་སྙིང་རྗེའི་ཡུལ་དུ་གྱུར་བ་རྣམས་ལའང་ཕན་པ་རེ་འབྱུང་བར་སྨོན་ཞེས་ཡང་ནས་ཡང་དུ་གསོལ་འདེབས་དང་སྨོན་ལམ་གཙང་མས་རྒྱུད་བསྐུལ་ཏེ། ཡུལ་མདོ་སྨད་ཀྱི་སའི་ཆར་གཏོགས་པ། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཉེ་འཁྲིས། མང་ཆུ་སྔོན་མོའི་འགྲམ་ཟུར། རང་སེམས་ཆོས་ཀྱིས་སྨྱོས་པའི་ཆོས་གྲྭ་ཆེན་མོ། དབེན་གནས་མི་འགྱུར་བསམ་གཏན་གླིང་དུ་ཟླ་ཚེས་བཟང་བོར་བྲིས་པ་དགེ་གྱུར་ཅིག།།། བི་ཛ་ཡནྟུ།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།