སྤོས་ལྡན་གྲོང་ཁྱེར་ཉུལ་བའི་མཐོང་ཐོས་རང་སྣང་གང་དྲན་ཞེས་བྱ་བ།
ཉིན་རིང་ནམ་ཟླ་འཇམ་པའི་དབྱར་གཞུང་གི་དུས་ལ། །
རྨ་ཆུ་ལི་མའི་འགྲམ་ངོགས་ཁྲ་རྒན་གྱི་སྒར་ཁར། །
གནའ་མཁར་ཟི་ལིང་གྲོང་ལ་འགྲོ་འདུན་དང་བཅས་ཏེ། །
སྒར་མཐའི་ལམ་ཆེན་སྐུད་པ་ཉིན་ཞག་ལ་འཐེན་སའི། །
ནང་དུ་མགྱོགས་བགྲོད་རླངས་འཁོར་བདེ་མོ་རུ་བུད་དེ། །
སྐད་ཅིག་འུར་ཟིང་བྲེལ་གཉིས་ཅི་འདོད་དུ་ཡོད་ས། །
གྲོང་ཁྱེར་གྲོག་ཚང་འདྲ་བའི་བཞི་མདོ་ལ་བྱུང་སོང་། །
དེ་གར་འཕུར་ན་སྤྲིན་རིམ་གོང་མ་ནས་ལྡིང་མཁན། །
མྱུར་མགྱོགས་གནམ་གྲུར་བསྡད་དེ་ཤར་རྒྱག་གིས་འཕུར་ཏེ།།
བར་སྣང་མཐོ་སར་གངས་དང་རི་བོ་སྟོང་བརྒལ་ན། །
ཕྱོགས་བཞིའི་ལྟད་མོས་མིག་ལ་དཔྱིད་དཔལ་དེ་སྩོལ་ཀྱང་།།
ཉིན་དེར་གནམ་གཤིས་ངན་ཞིང་སྨུག་སྤྲིན་གྱི་སྒྲིབ་པས། །
ཅི་ཡང་མཐོང་སྐལ་མ་བྱུང་གློ་བུར་གྱི་འགྲུལ་བཞུད། །
བསམ་དང་མ་བསམ་ཙམ་གྱིས་སྤོས་ལྡན་གྱི་ཡུལ་ལ། །
གླག་རྒོད་གཟན་ལ་འབབ་པའི་ངང་ཚུལ་གྱིས་བབས་སོ། །
དལ་བུས་སྲང་ལམ་འགྲམ་ནས་ཕྱོགས་ཕྱོགས་སུ་བལྟས་ན། །
སྣུམ་ཞིང་དྲི་བཟང་འཐུལ་བའི་ལྗོན་ཤིང་གི་དབུ་རྩེ། །
ཐོག་བརྩེགས་བརྒྱ་ལྷག་བརྩིགས་པའི་ཁང་རྒན་ལས་འཕགས་ཤིང་། །
ནགས་ཚལ་ཤིན་ཏུ་སྟུག་པའི་གཡས་གཡོན་གྱི་སྲང་འགྲམ། །
ཙ་ཙི་འུར་སྒྲ་མཐོ་བའི་འབུ་སྐད་ཀྱིས་ཁེངས་ཡོད་། །
གཉེར་ལ་སྐྱ་ཐག་ཆོད་ཅིང་སྣ་ཉག་གི་གདོང་རྐོ། །
མཐོང་མ་ཐག་ནས་ཁྱོད་ཀྱང་ཟི་ཁྲོན་གྱི་རྒྱ་རེད། །
མི་འདོད་རང་དབང་བྲལ་བའི་ཉམས་འགྱུར་དང་སྐད་ཆས།།
ངེས་པར་སུན་སྣང་སྟེར་བའི་རིགས་རྒྱུད་དེས་ཁྱབ་ཡོད། །
གཞུང་ལམ་རྐང་ལམ་དབྱེར་མེད་ལམ་ཡོད་ཀྱི་མཐའ་ཀུན། །
ཚེ་དང་བསོད་ནམས་ཟད་པའི་སྲིན་བུ་རྣམས་འདུས་ཤིང་།།
མི་དང་རླངས་འཁོར་རྒྱུག་པས་ལེབ་མོ་རུ་གཅིར་བ། །
བརྩེ་བ་ཅན་གྱིས་བལྟས་ཚེ་མིག་གིས་ནི་བཟོད་དཀའ། །
སྟ་གོན་བྱེད་དབང་མི་སྟེར་རླུང་མེད་ཀྱི་ཆར་ཞོལ། །
མགོ་ནས་ཤག་སེ་ལྡུག་པའི་ཀུ་རེ་ནི་ཐེག་དཀའ། །
མཆུ་རྩེ་ཁབ་ལྟར་རྣོ་བའི་ཁྲག་རྔུབ་ཀྱི་དུག་སྦྲང་། །
གར་ཐོན་མི་ངེས་ནམ་འཚེའི་འཇབ་རྒོལ་ཡང་འགོག་དཀའ།།
པདྨ་ཅན་ཞེས་བྱ་བའི་ཚ་རླབས་ཀྱི་ཡུལ་ནས། །
ཉིན་ལྔར་བསྡད་པའི་ལྷུ་དྲུག་ཤ་རྒྱུད་བཞིན་བཙོས་ཤིང་། །
ཁང་བརྩེགས་ཤེལ་གྱིས་བཞེངས་པའི་ཡང་ཐོག་ཏུ་འགོས་པས།།
ཤ་དང་རྐང་གིས་གྲུབ་པའི་སུག་གཉིས་ཀྱང་སྦྲུད་སོང་། །
འཇིག་རྟེན་གསར་བར་འབོད་པའི་ཚོང་ར་དེ་མཛེས་ཤིང་།།
ཟུང་ལྡན་མཆོད་རྟེན་ཟེར་བའི་ཀ་ཆེན་གཉིས་མཐོ་ཡང་། །
ན་གཞོན་རྒྱུ་སྟོབས་ཆེ་བའི་མཚན་ཚོགས་ཀྱི་གནས་ལས། །
དོན་ཆེན་ལས་ཀར་བྲེལ་ལ་དགོས་མཁོ་རང་མི་འདུག །
འཕགས་པ་ཀུན་ཏུ་བཟང་པོའི་གནས་ཡུལ་དུ་གྲགས་ཤིང་།།
གླང་ཆེན་འགྱིང་རི་ཞེས་ཏེ་ཡོངས་གྲགས་སུ་འབོད་སར། །
དད་པ་ཅན་ལ་འགོག་མེད་འགྲོ་འདུན་ནི་འཕྱུར་བས། །
ང་ཡང་ནངས་མོ་ཉི་གཞོན་གསར་པ་དང་འགྲོགས་ཏེ། །
གྲོང་ནས་རི་མཐར་བགྲོད་པའི་མེ་འཁོར་ལ་བསྡད་ནས། །
སྔ་མོར་རི་རྩ་འབྱོར་དུས་མཇལ་བ་ཡི་ཚོགས་རྣམས། །
ཡར་མར་འགྲོ་འོང་གྲོག་མའི་འདུར་རྒྱུག་དང་མཚུངས་ཨང་། །
མར་ཡོང་ཨ་ཁུ་གཉིས་ལ་རི་ལམ་དེ་དྲིས་ཤིང་། །
མི་ལྡོག་བརྩོན་པས་རྐང་བགྲོད་ཐག་བཅད་དང་བཅས་ཏེ། །
ང་དང་ཨ་ཞང་ཆུང་བའི་བུ་ཚ་དང་མཉམ་གཅིག །
རི་གཟར་ནགས་ཚལ་སྟུག་པོའི་ཡར་ངོས་ལ་འཁོར་ཏེ། །
གོམ་རྗེས་གོམ་པའི་གནོན་པའི་ཉེ་བསྡོགས་ལ་ཞུགས་ཚེ། །
ངོ་གཟར་གྱེན་ལ་འཁོར་ན་སྐས་རིམ་གྱི་གོང་མ། །
ཁ་དང་མ་ནེ་གཉིས་ལ་ཐུག་སྙམ་ཞིག་འོང་ངོ་། །
སྔ་དྲོ་ཆུ་ཚོད་དགུ་བའི་མཚམས་ཙམ་ནས་བཟུང་སྟེ། །
དབྱར་ཟླ་ལྔ་བའི་ཉིན་རིང་སྐྱ་མོ་ཞིག་བཀོལ་ནས། །
དབུ་རྩེས་སྤྲིན་པ་ཟ་བའི་གྲགས་ཅན་གྱི་གནས་རིར། །
ཅི་འདུག་དངོས་སུ་བལྟ་བའི་རྐང་ལམ་ལ་ཞུགས་སོ། །
ཡར་འགྲོ་རི་ལ་འགོས་ཏེ་རྒྱང་གྲགས་ཙམ་སོང་ན། །
གློ་བུར་ཤིང་ནགས་ལོ་མས་ཡུལ་ཕྱོགས་དེ་ཁེབས་སར། །
ལམ་ཀྱི་ཐག་སྣེ་གསེག་ནས་རི་རྟིང་ལ་ཤོར་འགྲོ། །
དེ་ལྟར་ལམ་གྱི་འཕེན་པ་མ་རྫོགས་ཀྱི་བར་ལ། །
རྐང་ལམ་གཅིག་ལས་མེད་ཀྱང་ཡ་ཡོ་ནི་མང་ངོ་། །
ཀུ་རེ་རྩེད་པ་ལྟ་བུའི་ཡར་འཐེན་དང་མར་གུག །
བརྒྱ་ཕྲག་བརྒལ་ནས་སོང་ན་ནགས་བར་གྱི་ནམ་མཁའ། །
ཟུར་ཙམ་མཐོང་བའི་ཚུ་རིའི་རྩེ་མོ་ཙམ་བསླེབ་ན། །
ད་ནི་ཐོན་ནོ་སྙམ་ཚེ་ལམ་ཕྲན་གྱི་མས་སྣེ། །
གློ་བུར་ཕ་གིའི་རི་བོའི་ངོས་ཤིག་ལ་འཐེན་འགྲོ། །
ཡར་འགྲོ་མར་འགྲོ་སྟོང་ལྡན་རྒྱུ་ཕྲན་གྱི་དབྱིབས་ཅན།
ལམ་དེ་དེད་པའི་རྒྱ་མི་སློབ་ཆེན་ཡིན་ཟེར་མཁན། །
དུ་མ་ལམ་དུ་ཆད་ནས་ཀུམ་པ་དང་ནུར་བ། །
ཁ་ཅིག་ཡར་ལ་མ་ཐོན་ཕྱིར་འགྲོ་ཡང་བྱེད་མི། །
མ་ཡིན་མུ་མཐུད་ངར་དང་སྟོབས་རྩལ་གྱིས་འགོ་མི། །
ཅི་རིགས་མཐོང་ཞིང་ངེད་ཀྱང་ཆད་སྣང་རེ་བྱུང་ན། །
ཁུག་མར་བཅུག་པའི་གཏེར་ཆུ་ཧུབ་གང་རེ་འཐུང་རྗེས། །
ཚད་པས་གདུང་བས་རྔུལ་ནག་ཁྲོམ་བུ་སྟོང་གཏོར་བཞིན། །
སོང་ན་མི་འདྲ་སྣ་ཚོགས་དགོན་ཆུང་དང་མགྲོན་ཁང་། །
འཕྲད་ཚེ་ཨ་ཙི་འདི་ལ་རྐང་ཐང་བ་འགྲོ་དཀའ། །
དེས་ན་ཀ་གདོང་སྦོམ་པའི་རྒྱ་ཕིབས་ཅན་འདི་དག །
སྐྱེས་ཆེན་ཡང་ན་སྤྲུལ་བའི་ལྷ་ཚོགས་ཀྱིས་བཞེངས་སམ། །
སྙམ་པའི་ཐེ་ཚོམ་དོགས་པ་དབང་མེད་དུ་འཕྱུར་ཡོང་། །
ཡར་སོང་ལམ་འགྲམ་གཙང་ཞིང་ཆུ་ཕྲན་གྱིས་བརྒྱན་པ། །
བཞུར་སྒྲ་དྭངས་གསལ་མདངས་ཀྱིས་ཡིད་དབང་ཡང་འགུག་པ། །
མཐའ་ན་ནགས་དང་བྲག་རིའི་རྔམས་བརྗིད་ཀྱང་མཚར་བ།།
ལྗོན་ཐོག་བྱ་རིགས་སྟོང་གིས་དབྱངས་སྙན་ཡང་གཏོང་བ། །
ཙོག་ནས་བསྡད་ན་ངལ་བའི་སྣང་བ་ཀུན་སངས་ས། །
བྱེའུ་དང་སྡེར་ཆགས་ཆུང་རིགས་བག་ཡངས་སུ་རྒྱུ་ས། །
པར་དང་སྒྲ་ལ་དགའ་བའི་མི་རྣམས་ཀྱང་དལ་བུར། །
རང་རང་སེམས་ཀྱི་བདེ་བའི་གཏིང་རིམ་དེ་འཚོལ་ས། །
སེམས་ལྡན་སྣ་ཚོགས་འདུས་ཤིང་འཚེ་མེད་ཀྱི་མཉམ་གནས།།
ཕན་ཚུན་བློས་ཐུབ་གུ་ཡངས་སྤྲོ་བདེ་ཡིས་ཁེངས་ཡོད། །
དེ་ལྟར་མཚམས་མཚམས་ལམ་གྱི་མཚར་ཉམས་ཀྱང་མཐོང་ཐུབ། །
ཡང་ན་ཤིང་ཕྲན་ཡལ་གས་ལམ་ཁ་ཡང་འགོག་པ། །
གཡས་གཡོན་རྣོ་གཅོད་མཚོན་གྱིས་ནགས་ཚལ་ལ་འཚེ་བ། །
གཏུབ་པའི་ཡལ་འདབ་ཐམས་ཅད་བག་མེད་དུ་སྤུངས་པ། །
འགྲོ་ཞོར་དོར་བའི་གད་སྙིགས་འགྱིག་སྣོད་ཀྱིས་སྦགས་པ། །
ཐ་ན་ལྭ་དང་མགོ་དཀྲིས་ཁ་ཐུམ་ཡང་བོར་བ། །
ལམ་འགྲམ་ཟས་རིགས་རིན་གོང་གནམ་ལས་ཀྱང་མཐོ་བ། །
སྨད་ནས་ཁུར་ཡོང་ཞེས་པའི་གནས་ལུགས་ཀྱང་འདྲེན་པ། །
ཚུལ་དེར་བསམ་ན་ངོ་མ་ཁག་མེད་ཀྱང་འདོད་པ། །
ལ་སོགས་སྣ་ཚོགས་སྣང་ཚུལ་ཅི་རིགས་ཤིག་བརྒྱུད་དེ། །
དགོང་ཁ་ཉི་མའི་ཟུར་མིག་རིའི་ཕག་ནས་འཕེན་དུས། །
རི་སྐེད་མཐོ་སའི་མགྲོན་ཁང་ཤིང་སྒར་དུ་ཆགས་སར། །
གནས་ཚང་གཏོང་བའི་གྲོས་ཐག་བཅད་པ་ནི་བྱས་ཏེ། །
ཁང་མིག་གཅིག་ཙམ་བླངས་ཏེ་རིན་གོང་ལ་བརྟག་ན། །
གནས་དེའི་མགྲོན་ཁང་རིན་གོང་དམིགས་བསལ་གྱིས་མི་མཐོ། །
རྒྱུན་ལྡན་འདུག་སའི་སྡོད་ཁང་གཞན་དག་དང་གཅིག་གོ།
དེ་ན་ཤིན་ཏུ་མཐོ་བའི་རི་སྐེད་ཀྱི་མགྲོན་སྒར། །
ཐག་རིང་གནམ་མཐའི་ཉི་ཟེར་སྤྲིན་དཀར་གྱི་ཕུང་པོ། །
ནགས་རིའི་གོས་སུ་གྱོན་པའི་སྨུག་དུམ་གྱི་རྒྱུ་བ། །
ཐག་ཉེར་རླུང་གིས་སྒུལ་བའི་སྡོང་རྒན་གྱི་རྩེ་མོ། །
ཕྱོགས་བཞིར་ངད་ཀྱིས་ལྡང་བའི་ལྗོན་ཚོགས་ཀྱི་དྲི་བཟང་།།
ཁྱོན་ཡངས་ར་སྐོར་ནང་གི་སོས་དལ་གྱི་མགྲོན་ཚོགས། །
གང་ལ་བལྟས་ཀྱང་གྲགས་ཅན་གནས་རི་ཡི་རྐེད་ན། །
གནས་གྱིས་བྱིན་གྱིས་རླབས་པའི་སེམས་ཅན་གྱི་བདེ་སྐྱིད། །
ཕྱོགས་གཞན་གནས་པའི་འགྲོ་ལས་ཁྱད་འཕགས་སུ་ཡོད་པ།།
རང་མྱོང་རིག་པའི་ངོས་ནས་ཚད་ཐུབ་ཏུ་དཔག་ཡོང་། །
ཉི་མ་དལ་གྱིས་རི་བོའི་ཕར་རྒྱབ་ཏུ་བཞུད་ཤུལ། །
མཐའ་བཞིའི་སྤྲིན་པ་དམར་སེར་མདངས་བཟང་གིས་ཚིམས་ཏེ། །
ག་ལེར་མུན་པའི་རྒྱ་མཚོ་སྐར་ཚོགས་ཀྱིས་ཁེབས་སོང་། །
ངེད་ཅག་རང་བྱུང་ཆེན་མོའི་དངོས་གྲུབ་ལྟར་གནང་བའི། །
ཤིང་ཁང་ཀ་བཞི་མཐོ་བའི་དཀྱིལ་ཞིག་ནས་བསྡད་ཅིང་། །
འགྲོ་རོགས་སྨད་རྒྱ་གཞོན་ནུ་རྐང་མགྱོགས་ཅན་དེ་ཡིས། །
ས་ནི་རུབ་ཀྱང་དེ་དགོང་རི་རྩེ་ལ་འགྲོ་ཞེས། །
མ་བསྡད་ཤར་གྱིས་སོང་ངོ་ངེད་སྤུན་གཉིས་བསྡད་བཞག །
ཁང་བའི་འགྲམ་གྱི་ཁྲུས་ཁང་བཅུ་ཕྲག་ཅན་དེ་ནས། །
དལ་བུར་གཙང་མའི་ཁྲུས་ཀྱིས་ལུས་ཁམས་ཞིག་གསོས་ཏེ། །
བདེ་བའི་མལ་ལས་གཉིད་ཀྱི་རྒྱལ་ཁམས་ལ་ཆས་སོ། །
ནངས་མོ་སྔ་ན་རི་རྩེའི་ཉི་ཟེར་དང་སྤྲིན་པས། །
རི་བོ་འོད་ཟེར་ཅན་ཞེས་མཚན་སྙན་དེ་འབར་དོན། །
མཆོག་གྱུར་གནས་ཀྱི་དག་ཞིང་མངོན་སུམ་དུ་མཇལ་སྐད། །
ཐོས་པས་མཚན་གུང་ཆུ་ཚོད་གསུམ་པ་ནས་ལང་སྟེ། །
མགྱོགས་དལ་རན་པའི་གོམ་འགྲོས་གྱེན་ཕྱོགས་སུ་བསྒྱུར་ན།།
སྐྱ་རེངས་མ་གསལ་སྔོན་གྱི་དུས་མཚམས་དེ་ཙམ་ལ། །
རི་བོའི་ཕྲག་གི་ཚོང་སྡེའི་གྲོང་ཚོ་ལ་སླེབ་སོང་། །
རི་ལ་འགྲོ་ན་འཁྱག་པས་ལྭ་བ་འདི་ཉོས་ཞེས། །
འབོད་མཁན་སྐུལ་མཁན་བྱུང་ཡང་དབྱར་གཞུང་གི་དཀྱིལ་ལ། །
འཁྱག་ཀྱང་ཕྱིད་པའི་དཔེ་ནི་ཡོད་རབས་དེ་མི་སྲིད། །
ཅེས་ཏེ་རང་རང་ལྭ་ལས་ལྷག་མ་རང་མ་ཉོས། །
འཛུལ་སྒོའི་འགྲམ་ནས་རིམ་བཞིན་འཛིན་བྱང་ཀུན་ཉོས་ཏེ།།
གུས་ཡོད་ལུགས་མཐུན་ངང་གིས་གྲལ་རིམ་ནི་བསྒྲིགས་ཀྱང་། །
བདག་གི་ཐོབ་དཔང་གློག་ཀླད་ཁོག་པ་རུ་ཤར་ཚེ། །
ཁྱོད་ལ་ཆབ་སྲིད་ཉེས་པའི་ཡིག་ཚགས་ནི་གདའ་བས། །
འདི་ནས་ཡར་ལ་འགྲོ་བའི་ཆོག་མཆན་ནི་མེད་ཅེས། །
ལམ་བགྲོད་ཟུར་གྱི་ལྕགས་དྲ་གྲུ་བཞི་རུ་བཀག་བྱུང་། །
ཁ་སང་རྐང་བགྲོད་རིང་མོའི་ངལ་བ་ནི་ཅི་བྱུང་། །
འདི་ནས་བཀག་ན་ཐམས་ཅད་དོན་མེད་དུ་འགྱུར་ཞེས། །
བུ་ཚས་གནད་དོན་གཅིག་ཀྱང་འབྱུང་བ་ནི་མི་སྲིད། །
གལ་ཏེ་དོན་དག་ཅི་དང་གང་ཞིག་ནི་བྱུང་ན། །
དེ་ཡི་མགོ་མཇུག་བར་གསུམ་ང་ཡིས་འགན་ཁུར་ཆོག །
ཟེར་བཞིན་དམ་ཡིག་ནག་པོར་ཐེལ་དམར་ཞིག་མནན་ཏེ། །
འགྲོ་རུ་འཇུག་པའི་ཆོག་མཆན་ལེན་ཐབས་ཤིག་བྱུང་སོང་།།
བར་སྣང་ཁམས་ནས་རི་རྩེར་འདེགས་སྐྱེལ་གྱི་སྒམ་ནང་། །
ཤར་གྱིས་རི་བོ་མཐོན་པོའི་སྤྱི་གཙུག་ཏུ་བསྐྱལ་སོང་། །
རི་མཐོ་རླུང་ལྡང་སྨུག་པས་ཕྱོགས་ཀུན་ནས་གཡོགས་པས། །
གོམ་གསུམ་མཚམས་ཀྱང་མཐོང་བའི་ཚོད་ཅིག་ནི་མ་རེད། །
ཨ་ཧོ་ཙག་དང་སྨུག་པ་ཤར་རྒྱག་གིས་བྱུང་ན། །
མགོ་ལུས་ཀུན་ལ་ནད་བཅོས་དུག་སེལ་ཞིག་བྱས་འདྲ། །
ནམ་ཐོན་མ་ངེས་མི་ཚོགས་གྲངས་མེད་ཀྱི་འདུ་འཛིས། །
དཔང་མཐོའི་རི་བོའི་དབུ་ཡང་གཡོ་ཙམ་ཞིག་བྱས་ཡོང་། །
གླང་ཆེན་མཆེ་བ་དྲུག་ལྡན་མི་འཇིགས་པའི་ཉམས་ཅན། །
རི་བོ་འོད་ཟེར་གྱི་ཅན་གྱི་གཙུག་ཏོར་དུ་བཙུགས་པའི། །
ཁྲི་ལ་བཞུགས་པའི་འཕགས་མཆོག་ཀུན་བཟང་གི་ཞལ་ཡང་། །
སྣང་བ་དག་ན་སྨུག་པའི་བང་རིམ་ནས་མཇལ་ཐུབ། །
སུམ་སྟོང་དགུ་བཅུའི་མཐོ་ལྡན་རི་བོ་ཡི་སྤྱི་བོར། །
དྲུག་ཅུ་རེ་ལྔའི་ཏུན་གྱི་ལྗིད་ཚད་ཀྱི་སྐུ་བརྙན། །
ལེགས་བཞེངས་གསེར་མདངས་བཀྲ་བ་མཐོང་ལམ་དུ་ཤར་ཚེ། །
རྣམ་དག་བསམ་པའི་མཁའ་ཁྱབ་འགྲོ་དྲུག་གི་ཚོགས་ལ། །
ཕན་བདེའི་གཏེར་ཆེན་འཕྱུར་བའི་ཉམས་སྣང་ཞིང་སྩོལ་འདྲ། །
ནང་པའི་ཆོས་དད་མི་ཞིག་གནས་འདི་གར་འབྱོར་བས། །
ཅུང་ཟད་མ་འདྲའི་དད་དང་ཤེས་རབ་དང་བཅས་ཏེ། །
རང་སྣང་གུར་གྱི་དབྱིངས་སུ་བཞུགས་གསོལ་ཞིག་ཞུས་ཡོད།།
དེ་ལྟར་ཕྱོགས་བཞིའི་ལྷ་དང་རི་བོ་ཡི་རྔམས་བརྗིད། །
མ་ལུས་བློ་དང་མིག་གིས་ལྟ་དཔྱད་ཙམ་རྫོགས་རྗེས། །
ཉི་མའི་གསེར་ཞལ་སྤྲིན་དཀར་བང་རིམ་དེ་མ་མཐོང་། །
བསྡད་ཀྱང་མཐོང་བ་དཀའ་བའི་ཚུལ་ཞིག་ཀྱང་འདུག་པས།།
གནས་མཇལ་མི་རྣམས་ལྷན་ཅིག་གུང་ཟས་ལ་རོལ་རྗེས། །
ཕྱོགས་བཅུའི་མཛེས་པ་མྱོང་བཞིན་རི་གཤམ་ལ་བྱུང་ངོ་། །
ཕྱི་ཉིན་ཞོགས་པར་གནམ་གྱི་ཀ་ཆེན་ལྟར་བཞེངས་པ། །
བྱམས་པ་ཆུ་གཟིགས་ཞེས་གྲགས་རྩ་ཆེན་གྱི་རྟེན་ལ། །
མ་མཇལ་ཕྱིར་ལ་འཁོར་ན་རྗེས་འགྱོད་ཅིག་འབྱུང་ཞེས། །
ངེས་པར་མཇལ་དུ་འགྲོ་བའི་གྲོས་ཐག་ནི་བཅད་དེ། །
རླངས་འཁོར་གང་མྱུར་བགྲོད་པའི་མགྱོགས་འགྲོས་དང་ལྷག་ཅིག །
ཉིན་གུང་རང་འཐག་ལུང་བའི་གྲོང་སྡེ་ལ་བྱུང་ངོ་། །
ཚད་པས་དེར་ཡོད་མི་རྣམས་བསྲེག་ཐལ་དུ་གཏོང་སྙམ། །
ངེད་གཉིས་ལྷག་ཏུ་འབར་སྙམ་བྱས་བྱས་ཀྱི་མཐའ་ལ། །
འགྲོ་འོང་དལ་བུར་བགྱི་བའི་ཚོང་གཉེར་གྱི་རྒན་མོས། །
ལག་གཉིས་དངོས་སུ་བཀོལ་ནས་སྨྱུག་ཤུན་གྱིས་བཟོས་པ། །
བྱང་ཆུབ་ཤིང་ལོའི་དབྱིབས་ལྡན་བསིལ་གཡབ་ཅིག་ཉོས་ཤིང་། །
ངལ་དུབ་འགོག་པའི་སྡོང་རྒན་གྲིབ་འོག་ནས་བསྡད་དེ། །
རྔུལ་ནག་ཆར་གྱི་རྒྱུན་ལ་ཡ་ལན་ཞིག་སྤྲད་རྗེས། །
རྨིད་གསུམ་ཚད་ཀྱི་བྱམས་སྐུར་མཇལ་འདོད་ཀྱིས་བྲེལ་བས།།
མཚོ་ཐོག་གྲུ་གཟིངས་དལ་བའི་དཀྱིལ་ཙམ་ལ་བསྡད་ཅིང་།།
མཐོང་གྲོལ་བྱམས་སྐུ་མཐོན་པོའི་མདུན་ཐད་ལ་སོང་སྟེ། །
མཇལ་ཚེ་ལྷ་ཞལ་མཐོན་པོའི་གཟི་བྱིན་གྱི་ངོགས་ནས། །
འགྲོ་ཀུན་བརྩེ་བས་སྐྱོང་བའི་བྱམས་ཆེན་གྱི་ཐུགས་སྟོབས། །
མ་གསུང་མིག་གིས་མཐོང་བའི་དག་སྣང་ཞིང་སྐྱེས་ཡོང་། །
བསོད་ནམས་ལྷུན་པོར་སྤུངས་པའི་རྒྱལ་བ་དེར་མཇལ་ན། །
གང་གིས་སྐུ་ཆེན་བཞེངས་པའི་མཛད་བཟང་དང་ལྷན་ཅིག།
འཕྲང་དོག་ལམ་གྱི་འཇིགས་པར་སྲོག་སྦྱིན་གྱི་བརྩེ་བས། །
བློ་གྲོས་ཅན་ལ་དད་པའི་དཔལ་མཚོ་ཞིག་བསྐྱིལ་ཡོང་། །
སྐུ་ཡི་རྒྱལ་ཡོལ་བྲག་རི་བརྟན་ཆ་དང་རི་ལྗོངས། །
མཚོ་ཐོག་གྲུ་དང་གཡས་གཡོན་མཚར་སྡུག་གི་ཞིང་ཁམས། །
ལྷ་རིས་སྟོང་གི་བློ་གྲོས་གཅིག་བསྡུས་ཀྱིས་བྲིས་ཀྱང་། །
ཇི་བཞིན་འགྲུབ་ཐུབ་ཅེས་ནི་སུ་ཞིག་གིས་བརྗོད་སྤོབས། །
དེ་ལྟར་དལ་བྲེལ་འཚམ་པའི་མཐོང་མཇལ་གྱི་རྗེས་ལ། །
མི་དལ་རླངས་འཁོར་མགྲོན་པོའི་དགོས་འདོད་ཀྱི་རྟ་ཕོ། །
སྤོས་ལྡན་གྲོང་ཁྱེར་ཞེས་བྱའི་སྙིང་དབུས་ལ་ཆས་སོ། །
བོད་ཁྲོམ་རྙིང་བར་ཐོགས་པའི་གཡས་གཡོན་གྱི་སྲང་ཀུན། །
བོད་དང་བལ་ཡུལ་ལྷ་ཆ་མཆོད་ཆ་ནི་མང་ལ། །
ཐོན་རྫས་བོད་ཀྱི་ཡིན་ཞེས་རྣམ་འགྱུར་ནི་སྟོན་ཡང་། །
བོད་པ་འབྱོར་ལྡན་ཚོང་ཆེན་རྒྱག་མཁན་ནི་མཐོང་དཀའ། །
གཡོགས་སུ་བཀོལ་བའི་བོད་མོ་ཉམ་ཆུང་གི་རིགས་ཀྱང་། །
ཉིན་གླ་ཟླ་གླ་སྤྲད་པའི་ཞབས་ཞུ་བ་ཡིན་གྱི། །
སྦྱིན་བདག་གཞན་ཡིན་བོད་སྐད་བཤད་དབང་ཡང་བཀག་འདུག །
རིགས་གཅིག་སྤུན་ཟླར་སྐབས་རེ་བཤད་ཙམ་རང་བྱས་ཀྱང་། །
སྦྱིན་བདག་ཐོན་ན་སྡིག་ཅེས་ལག་བརྡ་ནི་མཐོང་ཚེ། །
དབང་མེད་ངུ་སྙིང་འདོད་པའི་ཚོར་འདུ་ནི་འགོག་དཀའ། །
སྤོབས་པའི་དཔུང་བ་གཤིག་ཡའི་གཞོན་རབས་པ་འགའ་དང་། །
སྐྱིད་སྡུག་གནས་ཚུལ་མཉམ་པའི་ཞེ་ཆོད་དང་ལྡན་མཁན། །
ན་ཚོད་གཞོན་ཡང་སྐྲ་དང་བློ་གྲོས་ཅུང་རྒན་པས། །
གསེར་བྲིས་གླེགས་བམ་བཞེངས་པའི་ཁང་བཟང་གི་ནང་ལ།།
བོས་ཤིང་རྒྱ་ཇ་མངར་མོས་སྣེ་ལེན་དང་བཅས་ཏེ། །
ཤིན་ཏུ་ཉེ་བའི་སེམས་ཀྱིས་ཉིན་ཕྱེད་ཀྱི་རིང་ལ། །
རིགས་དང་རང་གི་དཀའ་སྡུག་ལྷན་ཅིག་ཏུ་བྱོ་མཁན། །
ལྷུན་གྲུབ་རྒྱ་མཚོ་ཟེར་བའི་ན་གཞོན་གྱི་བུ་ལ། །
དོན་ཡོད་ཉེར་མཁོའི་གཏམ་གྱིས་ཕྱི་ཐག་ཅིག་བསྲིངས་ཏེ། །
ཐ་མའི་ཉིན་གུང་ཉི་མའི་ཚ་རླབས་དང་ལྷན་ཅིག །
སྤོས་ལྡན་གྲོང་གི་རྔ་ཁུལ་ས་ཚུགས་སུ་སོང་ནས། །
སྤྱི་སྤྱོད་རླངས་འཁོར་འཛིན་བྱང་ཚར་བ་དེ་ཐོས་རྗེས། །
སྔོན་ཆད་ཉར་བའི་གླ་གཏོང་ཁ་ལོ་བར་བོས་ཀྱང་། །
ད་ནངས་བུད་སོང་ད་ནི་འགྲོ་མཁན་ཡང་ཉུང་མོད། །
ང་ཚོ་ཁ་ལོ་བ་ཡི་ཚོམ་ལ་གཅིག་འབོད་དང་། །
ཡོད་ན་མྱུར་མོར་འབོད་ཅེས་ཁ་པར་སྒོ་བརྒྱབ་བྱུང་། །
རླངས་འཁོར་མེད་ན་དལ་མོར་གུང་ཟས་ཞིག་མཆོད་ཅེས། །
ལྷོད་པོར་ཟི་ཁྲོན་ཁ་ཚ་ཤ་འབྲས་དང་སྦྱར་བ། །
ཟ་བཞིན་དབུགས་ཙམ་དབྱུང་དུས་ཁ་པར་ཞིག་ཐོན་ཏེ། །
གྲོང་དཀྱིལ་སྨན་ཁང་དང་པོའི་ཉེ་འགྲམ་ལ་ཤོག་དང་། །
མི་འགྱངས་ང་འགྲོ་ཟེར་བའི་འབོད་མཁན་ཞིག་བྱུང་ངོ་། །
དར་འཁྱག་སྐོམ་ཆུར་བསྣན་པའི་བཏུང་བ་ཞིག་གཡོན་རྗེས།།
གསང་ཨང་ཅན་གྱི་ལག་འདྲུད་སྒམ་ཆུང་དེ་ཁྱེར་ནས། །
ས་འོག་འགྲུལ་སྐྱེལ་སྐུད་ལམ་ལྔ་བ་ལ་བསྡད་དེ། །
སྟོང་ཕྲག་ལྷག་ཅིག་སྐྱེལ་བའི་མི་ཚོགས་དང་ལྷན་དུ། །
སྐད་ཅིག་སྐུད་ལམ་གཉིས་པའི་དཀྱིལ་སྒོ་ལ་གཡུག་བྱུང་། །
གློག་སྐས་ཡར་ལ་རྒྱུག་པའི་སྐེད་པ་ནས་འགྲེང་སྟེ། །
ཕྱིར་འབུད་སྒོ་ཁར་ཐོན་དུས་དེ་ག་ན་སྒུག་མཁན། །
རྔ་བའི་གསར་བུ་ཉམས་ཅན་གུས་ལྡན་གྱི་སྤྱོད་པས། །
ད་ཅི་རྔ་བར་འགྲོ་བའི་ཁ་ལོ་བ་ང་ཡིན། །
ཕེབས་དང་ཕེབས་དང་ཨ་ཁུ་མདུན་སྟེགས་སུ་བཞུགས་ཟེར།།
སྔོན་ནས་མདུན་ན་འདུག་པའི་གསར་བུ་ཡང་ལང་ནས། །
ཨ་ཁུ་འདིར་བཞུགས་ཟེར་བའི་རྣམ་འགྱུར་ལ་བལྟས་ཏེ། །
བོད་དང་དད་པའི་མཛེས་པ་ལྷན་ཅིག་ཏུ་མཐོང་སོང་། །
འཛུམ་དང་དད་པ་འཕྱུར་བའི་རྔ་བ་ཡི་མི་ཕོ། །
གཉིས་ཀ་མདུན་དུ་འདུག་ལ་བར་ཆད་དུ་དོགས་ནས། །
ང་ནི་མདུན་ནས་བསྡད་ན་བདེ་བོ་རང་མི་འདུག །
རྒྱབ་ནས་འདུག་དང་གཉིད་ཀྱང་སྟབས་ཀ་ནི་འགྲིག་གོ།
ཞེས་ཏེ་རྒྱབ་ཀྱི་དཀྱིལ་སྟེགས་དབུས་མ་ནས་བསྡད་ཡོད། །
བུ་གོ་ལོས་ཆོད་ཚོང་ལ་འདི་གཉིས་རང་ལོས་མཁས། །
མི་འདོད་རང་དབང་བྲལ་བའི་ཚོང་བཤད་ཀྱི་གཏིང་དང་།།
རིགས་ཀྱི་རུས་རྐང་གདུ་བའི་ཁ་བརྡ་ལ་ཉན་ཚེ། །
ཤིན་ཏུ་སྤྲོ་བ་འཕེར་བས་གཉིད་འདོད་ཀྱང་མ་བྱུང་། །
དེ་གར་ཉན་བཞིན་མཐོ་མྱུར་རླངས་འཁོར་མདུན་བཤམ་པའི། །
དབང་མེད་དད་པ་འཆོར་བའི་སྐུ་པར་ལ་ལྟ་བཞིན། །
ཡང་ཡང་ཞེ་རྩ་ནེམ་པའི་སྣང་བ་ཞིག་ཁྱེར་ཏེ། །
ཨ་མདོ་རྔ་ལྗོངས་ཕྱུག་མོར་རྡོག་ཁ་དེ་བསྒྱུར་ཡོད། །
2023ལོའི་སྤྱི་ཟླ7པའི་ཚེས་པ8ཉིན་སྦྱར།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།