གླིང་གེ་སར་རྒྱལ་པོའི་གསེར་སྒ་རི་མོ་དགུ་སྐོར་གྱི་རྟོགས་བརྗོད།
གླིང་གེ་སར་རྒྱལ་པོའི་གསེར་སྒ་རི་མོ་དགུ་སྐོར་ཟེར་བ་འདི་ནི། གླིང་གི་སྒྲུང་རབས་ཆེན་མོ་ལས་བཤད་པ་ལྟར་ན། སེང་ཆེན་རྒྱལ་པོས་རྨ་ཤེལ་བྲག་གི་གཏེར་སྒོ་ཕྱེས་པ་ལས་བྱུང་བའི་ནོར་བུ་རིན་པོ་ཆེ་གསེར་སྒ་ཡི་རྣམ་པ་ཅན་ཞིག་ཡིན་ཞིང་། གེ་སར་སྐྱེས་བུ་དོན་གྲུབ་ཀྱི་གཅེས་ནོར་དང་ཁྲ་མོ་གླིང་གི་རྒྱལ་ཁབ་ཀྱི་སྤྱི་ནོར་ཞིག་ཡིན་ནོ་ཞེས་གྲགས་སོ།།
དེ་ཡང་སྟག་ལུང་མར་ཐང་དབྱི་ཤོད་རི་བོ་ཆེའི་དགོན་པའི་གཙུག་ལག་ཁང་ཆེན་མོ་ཁྲ་འཁྲིལ་མའི་ནང་དུ། གླིང་གེ་སར་རྒྱལ་པོའི་གསེར་སྒ་རི་མོ་དགུ་སྐོར་གཙོར་བྱས་པའི་ཁྲ་མོ་གླིང་གི་ཅ་ལག་ཡོ་བྱད་ཁག་ཅིག་ཡོད་པ་རེད་ཅེས་བཤད་ཅིང་། བཤད་སྲོལ་དེ་ཉིད་དུས་ཚོད་ཐུང་ཐུང་གི་ནང་དུ་གཤོག་པ་ཐོགས་ཏེ་གངས་ལྗོངས་ཀྱི་ལུང་པ་ཡོངས་ལ་ཁྱབ་པར་གྱུར་སོང་བ་མ་ཟད། གངས་རི་མཐོན་པོ་དང་རྒྱ་མཚོ་ཆེན་མོ་ལས་ཀྱང་བརྒལ་ཏེ། མིག་སྔོན་པོ་ཅན་དང་སྐྲ་སེར་པོ་ཅན་གྱི་སྐྱེ་བོ་དག་གིས་ཀྱང་དམིགས་བསལ་གྱིས་དོ་སྣང་བྱས་ཡོད། འོ་ན་དེ་ལྟར་བཤད་སྲོལ་བྱུང་བ་ལས་དོན་དངོས་ཐོག་དེ་ལྟ་བུའི་ཅ་ལག་ཞིག་མེད་པ་ཡིན་ནམ་ཟེར་ན། མ་ཡིན་ཏེ། གེ་སར་གྱི་གསེར་སྒ། འདན་མའི་རྔོན་སྒ། ཤན་པའི་ཤ་སྒ། སྣང་ངུའི་ཆིབས་སྒ། ད་དུང་ཁྲོ་ཐུང་གི་སྲིན་གྲི་དང་དཔའ་ལའི་གྲི་བཅས་ཅ་ལག་གི་རིགས་དང་སྣེ་ཁ་མི་འདྲ་བ་དྲུག་ཙམ་ཞིག་ནི་དངོས་སུ་མཇལ་རྒྱུ་ཡོད་ལ། དངོས་པོ་འདི་དག་མཐོང་བ་ཙམ་གྱིས་མི་སེམས་ལ་ངོ་མཚར་སྐྱེད་ནུས་པ། དབྱིབས་དང་ཚུགས་ཀ་ཧ་ཅང་གིས་ཁེ་མཚར་ཡིན་པ། བོད་ཀྱི་སྒ་ཆས་ཡོ་བྱད་དག་གི་ཁྲོད་ནས་ཤིན་ཏུ་མཐོང་བར་དཀོན་པ། ལག་ཤེས་དང་བཟོ་རྩལ་ནི་ཐུན་མོང་མ་ཡིན་པར་གྱུར་པ་དེ་འདྲ་རེད་འདུག དེ་ལྟ་བུའི་ཀ་ཅ་འདི་དག་གི་སྙན་དང་གྲགས་པ་ས་སྟེང་ལ་ཁྱབ་ཅིང་། དངོས་ཡོད་མིག་གི་ལོངས་སྤྱོད་དུ་བལྟས་ན་ལྟ་རྒྱུ་ཡོད་པའི་རྐྱེན་གྱིས། སྤྱི་ལོ་༢༠༡༧ལོར་མགོ་ལོག་ཁྲ་གླིང་དགོན་པའི་བླ་མ་པདྨ་བློ་གྲོས་ཞེས་ཞུ་བ། དྲང་སྲོང་དགོང་ལོ་དགུ་བཅུ་ལ་ཉེ་བ་དེ་ཉིད་སྐུ་དངོས་སུ་རི་བོ་ཆེའི་དགོན་པར་ཕེབས་ཏེ། ཁྲ་མོ་གླིང་གི་ཀ་ཅ་དངོས་རྫས་རྣམས་མཇལ་བར་ཆེད་དུ་ཕེབས་ཡོང་བ་ཡིན་གསུངས་ཤིང་། རི་བོ་ཆེའི་དགོན་པས་ཀྱང་བླ་མ་དམ་པ་དྲང་སྲོང་བགྲེས་པོ་ཁོང་གི་དགོངས་བཞེད་སྐོང་ཕྱིར་དུ་གྲི་དང་སྒ་ཆས་དེ་དག་ལེགས་པར་སྤྱན་བསྟར་ཞུས། བླ་མ་ཁྲ་གླིང་པད་བློ་ནས་གསེར་སྒ་སོགས་སྒ་ཆས་འདི་དག་གི་རྒྱབ་ཀྱི་ལོ་རྒྱུས་དང་བྱུང་བ། ངོ་སྤྲོད་གསལ་བཤད་སོགས་ཀྱི་སྒོ་ནས་མཁྱེན་འདོད་གནང་ན་ཡང་། དགོན་པའི་ལྷ་གཉེར་སོགས་ལས་ཀྱི་སྣེ་མོ་པ་སུས་ཀྱང་སྒ་ཆས་འདི་དག་གི་སྐོར་ནས་གསལ་བཤད་ཞུ་ཤེས་པར་མ་གྱུར།
སྟག་ལུང་མར་ཐང་རི་བོ་ཆེའི་དགོན་པ་འདི་ནི་རྒྱལ་བསྟན་རིན་པོ་ཆེ་ཕྱི་དར་གྱི་སྐབས་ཏེ་དུས་རབས་བཅུ་གསུམ་པའི་ནང་དུ་ཕྱག་བཏབ་པ་ཞིག་ཡིན་པས་ན། ལྟོས་བཅས་ཀྱིས་བཤད་ན་ལོ་རྒྱུས་ཀྱི་ཆུ་རྒྱུན་ཅུང་ཟད་རིང་པོ་ཅན་གྱི་གནའ་བོའི་དགོན་ཆེན་ཞིག་ཡིན་ལ། དུས་ཡུན་རིང་པོ་དེ་དང་འཚམ་པའི་དགོན་པ་འདི་ཡི་ལོ་རྒྱུས་དང་། ཆོས་འབྱུང་དང་། གདན་རབས་དང་། རྣམ་ཐར་སོགས་པོད་གྲངས་མང་ཞིང་སྤུས་ཚད་དང་ལྡན་པའི་ཡིག་ཆ་ནི་ཤིན་ཏུ་མཐུས་ཚང་ཡིན་པ་དང་། ཧ་ཅང་གིས་གྲ་རྒྱས་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན་པ་རེད། དེ་ཡང་ལོ་རྒྱུས་ཉམས་ཞིབ་པ་དང་ཆེད་མཁས་པ་ལ་ལས་ཟེར་ན་ཡང་། ལོ་རྒྱུས་ཡིག་ཚང་གི་རྫོང་ཧ་ཅང་མཐུག་པོ་ཅན་གྱི་རི་བོ་ཆེའི་དགོན་པ་ལྟ་བུ་ཞིག་མདོ་ཁམས་ཀྱི་ཡུལ་དུ་དགོན་པ་གཅིག་ཀྱང་ཡོད་ས་མ་རེད་ཅེས་གསུང་གིན་འདུག་ལ་བདེན་ཡང་བདེན་པ་རེད། དེ་ལྟ་བུའི་ལོ་རྒྱུས་ཀྱི་ཡིག་ཆ་དང་དགོན་པའི་གདན་རབས་སོགས་ཤིན་ཏུ་མང་ཞིང་ཆ་ཚང་བའི་རི་བོ་ཆེའི་དེབ་ཐེར་དང་ཡིག་ཚང་དག་གི་ནང་དུ། གླིང་གེ་སར་རྒྱལ་པོའི་གསེར་སྒ་སོགས་ཁྲ་མོ་གླིང་གི་རིག་གནས་ཀྱི་དངོས་རྫས་རྩ་ཆེན་པོ་དེ་དག་བཞུགས་ཡོད་ཚུལ་གྱི་ལོ་རྒྱུས་རྒྱབ་ལྗོངས་ཡིག་འབྲུ་ན་གཅིག་ཀྱང་འཁོད་མེད་པས་ན། དགོན་པའི་ལས་ཀྱི་སྣེ་མོ་བ་དང་ཡུལ་གྱི་ཡོན་ཏག་པ་རྣམ་པས་གསེར་སྒ་འདི་ཡི་སྐོར་ནས་སྐད་ཆ་བཤད་མ་ཐུབ་པ་ལ་ཐུགས་ཁག་གཏན་ནས་མེད་པ་ཞིག་རེད་ཨང་།
གལ་ཏེ་ལྷ་ཁང་ཁྲ་འཁྱིལ་མའི་ནང་དུ་བཞུགས་པའི་ཁྲ་མོ་གླིང་གི་དངོས་པོ་ཡོ་བྱད་འདི་དག་ལ་གསལ་བཤད་དང་ངོ་སྤྲོད་ཅིག་ཡོད་པའི་དབང་དུ་བཏང་ན། རི་བོ་ཆེ་དགོན་པའི་ཁྲི་རབས་བཅུ་བདུན་པ། འཕགས་མཆོག་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ཆོས་དབྱིངས་ལྷུན་གྲུབ་ཀྱིས་སྟོད་འགྲེལ་གྱི་ལུགས་ལ་ཐམས་ཅད་འདུལ་ཞེས་བྱ་བ་སྤྱི་ལོ༡༨༢༧ལོར་མཛད་པའི«དཔལ་གྱི་གཙུག་ལག་ཁང་ཆེན་མོ་བཀྲ་ཤིས་ལྷུན་གྲུབ་འཛམ་གླིང་རྒྱན་གཅིག་གི་རྟེན་དང་བརྟེན་པར་བཅས་པའི་རྟོགས་བརྗོད་སྐལ་བཟང་དད་པའི་གསོས་སྦྱིན་དཔྱོད་ལྡན་ཡིད་དབང་འདྲེན་བྱེད»ཅེས་བྱ་བའི་ལྷ་ཁང་ཆེན་མོའི་རྟེན་བཤད་རྒྱས་པ་སྟེ། ཁྲ་འཁྱིལ་མའི་ཐོག་བརྩེགས་རིམ་པ་གསུམ་གྱི་ནང་དུ་བཞུགས་པའི་སྐུ་གསུང་ཐུགས་རྟེན་དང་རིག་དངོས་ཆེ་ཕྲ་ཡོད་ཚད་ཀྱི་བཤད་པ། བཞེང་སྐྲུན་གྱི་དུས་ཚོད་ནམ་ཞིག་ལ་ཡིན་པ་དང་། བླ་མ་ཁྲི་པ་སུ་འདྲ་ཞིག་གིས་བཞེངས་པ། བཞེངས་དགོས་པའི་དམིགས་ཡུལ་ཅི་ཞིག་ཡིན་པ། བཞེང་སྐྲུན་དེ་ལ་འགྲོ་གྲོན་ག་ཚད་སོང་བ། རྟེན་དེ་ཉིད་ལྷ་ཁང་གི་གནས་གང་ཞིག་ན་བཞུགས་ཡོད་པ་སོགས་ཕྲ་ཞིང་ཞིབ་པའི་སྒོ་ནས་འཁོད་ཡོད་པའི་ཕྱག་རྩོམ་དེའི་ནང་དུ་གླིང་གི་དངོས་རྫས་རྩ་ཆེན་འདི་དག་གི་བཤད་པ་ཅུང་ཟད་འཁོད་དགོས་པ་ལྟ་བུ་ཞིག་ཡིན་ན་ཡང་། རྟེན་བཤད་ཆེན་མོ་དེའི་ནང་དུ་གླིང་གེ་སར་རྒྱལ་པོའི་གསེར་སྒ་སོགས་གླིང་གི་སྒ་ཆས་དང་མཚོན་ཆ་འདི་དག་ཡོད་ཚུལ་འཁོད་མེད་པར་མ་ཟད། ཐ་ན་ལྷ་ཁང་གི་ནང་དུ་རྟ་སྒ་ཞིག་ཡོད་པའི་སྒྲོས་ཙམ་ཡང་མ་བྱུང་བ་ལགས་ན། གསེར་སྒ་རི་མོ་དགུ་སྐོར་སོགས་ཀྱི་བྱུང་བ་ལོ་རྒྱུས་ཤོད་དང་ཟེར་ན་སུ་ཞིག་གིས་བཤད་ཤེས་ཨང་།
དྲང་མོར་བཤད་ན་གཙུག་ལག་ཁང་ཆེན་མོ་ཁྲ་འཁྱིལ་མའི་ནང་གི་གེ་སར་གསེར་སྒ་སོགས་སྒ་ཆས་འདི་དག་གི་ལོ་རྒྱུས་ངོ་མ་ཞིག་བཤད་དགོས་ན། ལོ་རྒྱུས་ཀྱི་བདེན་ལུགས་དང་ལྡ་པའམ། ཡང་ན་བྱུང་བ་རིག་པའི་འགྲོས་དང་མཐུན་པར་བཤད་པ་ལ་དཀའ་ལས་ཁག་པོ་བྱུང་ཡོད། འོད་ཀྱང་གསེར་སྒ་འདིའི་དབྱིབས་དང་ཚུགས་ཀ་སོགས་ཁུགས་དང་སྣེ་མོ་གཞན་དག་ལ་བརྟེན་ནས་བཤད་པ་ཅིག་བྱས་པ་ཡིན་ན། སྒ་ཆས་འདི་དག་ནི་སོག་པོ་བཙན་རྒྱལ་གྱི་དབུ་འཕང་དགུང་ལ་བསྙེགས་བཞིན་པའི་སྐབས་ཏེ་དུས་རབས་བཅུ་བཞི་པའི་ནང་དུ་རི་བོ་ཆེའི་དགོན་པའི་ནང་དུ་ཐག་རིང་སོག་པོའི་རྩྭ་ཐང་ནས་བསླེབས་ཡོང་བ་ཞིག་ཡིན་པ་འདྲ། དེ་ལྟར་ཡིན་ན། གླིང་གེ་སར་རྒྱལ་པོའི་གསེར་སྒ་རི་མོ་དགུ་སྐོར་འདི་ཐག་རིང་སོག་པོའི་ཡུལ་དུ་སོང་ཞིང་། དེ་ནས་ཕྱིར་རི་བོ་ཆེའི་དགོན་པའི་ནང་བསླེབ་ཡོང་བ་ཞིག་ཡིན་དགོས་འདུག་པས། གསེར་སྒ་རི་མོ་དགུ་སྐོར་ཞེས་པའི་ནོར་བུ་རིན་པོ་ཆེ་རྟ་སྒ་ཡི་རྣམ་པ་ཅན་འདི་ཉིད་ཅིའི་ཕྱིར་ཐག་རིང་སོག་པོའི་ཡུལ་དུ་འཁྱར་སོང་བ་ཡིན་ནམ།
མིག་སྔུན་གྱི་དངོས་པོ་ཡ་མཚན་ཅན་དང་ཁྱད་མཚར་བའི་རིག་དངོས་ཤུལ་བཞག་ཅིག་གི་རྒྱབ་ལྗོངས་གླེང་མི་ཤེས་པའམ། ཡང་ན་འགྲེལ་བཤད་ཡག་པོ་བྱེད་མ་ཐུབ་ཚེ། དེ་ལ་དེར་བསྟུན་གྱིས་ལྷ་སྒྲུང་ཞིག་ངེས་པར་དུ་སྤྲོས་དགོས་པ་མ་ཡིན་ནམ། འགྲེལ་བརྗོད་བྱེད་མི་ནུས་པའི་དཀའ་གནད་ཅིག་དང་ཐུག་དུས་དེ་མ་ཐག་སྒྱུ་རྩལ་གྱི་ནང་སྙིང་དང་ལྡན་པའི་ལྷ་སྒྲུང་ཞིག་སྤྲོས་འགྲོ་བ་འདི་ནི། འཛམ་གླིང་ཤར་ནུབ་དང་བཅས་པའི་འགྲོ་བ་མི་ཡོངས་ཀྱི་གོམ་གཤིས་སུ་གྱུར་ཅིང་། གོམ་གཤིས་དེ་ཉིད་ད་ནི“སྒྲུང་གཏམ”ཞེས་པའི་རྟག་བརྟན་ཐེར་ཟུག་གི་རིག་ཚན་རང་སྐྱ་བ་ཞིག་ཏུ་གྱུར་ཟིན་འདུག་ལ། མིའི་རིགས་ཀྱི་འཆར་ཡན་གྱི་བློ་གྲོས་ལས་བྱུང་བའི་རིག་ཚན་འདི་ལ་དོན་སྙིང་ཡང་མི་ཆུང་བ་ཞིག་མཆིས་པ་འདྲ། ད་འོ་ན། ང་ཚོས་གསེར་སྒ་རི་མོ་དགུ་སྐོར་འདི་དང་འབྲེལ་བའི་ལྷ་སྒྲུང་སྒྱུ་རྩལ་གྱི་སྐད་ཆ་དེ་གང་ནས་སྤྲོས་དགོས་སམ། གེ་སར་ནོར་བུ་དགྲ་འདུལ་གྱིས་རྨ་ཤེལ་བྲག་གི་གཏེར་སྒོ་ཕྱེས་པའི་ཚུལ་ལས་བརྩམས་ཏེ་བཤད་དགོས་སམ། ཡང་མིན་ན། གེ་སར་རྒྱལ་པོས་གྲུ་གུ་ཐོག་རྒོད་རྒྱལ་པོ་ཆམ་ལ་ཕབས་ཚར་དུས། ཁྲ་མོ་གླིང་གི་དགྲ་མཇུག་ཡོངས་སུ་སྒྲིལ་བའི་དགའ་སྟོན་རྟེན་འབྲེལ་གྱི་ཆེད་དུ། གྲུག་སྟོད་རྡོ་རྗེ་དཔའ་ཐང་དུ་ཉིན་བདུན་གྱི་བར་དུ་དམག་སྟོན་ཆེན་མོ་ཞིག་བྱས་ཤིང་། དམག་སྟོན་ཆེན་མོ་དེའི་སྟེང་དུ་རྟ་རྒྱུག་མདའ་འཕེན། བྲོ་རྡུང་གླུ་ལེན། སྟོབས་རྩལ་ཤེད་ཤུགས་སོགས་རྒྱལ་འཇོག་འགྲན་བསྡུར་ཆེན་མོ་ཞིག་སྤེལ་མྱོང་བ་དེའི་ཐོག་ནས་བཟུང་སྟེ་སྤྲོས་བརྗོད་བྱེད་དགོས་པ་ཡིན་ནམ།
གླིང་དཀར་སྟོད་ཀྱི་དཔའ་རྟུལ་སུམ་ཅུ་ལ་བརྩེ་འདང་ཤིན་ཏུ་ཟབ་པའི་བོད་མི་ཞིག་གི་ངོས་ནས་བཤད་ན། གྲུ་གུའི་ཡུལ་གྱི་གླིང་གི་རྩེད་འགྲན་ཆེན་མོ་འདི་ལ་ཅུང་ཟད་སྣང་བ་མི་དྭངས་བའི་བྱུང་རིམ་དང་དོན་རྐྱེན་ཞིག་ངམ་ངམ་ཤུགས་ཤུགས་ཀྱིས་བྱུང་ཡོད་པ་རེད། དེ་ཡང་སྐབས་དེར་ཚ་ཞང་འདན་མ་བྱང་ཁྲ་དང་། དཔའ་ལ་སེང་སྟག་ཨ་དོམ། དགའ་སྡེ་ཆོས་སྐྱོང་བེར་ནག གསེར་པའི་ཉི་འབུམ་དར་ཡག་སོགས་ཁྲ་མོ་གླིང་གི་དཔའ་རྟུལ་རྩལ་ཆེན་ཁྱད་པར་དུ་འཕགས་པ་རྣམས་སྐུ་ན་སྨིན་ཞིང་། འབྱུང་བཞིའི་སྟོབས་རྩལ་ཅུང་ཟད་རྒུད་བཞིན་ཡོད་པ་དང་། གཞན་དུ་ཧོར། འཇང་། མོན། བདུད་སོགས་ཕྱོགས་བཞིའི་རྒྱལ་ཁབ་གཙོར་བྱས་པའི་རྒྱལ་ཁག་གཞན་གྱི་མགོ་འཛིན་དམག་དཔོན་རྣམས་ལས། དཔེར་ན། སོག་པོ་སྟག་དམར་སྟོབས་ཆེན། གླང་ཆེན་ནམ་མཁའི་ཐོག་བཟུང་། འཇང་སྲས་གཡུ་ཁྲི་གུང་སྔོན། མོན་ཕྲུག་ཟླ་བ་ཁྲ་བཙན། ཨ་གྲགས་ཉི་མ་གྲགས་པ། ཤན་ཚ་རླུང་ལྷ་མགྱོག་ལྡན་སོགས་ནི་ཕོ་སར་སྣང་བ་དགུང་ལས་མཐོ་བ། ཤ་དར་ཁྲག་དར་ཡིན་པ་དེ་དག་དང་མཉམ་དུ་མདའ་འདྲན། མདུང་འགྲན། གྲི་རྩལ། ཤེད་རྡོ། གཡུག་རེས། རྟ་རྒྱུག རྐང་རྒྱུག་སོགས་འགྲན་བསྡུར་མང་དུ་བྱས་ཤིང་། གཡུག་རེས་ཀྱི་སྐབས་སུ་འཇང་སྲས་ཀྱིས་ཉི་འབུམ་དང་། སྡོང་བཙན་དང་། སེང་སྟག་གསུམ་ཀ་ས་ལ་བརྒྱབ་པ་སོགས་གླིང་གི་དཔའ་རྟུལ་རྣམས་སྐུ་རྒས་བཞིན་ཡོད་པའི་སྣང་ཚུལ་ཅུང་ཟད་ཡིད་སྐྱོ་ཡོང་བ་དེ་ལྟ་བུ་ཡང་གསལ་པོར་མངོན་ཡོང་ལ། གླིང་པ་གཞོན་སྐྱེས་ཀྱི་ནང་ནས་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་དང་ཁྲ་གདོང་བསྟན་འཛིན་གྲགས་པ་ལྟ་བུ་རྒྱལ་ཁག་གཞན་གྱི་ཕོ་སར་དག་དང་དཔུང་པ་མཉམ་བཤིག་བྱེད་ཐུབ་མཁན་གྱི་མི་རེ་གཉིས་ལས་མ་བྱུང་བས་ཡིད་སྐྱོ་པོ་ཡོད། འོན་ཀྱང་གསེར་སྒ་རི་མོ་དགུ་སྐོར་གྱི་ཆེད་དུ་དོན་དག་འདི་ཐེངས་ཤིང་གླེང་དགོས་བྱུང་སོང་བ་རེད།
ཚབ་ཆེན་རང་བཞིན་ཅན་གྱི་རྒྱལ་འཇོག་གི་རོལ་རྩེད་རྩེ་རྒྱུར་ཤིན་ཏུ་དགའ་བའི་ཁྲ་མོ་གླིང་གི་རྒྱལ་ཁབ་འདིས། དམག་སྟོན་རྩེད་འགྲན་ཆེན་མོ་དེའི་སྐབས་སུ་སྨུག་པོ་སྡོང་གི་ལས་ཟོག་རྒྱུ་ནོར་རྩ་ཆེན་འགའ་ཞིག་དང་། གྲུ་གུའི་ཡུལ་ནས་ཐོབ་པའི་གསེར་དང་། དངུལ་དང་། རྟ་དང་། དྲེལ་དང་། མཛོ་དང་། འབྲི་སོགས་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་སྐུག་ལ་བཞག་ནས་འགྲན་བསྡུར་ཡང་ཡང་བྱས་པས། ལོ་ངོ་བཅུ་ཕྲག་མང་པོ་ཞིག་གི་སྔོན་གྱི་བྱུང་བ་སྟེ། གླིང་གི་རྟ་རྒྱུག་རྒྱལ་འཇོག་ཆེན་མོ་ཟེར་བའི་སྤྲོ་སྣང་ལྡན་ལ་ཚབ་ཆེན་ཡིན་པའི་འདས་དོན་དེ་ཉིད་ཀྱི་རྣམ་པ་ཡང་བསྐྱར་ཕྱིར་དྲན་ཐེངས་ཤིག་བྱས་བྱུང་།
ཤེད་རྡོ་འགྲན་བསྡུར་གྱི་དུས་ལ་བབས་པ་ན། ཞ་ཉེ་ཡི་གོང་བུ་རྒྱ་མ་ལྔ་བརྒྱ་ལོན་པ་ཞིག་ཡོད་པ་དེ་སོག་པོ་སྟག་དམར་སྟོབས་ཆེན་ཟེར་བའི་ཕོ་གཞོན་རྩལ་ཆེན་ཞིག་ཡོད་པ་དེས། ལག་པ་ཡ་གཅིག་གིས་ས་ནས་བླངས་ཤིང་གནམ་ལ་ལན་གཅིག་བསྐོར་ཏེ་རྡིག་སྒྲ་དང་བཅས་ཐང་ལ་འཕང་སོང་བས། ཤེད་ཆེན་ཨང་དང་པོའི་བྱ་དགའ་ལ་བཞག་ཡོད་པའི་གསེར་སྒ་རི་མོ་དགུ་སྐོར་དང་། མཛོ་ཁྱུང་དཀར་བརྒྱ་ཐམ་པའི་དཔའ་དར་གཟེངས་བསྟོད་དེ་སོག་པོ་སྟག་དམར་སྟོབས་ཆེན་ལ་ཐོབ། རྩེད་མོ་འགྲན་བསྡུར་གྱི་ལྟད་མོ་བ་ཡོད་ཚད་ཀྱིས་དགའ་བསུ་ཞུས་ཤིང་། སོག་སྲས་སྟོབས་རྒྱལ་དང་། སོག་པོ་མི་ནག་པུང་རིང་ལ་སོགས་པ་སོག་པོའི་ཕྱོགས་ཀྱི་དམག་དཔོན་རྣམས་དང་། དམག་མི་ཡོངས་ནས་དགའ་འབོད་ཀྱི་སྐད་སངས་འབྲུག་སྒྲ་བཞིན་དུ་སྡིར་བར་བྱས། (ཤེད་རྡོ་ཨང་དང་པོ་ལེན་མཁན་གཞན་ཡང་དགའ་སྡེ། ཤན་པ། འཇང་སྲས། ཐོག་བཟུང་། ཉི་འབུམ་སོགས་ཡོད་མོད་འདིར་མི་གླེང) ཁྲ་མོ་གླིང་གི་ནོར་རྫས་དང་རྨ་ཤེལ་བྲག་གི་གཏེར་ཟོག་ཏུ་གྱུར་པའི་གསེར་སྒ་རི་མོ་དགུ་སྐོར་ཟེར་བའི་སྒ་སྔ་རུའི་སྟེང་དུ་གསེར་འབྲུག་དགུ་ཡི་རི་མོ་རང་བྱུང་དུ་དོད་པའི་ནོར་བུ་རིན་པོ་ཆེ་དེ་སོག་པོའི་ཕྱོགས་སུ་ཐོབ་སོང་ན་ཡང་། རྒྱལ་འཇོག་གི་རྩེད་མོ་འདི་དང་འདི་འདྲ་བ་གོམས་གཤིས་སུ་གྱུར་ནས་ཡོད་པའི་གླིང་པ་རྣམས་ལ་མཚོན་ན། གསེར་སྒ་རིན་པོ་ཆེ་སོག་པོའི་མི་ཞིག་གིས་ཁྱེར་འགྲོ་བ་ལ་ཁས་ལེན་བྱེད་མི་ཐུབ་མཁས་སུ་ཡང་མེད་པར་མ་ཟད། མི་ཚང་མས། སོག་པོའི་ཕྱོགས་སུ་རྟ་སྒ་དང་འབྲེལ་བའི་གཟི་བརྗིད་མངའ་ཐང་། མཚན་དང་སྙན་གྲགས་རྒྱ་ཆེར་འབྱུང་བའི་རྟེན་འབྲེལ་འགྲིག་བྱུང་ཞེས་འཛུམ་མུལ་མུལ་གྱིས་གླེང་བར་བྱེད་དོ།།
དེ་ནས་བཟུང་སོག་པོའི་མི་མང་རྣམས་ཀྱིས་གསེར་སྒ་རི་མོ་དགུ་སྐོར་དང་འདྲ་བའི་རྟ་སྒ་མང་པོ་གསར་བཟོ་བྱས་ཤིང་། གསེར་སྒ་འདི་ཡི་བུ་དང་ཚ་བོ་མང་དུ་འཕེལ་རྒྱས་བྱུང་སྟེ་སོག་པོའི་རྩྭ་ཐང་ཡོངས་ལ་ཁྱབ་པར་གྱུར། སོག་ཡུལ་དུ་སྒ་ཡག་པོ་འོག་ན་རྟ་མཆོག་དང་། རྟ་བཟང་པོའི་རྒྱབ་ལ་བུ་རྒོད་མང་དུ་སྐྱེས་ཤིང་། ཨེ་ཤ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེན་མོའི་བྲང་གཞུང་རྟ་དམག་གི་རྨིག་པས་ཡང་ཡང་བརྡུངས་བས། སོག་པོ་བཙན་རྒྱལ་ཆེན་མོ་ཞེས་པའི་སྙན་གྲགས་ཀྱི་རླུང་རྟ་ནི་གླིང་བཞི་དང་མཚོ་ལྔ་ཡི་སྟེང་དུ་འཕུར་ཐུབ་པ་དེ་འདྲ་དངོས་སུ་བྱུང་།
ད་ལྟ་གསེར་སྒ་རི་མོ་དགུ་སྐོར་འདི་ཡི་དབྱིབས་དང་ཚུགས་ཀ་ཇི་མ་ཇི་བཞིན་དུ་གྱུར་པའི་སོག་པོའི་ཡུལ་གྱི་གསེར་སྒ་དག་འཛམ་གླིང་གང་སར་ཁྱབ་ཅིང་། སྟོབས་ཆེན་རྒྱལ་ཁབ་དག་གི་རིག་དངོས་བཤམ་སྟོན་ཁང་རྣམས་སུ་དངོས་སུ་ལྟ་རྒྱུ་ཡོད་ལ། སོག་པོའི་མི་རིགས་འདི་ལ་ཡང་མིང་གི་རྣམ་གྲངས་སུ“རྟ་སྒ་སྟེང་གི་མི་རིགས”ཞེས་སྙན་གྲགས་ཧ་ཅང་ཆེ་བ་མ་ཟད། དུས་རབས་གསར་པའི་ནང་ཞིབ་འཇུག་ལས་རིགས་དང་འབྲེལ་ཏེ། སོག་པོའི་རྟ་སྒ་ལ་ཉམས་ཞིབ་དང་ཆེད་རྩོམ་བྲིས་པའི་ཡིག་ཆ་ཡང་པོད་གྲངས་མང་པོ་ཟིན་པའི་དངོས་ཡོད་འདི་དང་། དངོས་ཡོད་རྒྱབ་ཀྱི་དཔའ་བོའི་སྒྲུང་གཏམ་རིང་མོ་དེ། སྒྲུང་གཏམ་ནང་གི་རབ་རིབ་མག་མོག་ཏུ་གྱུར་པའི་གབ་དོན་འདི་དག་བསླུ་མེད་སྙོན་མེད་ཀྱི་ཚུལ་དུ་བྱུང་བ་ལགས་སོ།།
དེ་ལྟར་ན་རྒྱང་རིང་སོག་པོའི་ཡུལ་དུ་བཞུགས་པའི་ཁྲ་མོ་གླིང་གི་ནོར་བུ་གསེར་སྒ་རི་མོ་དགུ་སྐོར་འདི་ཉིད། དབྱི་ཤོད་དཔལ་གྱི་གདན་ས་མདོ་ཁམས་རི་བོ་ཆེའི་དགོན་པ་རུ་དུས་ནམ་ཞིག་ལ་འབྱོར་བྱུང་བ་ཡིན་ནམ། སུ་ཞིག་གིས་ཚུལ་ཇི་ལྟར་ཁྱེར་ཡོང་བ་ཡིན་ནམ་སྙམ་ན། དེའི་ཚུལ་ཅུང་ཟད་གསལ་པོར་བཤད་པ་ལ་འདི་འདྲ་ཞིག་ཡིན་ཏེ། དེ་ཡང་རབ་བྱུང་དྲུག་པའི་ས་ཕོ་འབྲུག་གི་ལོ། སྤྱི་ལོ༡༣༢༨ལོར་ས་སྐྱའི་སྲིད་དབང་གི་སྐབས་སུ་བྱུང་བའི་བོད་ཀྱི་ཨར་ལས་འཛུགས་སྐྲུན་ཆེས་ཆེ་ཤོས་སུ་གྱུར་པ། རི་བོ་ཆེ་དགོན་པའི་གཙུག་ལག་ཁང་ཆེན་མོ་ཁྲ་འཁྱིལ་མ་འཛམ་གླིང་རྒྱན་གཅིག་བཞེང་སྐྲུན་ལེགས་གྲུབ་བྱུང་ཞིང་། ལྷ་ཁང་ཆེན་མོ་ལེགས་པར་གྲུབ་ཟིན་པའི་དུས་སྐབས་དེ་ཤད་ཅིག་ལ། མིང་ལ་ཡ་ཀ་ཐ་ཧུ་ཟེར་བའི་ཧོར་སེ་ཆེན་རྒྱལ་པོའི་བཙུན་མོ་དེ་ཉིད་དབུས་ལྷ་ལྡན་གྱི་ཡུལ་དུ་ཇོ་ཤཱཀྱ་རྣམ་གསུམ་མཇལ་དུ་འགྲོ་བ་ཡིན་ཟེར་ནས། འཁོར་གཡོག་རྟ་དྲེལ་བརྒྱ་སྟོང་མང་པོ་དང་བཅས། རྩ་ཆེན་གྱི་ནོར་རྫས་ཁྱད་དུ་འཕགས་པ་གྲངས་ཀྱིས་གཞལ་བར་དཀའ་བ་དག་ཁྱེར་ནས་འགྲོ་བཞིན་ཡོད་པ་ལས། ཏག་ཏག་བཙུན་མོ་དེ་ཉིད་མདོ་ཁམས་རི་བོ་ཆེ་ནས་ལྷ་སར་ཟུགས་པའི་གནའ་བོའི་ཇ་རྟའི་ལམ་ཆེན་བར་མ་དེ་བརྒྱུད་ནས་ཡོང་བས། རི་བོ་ཆེའི་དགོན་པར་ལྷ་ཁང་ཁྲ་འཁྱིལ་མ་ལེགས་པར་བཞེང་གྲུབ་པ་དང་། སྟག་ལུང་མར་ཐང་རི་བོ་ཆེའི་དགོན་པའི་ཁྲི་རབས་གཉིས་པ་ཆོས་སྐུ་ཨོ་རྒྱན་མགོན་པོ་ཡང་དགོན་པའི་ནང་དུ་བཞུགས་བཞིན་པ་སོགས་མ་བསྒྲིག་རང་འགྲིག་ཏུ་གྱུར་འདུག དེ་བས་ཡོན་གོང་མ་སེ་ཆེན་རྒྱལ་པོའི་བཙུན་མོ་ཡ་ཀ་ཐ་ཧུ་འཁོར་དང་བཅས་པ་ནེ་སྡོམ་ཐང་དུ་སྒར་བབ་ཅིང་། རི་བོ་ཆེའི་དགོན་པར་ཁྱད་ནོར་གྱི་འབུལ་ཆེན་བཏེགས་བྱུང་བ་མ་ཟད། དགོན་པའི་ནང་གི་གྲྭ་པ་རེ་རེ་ལ་ཧོར་གྱི་དཀར་ཡོལ་འབྲུག་རྒྱབ་གཙོད་ར་མ་རེ་རེ་འགྱེད་བརྒྱབས་པ་དང་། བླ་མ་ཨོ་རྒྱན་མགོ་་པོ་ལ་ཆོས་འབྲེལ་ཞུས་ཤིང་བླ་མས་ཀྱང་དད་ལྡན་གྱི་རེ་བ་བསྐང་། སོག་བཟའ་འཁོར་དང་བཅས་པ་ལ་དགོན་པའི་ངོས་ནས་སྣེ་ལེན་ཟབ་ཅིང་རྒྱས་པ་བྱས། སོག་མོས་ཟེར་ན་མོ་རང་ད་དུང་ལྷ་ཁང་ཁྲ་འཁྱིལ་མའི་སྟེང་ཐོག་གི་མཆོད་མཇལ་ལ་འགྲོ་འདོད་འདུག་ཅེས་ཟེར་བ་ལ། ལྷ་ཁང་གི་ལས་ཀྱི་སྣེ་མོ་བ་དག་གིས། ཐོག་ཁང་རྣམས་སུ་བུད་མེད་འགྲོ་མི་ཆོག་པའི་དམ་བཅའ་དང་སྒྲིག་ཁྲིམས་བཞག་ཚར་ཡོད་པས་སྟེང་དུ་འགྲོ་བར་མི་འཐད་ཅེས་གསུངས་ཀྱང་། བཙུན་མོ་སྐུ་དབང་བཙན་པོ་ཡིན་པས་འགོག་པར་མ་ནུས་པར། རྩེ་ཁང་དང་བར་ཁང་རྣམས་སུ་མཆོད་མཇལ་ལ་སོང་ཞིང་དེ་ནས་ལྷ་སར་འགྲོ་བའི་ལམ་ལ་ཞུགས། ལྷ་སའི་ཕྱོགས་སུ་ཡར་ཡར་འགྲོ་བའི་ལམ་ཁ་སྟེ། གཟེ་ཡི་མ་ཡོ་ག་པའི་རྒྱབ་རོལ། དེང་སང་རི་བོ་ཆེའི་རྫོང་གི་སྲིད་འཛིན་ས་ཁུལ་དུ་གཏོགས་པ་བྱང་སྤུ་ཐོག་ཁ་རུ་སླེབས་དུས་བཙུན་མོ་ཡ་ཀ་ཐ་ཧུ་ཚེ་ཡི་འཕེན་པ་ཡོངས་སུ་རྫོགས་ཏེ་སྐུ་གྲོང་། བཙུན་མོ་དེའི་འཆི་ཁའི་ཁ་ཆེམས་ལ། རི་བོ་ཆེའི་ཁྲི་པ་བླ་མ་ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་མོ་རང་གི་གསེར་དངུལ་གཟི་བྱུར་ལ་སོགས་པ་ལུས་རྒྱན་མཐའ་དག་ཡོངས་སུ་རྫོགས་པ་འདི་དང་། ད་དུང་ནོར་རྫས་སྣ་ཚོགས་པའི་ཕྱུར་བུར་གང་བའི་ཧོར་གྱི་སྒམ་ཆེ་ཆུང་མི་འདྲ་བ་བརྒྱ་ལྷག་དང་། ཆེན་པོ་ཧོར་གྱི་ཡུལ་ནས་ཁྱེར་ཡོང་བའི་ནོར་བུ་རིན་པོ་ཆེ་གསེར་སྒ་རི་མོ་དགུ་སྐོར་དང་། དེ་བཞིན་དུ་ཧོར་ཟངས་དང་ཧོར་གོས་འདི་དག་ཕུལ་ལ། དགེ་བའི་རྩ་བ་མི་ཟད་པའི་རྒྱུན་ལ་ལོངས་སུ་སྤྱོད་ཐུབ་པའི་ཆེད་དུ་དགོན་པའི་ནང་ལ་དཀར་མེ་ཡི་རྒྱུན་འཛུགས་ཤིག་གནང་རོགས་གྱིས། ཞེས་ཁ་ཆེམས་སུ་བསྩལ་བ་ཇི་བཞིན། བཙུན་མོའི་འཁོར་དང་གཡོག་པོ་དག་གིས་ཇི་མ་ཇི་བཞིན་འགྲུབ་ཐབས་བྱས་པས། དཔལ་རི་བོ་ཆེའི་གཙུག་ལག་ཁང་གི་མཆོད་རྫས་ལ་བཀོད་པ་གསེར་སྒ་རི་མོ་དགུ་སྐོར་ཙམ་དུ་མ་ཟད། རྒྱ་དང་ཧོར་གྱི་ས་ཆ་ནས་ཐོན་པའི་མཁོ་རྒུ་ཡོ་བྱད་ཤིན་ཏུ་མང་བ། དཔེར་ན། རྒྱ་སྦུབ་དང་རྒྱ་སིལ། ཧོར་སྦུབ་དང་ཧོར་སིལ། རྒྱ་ཏིང་དང་ཧོར་ཏིང་། ཅོང་དང་གན་དྲིལ། གན་དཀར་དང་གུ་གུ་ཤ། ཤེལ་དང་དཀར་ཡོལ་ལས་གྲུབ་པའི་གཟུགས་བརྙན་སྣ་ཚོགས་པ་སྟེ། དེ་དག་ཚང་མ་སོག་པོའི་ཡུལ་ནས་བྱུང་བའི་རི་བོ་ཆེ་དགོན་པའི་སྦྱིན་བདག་ཆེན་མོ། ཡོན་གོང་མའི་བཙུན་མོ་ཡ་ཀ་ཐ་ཧུ་ཟེར་བ་དེ་རི་བོ་ཆེར་ཕེབས་པའི་སྐབས་སུ་བྱུང་བ་ཡིན་པར་བཤད་དོ།།(ཡ་ཀ་ཐ་ཧུ་རི་བོ་ཆེར་ཡོང་དུས་སེ་ཆེན་རྒྱལ་པོ་ཤི་ནས་ལོ་སོ་ལྔ་ཙམ་སོང་ཟིན་པས་འདི་སེ་ཆེན་གྱི་བཙུན་མོ་ཡིན་མིན་དཔྱད་དགོས་སོ)
སོག་པོ་སྟག་དམར་སྟོབས་ཆེན་ལ་ཤེད་ཤུགས་སྟོབས་རྩལ་ཆེ་བའི་གཟེངས་བསྟོད་དུ་ཐོབ་པའི་གསེར་སྒ་རི་མོ་དགུ་སྐོར་དེ་ཉིད། དཔོན་མོ་ཡ་ཀ་ཐ་ཧུས་ཡོན་གོང་མའི་ཕོ་བྲང་གི་བང་མཛོད་ནས་བླངས་ཏེ། ཐུགས་སེམས་ཀྱི་རྩེ་མོ་ཡུལ་དབུས་ལྷ་ས་རུ་གཏད་དེ་ཕྱིར་བོད་ཡུལ་དུ་བསྣམས་བྱུང་ན་ཡང་། ཡུལ་མདོ་ཁམས་ཀྱི་ས་ཆ་སྟེ། ཆུ་བོ་ཆེན་པོ་དངུལ་ཟླ་གཉིས་ཀྱི་བར་དུ་ཆགས་པའི་ཡུལ་ཚ་བའི་ཀླུང་སྒང་རིང་མོ། དབྱི་ཤོད་རི་བོ་ཆེའི་ས་ཆ་རུ། དཔོན་མོ་དེ་ཉིད་ཀྱི་ཚེ་ཡི་འཕེན་པ་རྫོགས་ཏེ། གསེར་སྒ་རི་མོ་དགུ་སྐོར་ནི་སྟག་ལུང་མར་ཐང་རི་བོ་ཆེའི་དགོན་པ་རུ་ལུས།(གླིང་གི་ཅ་དངོས་གཞན་དག་རྣམས་ཡེལ་པ་བཀའ་བརྒྱུད་དང་རི་བོ་ཆེ་དགོན་པའི་འབྲེལ་བ་དང་དར་རྒུད་ཀྱི་ཐོག་ནས་ཟུར་དུ་གླེང་དགོས)
སྐུ་གསུང་ཐུགས་རྟེན་གསར་བཞེང་མཛད་རྒྱུ་ནི་བྱ་བ་ལས་ཀྱི་འཁོར་ལོ་ཐམས་ཅད་ལས་ཨང་དང་པོར་བརྩི་བའི་སྟག་ལུང་གི་བླ་མ་ཞིག་གི་ངོས་ནས་བཤད་ན། ཕྱག་ལག་གི་ནང་དུ་རྒྱུ་ནོར་རྩ་ཆེན་ཞིག་བྱུང་བ་ཡིན་ན་དངོས་པོ་དེ་ཡིས་ཅི་ཞིག་བཞེང་སྐྲུན་བྱེད་རུང་ངམ་སྙམ་པའི་ཀུན་སློང་དེ་ཐོག་མར་ཐུགས་ལ་འཁྲུངས་ཡོང་བ་ནི་གོམས་གཤིས་སུ་གྲུབ་ཡོད། དེས་ན། གསེར་སྒ་རི་མོ་དགུ་སྐོར་དེ་ཡང་ལྷ་ཁང་ཁྲ་འཁྱིལ་མའི་ནང་དུ་ལྷ་སྐུ་ཆེན་མོ་ཞིག་གསར་བཞེང་གི་སྐབས་དང་བསྟུན་ཏེ། གནོད་སྦྱིན་བང་མཛོད་ཀྱི་ནང་དུ་ཟུངས་འཇུག་གི་ཚུལ་གྱིས་བཞུགས་སུ་གསོལ་ཞིང་། “གླིང་གེ་སར་རྒྱལ་པོའི་གསེར་སྒ་རི་མོ་དགུ་སྐོར་བཞུགས་སོ”ཞེས་པའི་ཁ་བྱང་ཡི་གེ་གསལ་པོར་བཀོད་ཅིང་སྐུ་འདྲ་ཞིག་གི་ནང་ལ་གཏེར་དུ་སྦས་པར་བྱས། སྐུ་འདྲ་དེ་ཡི་དཀར་ཆག་དང་གསལ་བཤད་ཀྱི་ཡིག་ཆ་གང་ཡང་བྲི་བཀོད་གནང་མ་ཐུབ་པའི་རྐྱེན་གྱིས། དུས་རབས་བཅུ་དགུ་པའི་ནང་དུ་བྲིས་པའི«གཙུག་ལག་ཁང་གི་རྟེན་བཤད་ཆེན་མོའི»ནང་དུ་ཡང་དངོས་པོ་འདི་དག་གི་སྐོར་འཁོད་མ་ཐུབ་པར་མ་ཟད། སྐབས་དེ་དུས་ཀྱི་དགོན་པའི་ནང་གི་བླ་མ་དང་གྲྭ་པ་ཚང་མས། མི་ལོ་ལྔ་བརྒྱའི་སྔོན་ལ་གླིང་གེ་སར་དང་འབྲེལ་བའི་རིག་དངོས་རྩ་ཆེན་འདི་དག་ལྷ་སྐུ་ཞིག་གི་ཁོག་པའི་ནང་དུ་བཞག་མྱོང་བ་དེའང་ཡོངས་སུ་བརྗེད་པར་གྱུར་སོང་མོད། གླིང་གེ་སར་རྒྱལ་པོས་རྨ་ཤེལ་བྲག་གི་གཏེར་ཁ་ལས་སྤྱན་དྲངས་པའི་གསེར་སྒ་རི་མོ་དགུ་སྐོར་འདི་དེ་ལྟར་བརྗེད་དུ་རུང་བ་ཞིག་ག་ལ་ཡིན།
གསེར་སྒ་རིན་པོ་ཆེ་འདི་གླིང་ཡུལ་མཐོང་བ་ཀུན་སྨོན་ན་བཞུགས་དུས་སུ། ཁྲ་མོ་གླིང་གི་རྒྱལ་ཁབ་དེ་ཉིད་དམག་བུ་རྟ་གཙོ་བོར་བྱས་པའི་སྟོབས་འབྱོར་མངའ་ཐང་དགུང་དང་མཉམ་པར་གྱུར་ཅིང་། འཛམ་བུ་གླིང་ན་འགྲན་ཟླ་དང་བྲལ་བའི་བཙན་རྒྱལ་ཞིག་ཏུ་གྱུར་སོང་ལ། གསེར་སྒ་འདི་ཉིད་སོག་པོའི་རྩྭ་ཐང་གི་སྟེང་དུ་སྤྱན་དྲངས་པ་ན། སོག་པོའི་མི་རིགས་དེ་ཡང་ཁྲ་མོ་གླིང་གི་རྒྱལ་ཁབ་ཇི་བཞིན་དུ། འཛམ་གླིང་ཡོངས་ན་འགྲན་ཟླ་དང་བྲལ་ཞིང་སྟོབས་འབྱོར་གྱིས་དྲེགས་པའི་རྒྱལ་ཁབ། རྒྱ་སྟག་ངར་མ་ཚང་ནས་ལངས་པ་ལྟ་བུ་ཞིག་ཏུ་གྱུར་མྱོང་བ་མ་ཡིན་ནམ། ད་དུང་གསེར་སྒ་རིན་པོ་ཆེ་འདི་ཉིད་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྨ་ཤེལ་བྲག་གི་ནང་དུ་ཇི་ལྟར་གཏེར་དུ་སྦས་པའི་ཚུལ་ལས་བརྩམས་ཏེ། གུ་རུ་པདྨ་འབྱུང་གནས་ཀྱི་མཛད་པ་རྣམ་ཐར་དང་། བོད་བཙན་པོའི་རྒྱལ་ཁབ་ཀྱི་མངའ་ཐང་གཟི་བརྗིད་དྲག་ཏུ་འབར་བའི་ལོ་རྒྱུས་དེ་དག་ཀྱང་གསེར་སྒ་འདི་ཡི་འོད་ཟེར་དང་འབྲེལ་བའི་སྒོ་ནས་སྤྲོས་རྒྱུ་ཡོད་པས། གསེར་སྒ་འདི་ཉིད་ལས་སླ་པོར་བརྗེད་དུ་རུང་བ་ཞིག་མ་ཡིན་ལ་བརྗེད་དུ་ནུས་པ་ཞིག་ཀྱང་ག་ལ་ཡིན།
དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ན་བྱུང་བའི་བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་དང་ཟང་ཟིང་ལང་ལོང་གི་སྐབས་དེར། གཙུག་ལག་ཁང་ཁྲ་འཁྱིལ་མ་ཞེས་པའི་རིག་རྫས་ཀྱི་གཏེར་མཛོད། བོད་རིགས་མི་དམངས་ཀྱི་སྙིང་སྟོབས་དང་རྨད་དུ་བྱུང་བའི་ལག་རྩལ་གྱིས་བསྐྲུན་པའི་མཆོད་སྡོང་ཆེན་མོ་བཀྲ་ཤིས་དཔལ་གྱི་ལྷུན་པོ་འདི་ཉིད་ལ་ཚབ་ཆེན་རང་བཞིན་གྱིས་གཏོར་སྐྱོན་ཐེབས་ཤིང་། རྟེན་དང་བརྟེན་པར་བཅས་པའི་ལྟ་ན་སྡུག་པའི་བཀོད་པ་དེ་དག་མགོ་རྟིང་དྲག་ཏུ་སློག་བཞིན་པའི་སྐབས་དེར། སྐུ་འདྲ་ཤིན་ཏུ་ཆེན་པོ་ལྷ་ཁང་གི་ཐོག་ཚད་མཉམ་པ་ཞིག་གི་ལྟོ་བའི་ནང་ནས་གསེར་སྒ་རི་མོ་དགུ་སྐོར་གཙོར་བྱས་པའི་གླིང་གི་ཅ་ལག་ཡོད་བྱད་ཁག་ཅིག་མངོན་པར་བུད་བྱུང་། ཁ་ཡིག་དང་བཅས་བུད་བྱུང་བས། སྐབས་དེའི་གཞོན་སྐྱེས་ལག་པ་དུག་མཚོན་གྱིས་མ་རྨས་པའི་སྐྱེ་བོ་ཁ་ཤས་ཤིག་གིས་མཚན་མོའི་སྐབས་དང་བསྟུན་ཏེ། གྱང་རོ་དང་ཤོག་འཛར་གྱི་བར་ནས་གླིང་གི་སྒ་ཆས་འདི་དག་བླངས་ཏེ་རང་རང་གི་ཁྱིམ་དུ་ཁྱེར་སོང་།
བློ་གྲོས་ཀྱི་མིག་ལྡོང་བའི་སྐྱེ་བོ་ལ་ལས་གསེར་སྒ་རི་མོ་དགུ་སྐོར་དེ་རང་གི་རྟ་ལ་སྟོད་པར་བསམ་ཡང་། ཆ་ཤས་གང་ཞིག་ནས་ཆེ་དྲགས་ཏེ་འདི་ནི་གླང་ཆེན་གྱི་སྒ་ཞིག་ཡིན་ནམ་སྙམ་དུ་སེམས་པར་བྱེད་ལ། ཡང་ཆ་ཤས་གང་ཞིག་ནས་ཆུང་དྲགས་ཏེ་འདི་ནི་ར་ཞིག་གི་སྒ་ཡིན་ནམ་སྙམ་དུ་བློ་ཡི་འཕྱང་མོ་ཉུག་པར་བྱེད། འོན་ཀྱང་། གསེར་སྒ་རི་མོ་དགུ་སྐོར་ནི་གཏེར་ཟོག་ནོར་བུ་རིན་པོ་ཆེ་རྟ་སྒ་ཡི་རྣམ་པ་ཅན་ཞིག་ཡིན་པ་ལས། རྟ་ལ་སྟོད་ཅིང་མི་ཡིས་ཞོན་དུ་རུང་བ་དེ་འདྲ་མ་ཡིན་མོད། རྨོངས་རྟུལ་ཕག་གི་མགོ་བོ་ཅན་དག་གིས་མ་ཤེས་པར་ཟད་དོ།།
དེ་ནས་ལྕང་མདའ་གྲོང་ཚོ་སོ་རུས་ཚང་གི་ཁྱིམ་བདག་རྒན་པོས་གསེར་སྒ་རིན་པོ་ཆེར་གྱ་ནོམ་པའི་ཡོན་དང་བཅས་རང་གི་ཁྱིམ་དུ་བླུས་པར་མ་ཟད། ལྷ་ཁང་ཁྲ་འཁྱིལ་མ་བསྐྱར་བཞེང་ལེགས་གྲུབ་ཀྱི་སྐབས་དང་བསྟུན་ཏེ་སླར་ཡང་དགོན་པའི་ནང་དུ་གདན་དྲངས་ཤིང་། ད་ལྟ་གཙུག་ལག་ཁང་བཀྲ་ཤིས་དཔལ་གྱི་ལྷུན་པོའི་དབུ་རྩེ་མཆོད་ཁང་དཀར་པོའི་ནང་དུ་བཀུར་བསྟི་དང་། རིམ་གྲོ་དང་། བཆོད་པ་དང་བཅས་བཞུགས་སུ་གསོལ་བ་འདི་ལགས་སོ།།
གསེར་སྒ་རི་མོ་དགུ་སྐོར་གང་དུ་བཞུགས་ན་དེ་ནི་འཛམ་གྱི་ས་ཡི་ལྟེ་བ་ཡིན་ཞིང་། གསེར་སྒ་རི་མོ་དགུ་སྐོར་གང་དུ་བཞུགས་ན་དེ་རུ་ཆོས་སྲིད་གཡང་གི་རྨུ་ཞག་འཁྱིལ་ཡོང་། གསེར་སྒ་རི་མོ་དགུ་སྐོར་གང་དུ་བཞུགས་ན་དེ་རུ་དགྲ་ལྷ་ཝེར་མ་རྟག་ཏུ་འཁོར་ཞིང་། གསེར་སྒ་རི་མོ་དགུ་སྐོར་གང་དུ་བཞུགས་ན་དེ་རུ་དཔའ་མཛངས་སྙིང་སྟོབས་དང་ལྡན་པའི་སྐྱེས་བུ་འཁྲུངས་ཡོང་། བདེན་ཏེ། བོད་བཙན་པོའི་རྒྱལ་ཁབ་ཀྱི་གཟི་བརྗིད་ལས་རྗེས་སུ་དཔོགས་རུང་ལ། ཁྲ་མོ་གླིང་གི་མངའ་ཐང་ལས་ཚོད་དཔག་བྱེད་ཐུབ། ད་དུང་སོག་པོའི་བཙན་རྒྱལ་གྱི་དབུ་འཕང་ལས་ཀྱང་བདེན་དཔང་བྱས་ཡོད་པ་ཡིན་ནོ།།
གསེར་སྒ་རི་མོ་དགུ་སྐོར་འདི་ཉིད་དབྱི་ཤོད་རི་བོ་ཆེ་དགོན་པའི་ནང་དུ་རེ་ཞིག་གབ་ཅིང་སྦས་པའི་ཚུལ་གྱིས་བཞུགས་ཤིང་། ད་ནི་ཕྲིན་ལས་ཀྱི་འོད་སྣང་གིས་ཕྱོགས་བཅུ་ཡི་མུན་པ་ཐམས་ཅད་སེལ་བའི་དུས་ལ་བབས་པར་གྱུར་ཅིང་། འཛམ་གླིང་ས་ཡི་ལྟེ་བ་དབྱི་ཤོད་རྡོ་རྗེའི་གདན་སྟེང་ནས་དབུ་རྩོམ་སྟེ། དམ་པའི་ཆོ་ལུགས། ཟབ་མོ་ལྟ་གྲུབ། བྱུང་བ་ལོ་རྒྱུས། མཛད་པ་རྣམ་ཐར། སྒྱུ་རྩལ་རྩོམ་རིག གླུ་གར་ཞབས་བྲོ། བཟོ་རིག་ལག་རྩལ། སྨན་རྩིས་ས་དཔྱད། དེ་དང་དེ་ལ་སོགས་པ་འགྲོ་བ་མི་ཡི་བློ་གྲོས་ཀྱི་ཉིད་བཅུད་དུ་གྱུར་པའི་ཤེས་རིག་བརྒྱུད་འཛིན་དང་གསར་གཏོད་གོང་འཕེལ་གྱི་སྒོ་ནས། དཔེར་ན། སྟག་མོ་གཉིད་ལས་སད་པ་ལྟ་བུ། སྤང་ལ་མེ་ཏོག་བཞད་པ་ལྟ་བུ། ནགས་ལ་མེ་ལྕེ་མཆེད་པ་ལྟ་བུའི་སྒོ་ནས་དར་རྒྱས་སུ་འགྲོ་རྒྱུ་ཡིན་པ་ལ་ཐེ་ཚོམ་ཅི་ཡང་མེད་ཅིང་། གསེར་སྒ་རིན་པོ་ཆེ་འདི་ཡི་མཐུ་དང་ནུས་པ་ལས། བག་ལ་ཉམ་བའི་དབྱི་ཤོད་ལུང་པའི་སང་ཉིན་དང་། གཏེར་ཁ་སྦས་པ་ལྟ་བུའི་བོད་མི་རིགས་ཀྱི་མ་འོང་པ། སྐྱ་རེངས་གསར་པ་ལྟ་བུའི་འཛམ་གླིང་གི་རྨི་ལམ་བཅས་དུས་ད་ལྟ་ནས་གསལ་པོར་མཐོང་ཐུབ་ཀྱིན་མི་འདུག་གམ། འདི་ལྟར་གླེང་བརྗོད་བྱས་པ་ན་བདག་གི་ཡིད་ལ་བོད་ཀྱི་སྙན་ངག་པ་ཡི་དམ་ཚེ་རིང་ལགས་ཀྱིས་བྲིས་པའི«རྔ་ཆེན་རོལ་དབྱངས»ཞེས་པའི་སྙན་ཚིག་དེ་ཝ་ལེར་འཁོར་བྱུང་བས། རྩོམ་ཡིག་དེ་ཉིད་ཀྱིས་རེ་ཞིག་མཇུག་བསྡུས་ན་རན་པར་མཐོང་ངོ་།།
༈ རྔ་ཆེན་རོལ་དབྱངས།
ཁྲང་པེ་རི་ཡི་རྒྱ་སྟག་ཁྲ་བོའི་ངར་སྐད་དྲན་ཚེ་བྱང་ཁོག་སྟོད་ཀྱི་ལ་རྒྱའི་མཚོ་མོ་དགུང་དུ་འཕྱོ།། བདུད་རྩི་སྨན་ལྗོངས་ཞི་ཧྲོང་པེན་ནའི་གླང་ཆེན་མཐོང་དུས་ཞབས་འོག་ས་འཛིན་སྔངས་ཤིང་འདར་བཞིན་འགྲོ་བར་རྩོམ།། གློ་བུར་ནང་སོག་རྩྭ་ཐང་སྟེང་ནས་རྟ་རྒོད་ཁྲོས་པའི་བང་དང་བཅས་ཏེ་ལྷང་ལྷང་འཚེར་སྐད་ཐོས་པ་ན།། བདག་གི་སྙིང་དབུས་ཏི་སེ་ལྷུན་པོར་བག་ལ་ཉལ་བའི་སེང་གེ་དཀར་མོས་གནམ་ས་གཡོ་བའི་གཡུ་རལ་གསིག། དཔྱིད་ཀྱི་དཔལ་མོ་སླེབས་པའི་དུས་སུ་མི་རྟག་སྣོད་ཀྱི་འཇིག་རྟེན་འདི་ཡིས་སྙན་འཇེབས་སྒྲ་དབྱངས་རྣ་བར་སྤྲོ།། ཐ་དད་རིགས་ཀྱི་འགྲོ་བ་དག་གིས་ལོ་རྒྱུས་མཚོན་པའི་སྙན་རྩོམ་རོལ་དབྱངས་སྤོབ་པའི་གདངས་ཀྱིས་གྱེར་བའི་ཚེ།། དཔལ་གྱི་ཡོན་ཏན་བླ་ན་འཕར་བའི་རྒྱལ་ཁབ་གཅིག་གི་མཛེས་པའི་སྣང་བརྙན་ཕྱི་རབ་དྲན་པའི་ངོས་སུ་ཕབ།། བཀྲ་ཤིས་བདེ་ལེགས།
ཞེས་རི་བོ་ཆེའི་གནའ་བོའི་རི་ཁྲོད་ཨ་ཆོག་རིན་ཆེན་སྤུངས་པའི་རི་བོ་ནས་སྤྱི་ལོ༢༠༢༡ལོ་སྤྱི་ཟླ༢པའི་ཚེས་པ༦ཉིན་རིག་པའི་གནས་ལ་སྔོན་སྦྱང་གི་ལས་འཕྲོ་ཅན་ལེགས་བཤད་བཟང་པོ་ཟེར་བ་དེས་སྦྱར་བ་རྫོགས་སོ།།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།