ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང<<ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག>>ཅེས་པའི་བཀླགས་བྱང་།

ཁྱུང་སྒྲིག(ལྷ་ས) 琼迈文学网 2022-09-20

  དང་པོ། གསར་རྩོམ་གྱི་གནས་གཞན་ཞིག་ཏུ་སོན་པ།

  བརྩམས་སྒྲུང་མཁན་ཚེ་རིང་དོན་གྲུབ་ནི་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་མཁའ་དབྱིངས་ན་ལྷག་ཏུ་འཚེར་བའི་སྐར་མ་ཞིག་ཡིན་པ་ནི་ཁོང་གི་ཕྱག་སོར་གྱིས་བཞེངས་བའི་བརྩམས་ཆོས་དག་ལས་ཀྱང་རྟོགས་ཐུབ། རྩོམ་པ་པོ་ཁོང་གི་བརྩམས་སྒྲུང་དག་ལས་མངོན་ལྐོག་གང་རུང་ནས་མཐོང་ཐུབ་པ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པར་སུན་འབྱིན་དང་རིག་གནས་ཀྱི་བག་ཆགས་ངན་པར་ངོ་རྒོལ་བྱེད་པ་དེ་ཡིན། ལྷག་དོན་དུ་འབྲོག་པའི་རིག་གནས་ཀྱི་ཁྲོད་དུ་གནས་པའི་སྣང་ཚུལ་དང་གནས་ཚུལ་དག་ལ་ཞུན་བརྡར་བྱས་ནས། མི་རིགས་ཀྱི་མ་འོངས་ལ་བསམ་གཞིགས་དང་མཚར་སྡུག་གིས་ཁེངས་པའི་བོད་ཀྱི་མ་འོངས་ལའང་རེ་ལྟོས་བྱེད་པ་བརྩམས་ཆོས་དག་ལས་མངོན་ཐུབ་པ་ཞིག་ཡིན།

  དེ་ཡང་། ཁོང་གི་བརྩམས་ཆོས་དག་གིས་རྩྭ་ས་རྩོད་གླེང་ལས་བྱུང་བའི་ནང་དམེའི་སྐོར་ལ་དགག་སྒྲུབ་དང་། ཚུལ་མིན་གྱི་ཆོས་པར་སུན་འབྱིན། སྤྱི་ཚོགས་ཀྱི་བསམ་བློ་གསར་རྙིང་གི་འགལ་འདུར་དགག་གཞག དེང་གི་རིག་གནས་གདོང་ཐུག་ལས་བོད་མི་རིགས་ཀྱི་གནས་སྟངས་ལ་བསམ་གཞིགས། ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ལ་སོགས་བརྗོད་པ་སྟེ། མདོར་ན། ཁོང་གི་བརྩམས་སྒྲུང་གིས་མི་རིགས་ཀྱི་དངོས་ཡོད་ཀྱི་འཚོ་གནས་དང་ལས་དབང་། མདུན་ལྗོངས་ལ་སོགས་རྩོམ་ཡིག་གི་བརྗོད་དོན་དུ་བཀོལ་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་རྣམས་ཀློག་པ་པོའི་མིག་ལམ་དུ་བསྟར་ནས་གོ་བཀོན་བློ་འགུག་གི་ནུས་པ་ཐོན་པར་བྱེད་ཀྱིན་ཡོད། དེ་བས། ཁོང་གི་བརྩམས་སྒྲུང<<ར་ལོ>>ཡིས་བོད་ཀྱི་བརྩམས་སྒྲུང་དེ་སྒྲུང་གི་བྱུང་རིམ་གཙོར་བཟུང་ཅན་ནས་མི་སྣའི་གཤིས་ཀ་གཙོར་བཟུང་གི་ཁ་ཕྱོགས་སུ་བསྒྱུར་བ་ཀུན་གྱིས་བཞེད་པ་ལྟར་ཡིན། ཡིན་ནའང་། བརྩམས་སྒྲུང<<ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག>>ཅེས་པ་ནི་གོང་གི་བརྩམས་ཆོས་ཀྱི་བརྗོད་དོན་དེ་དག་དང་མི་འདྲ་བར་མིའི་ནང་སེམས་ཀྱི་འཇིག་རྟེན་ལ་དབྱེ་ཞིབ་དང་། ནང་སེམས་ཀྱི་ངོ་བོ་ལ་སོགས་ཏེ། མིའི་ནང་སེམས་ཀྱི་འཇིག་རྟེན་སྨྱུག་འོག་གི་བརྗོད་དོན་དུ་བཀོལ་བ་ཞིག་ཡིན་པར་སེམས། དེ་ཡང་བརྩམས་སྒྲུང་གི་ཐོག་མ་ནས་མཐའ་མའི་བར་དུ“ངའི”སེམས་ཁམས་ཀྱི་འགྱུར་བ་དང་། འགྱུར་བ་དེ་དག་གི་ཁུད་དུ་གནས་པའི་གནས་ལུགས། གཞན། ནང་སེམས་ཀྱི་འགལ་འདུའི་རང་བཞིན་དང་དེ་དག་ལས་བྱུང་བའི་བྱ་སྤྱོད་ལ་སོགས། མདོར་ན། གོང་འོག་གི་སེམས་ཁམས་ཀྱི་འགལ་འདུའི་རང་བཞིན་དང་འགྲོ་བ་མིའི་འགྱུར་ངེས་ཅན་གྱི་སེམས་ཁམས་ཀྱི་རྣམ་པ། ལྷག་པར་དུ། མིའི་ངོ་བོ་དང་བྱ་དངོས་སོགས་ལ་མཚན་ཉིད་རིག་པའི་མཐོ་ཚད་ཀྱི་ཐོག་ནས་བསམ་གཞིགས་བྱེད་པའི་བརྩམས་ཆོས་ཞིག་ཀྱང་ཡིན་པར་སེམས། དེར་བརྟེན<<ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག>>ཅེས་པས། རྩོམ་པ་པོའི་བརྩམས་སྒྲུང་གཞན་དག་ལས་མཚོན་སྟངས་དང་མཚོན་དོན་གང་རུང་གི་ཐད་ནས་ཀྱང་གསར་རྩོམ་གྱི་གནས་གསར་པ་ཞིག་ཏུ་སོན་ཡོད་པར་བསམས།

  གཉིས་པ། བརྗོད་དོན་ནི་མིའི་ནང་སེམས་ཀྱི་འཚོལ་སྙེག་དང་འབྲེལ་བ།

  སྐབས་སུ་བབ་པ་ནི་ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང<<ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག>>ཅེས་པ་དེ་ཡིན་པས། དེའི་རྩོམ་སྟངས་དང་མཚོན་དོན། མི་སྣ་གསར་བཞེངས་གང་ཐད་ནས་བརྗོད་ན། རྩོམ་པ་པོས་བརྩམས་ཟིན་པའི་བརྩམས་ཆོས་དག་ལས་བརྒལ་བའི་ཆ་ཞིག་འདུག་སྟེ། སྔོན་གྱི་གཏན་ཆགས་རང་བཞིན་གྱི་མི་སྣ་དང་བརྗོད་དོན་ལས་ལོགས་སུ་གྱེས་ཏེ་མཚོན་དོན་གཞན་ཅན་ཞིག་བརྗོད་པར་འདོད་པའི་བློས་བསླངས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་མངོན་གྱིན་འདུག ཁོང་གི་བརྩམས་སྒྲུང་གོང་མ་རྣམས་ཀྱི་བརྗོད་དོན་ནི་སྤྱིར་དངོས་ཡོད་ཀྱི་འཚོ་བའི་ཁྲོད་ཀྱི་སྣང་གནས་གང་རུང་གི་རྣམ་པ་མཚོན་ནས་སྤྱི་ཚོགས་ཀྱི་འཚོ་བ་གང་ཉིད་བདེན་པ་དང་མིས་འཚོལ་སྙེག་བྱེད་པའི་ཕྱོགས་སུ་སྐུལ་འདེད་བྱེད་པ་ཞིག་ཡིན། བརྩམས་སྒྲུང<<ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག>>ཅེས་པའི་ནང་དུ་བརྗོད་དོན་གྱི་ཐོག་ཏུ་མ་གཞི་སྤྱི་ཚོགས་ཀྱི་འཚོ་བ་ཚུར་སྣང་བྱེད་པའི་ཕྱོགས་ཤིག་ཡོད་ཀྱང་། དེ་ལས་མང་བ་ནི་རྨི་ལམ་དང་འདྲ་བའི་མི་ཚེའི་ཁྲོད་དུ་མི་རྣམས་ཀྱིས་ཅི་ཞིག་འཚོལ་བ་དང་གང་ཞིག་རྙེད་པར་གྱུར་རུང་། དུས་ཚོད་ཀྱི་ཁད་ཅུང་ཟད་རིང་ན། ཐོག་མའི་རེ་སྙེག་དང་འདང་ཞེན་སོགས་ལ་མི་བརྟན་པའི་ཆ་ཞིག་གམ་འདུས་བྱས་ཀྱི་ཆོས་ཉིད་མངའ་བས། ཐ་ན་དང་ཐོག་གི་རྙེད་པ་ཐམས་ཅད་ལ་སྐྱུག་བྲོ་བའམ་སྐྲག་དགོས་པའི་རྣམ་པར་འགྱུར་འགྲོ་བའང་བརྩམས་སྒྲུང་གང་ཉིད་ལས་ཤུགས་སུ་བསྟན་འདུག་པར་སེམས། འཇིག་རྟེན་གྱི་བྱ་དངོས་མཐའ་དག་ལ་འགྱུར་བའི་རང་བཞིན་ནམ་མི་རྟག་པའི་རང་བཞིན་མུ་ནས་མངའ་བ་དང་། ལྷག་དོན་དུ་མིའི་སེམས་ལ་དེ་བས་ཀྱང་ཤུགས་ཆེ་བའི་མི་བརྟན་པའི་ཆ་ཞིག་ཡོད་དེ། “སེམས་ཀྱིས་འཇིག་རྟེན་སྣ་ཚོགས་སྐྱེ”ཟེར་བ་ལྟར། རང་ཉིད་ཀྱི་ཆགས་ཞེན་ཆེ་བའི་དངོས་པོ་དག་ལ་འཁྲེན་སེམས་ཀྱིས་བཅིངས་པ་དང་། དེ་ལས་ལྡོག་པ་རྣམས་ལ་ཞེ་མེར་ཞིང་། ཁོང་ཁྲོ་ལངས་པ་ལ་སོགས་ནི་འཇིག་རྟེན་མིའི་སྤྱིའི་ཐུན་མོང་གི་ཆ་ཡིན་པ་དང་། དེ་དག་ལ་ཕྱོགས་སམ་ངོས་གཞན་ཞིག་ནས་བརྗོད་ན། རང་ཉིད་ཀྱི་དགའ་བ་དང་ཞེན་པ་ནི་མི་གཞན་གྱིས་ཞེ་མེར་བ་དང་ཁོང་ཁྲོ་ལངས་པའི་གནས་ཡིན་པའམ་རང་གིས་མི་འདོད་པ་རྣམས་མི་གཞན་གྱིས་འདོད་པ་ཡིན་པ་ལ་སོགས། འཇིག་རྟེན་གྱི་རྣམ་པ་གཅིག་ལ་འཛིན་པའི་ལྟ་སྟངས་མི་འདྲ་བ་ལ་སོགས་མཚོན་པ་ཤས་ཆེ་བར་སེམས། བརྩམས་སྒྲུང་ནང་གི“ང”ཡི་ཐོག་མའི་རེ་སྙེག་སྟེ་མེ་ཁ་དྲོན་མོ་དང་ལུག་ཤ་བཙོས་མ་དགོས་འདོད་དེ་མངོན་འགྱུར་བྱུང་བ་དང་། རིམ་པ་འཕར་ཅན་གྱི་རེ་བ་སྟེ་གསར་མོ་ལོངས་སུ་སྤྱོད་འདོད་ཀྱི་རེ་བར་སྙེག་འགོ་རྩོམ་པ་ལ་སོགས་མདོར་ན། མིའི་འདོད་པ་ནི་ནམ་ཡིན་ཡང་བཀང་ཐབས་མེད་པ་ཞིག་གམ། རེ་བ་ནི་སེམས་ཀྱི་འགྱུར་བ་ལ་བསྟུན་ནས་འགྱུར་འགྲོ་བ་ཞིག ཡང་མིན་ན། མི་ཚེ་ནི་འདོད་པ་ཁོ་ནར་རེ་སྙེག་དང་མངོན་དུ་འགྱུར་བའི་བརྒྱུད་རིམ་གྱི་ངང་དུ་རྫོགས་འགྲོ་བའང་མཚོན་ཡོད།

  གསུམ་པ། རྨི་ལམ་གྱི་ནང་དུ“རྨི་ལམ”བཞེངས་བསྐྲུན་བྱེད་པ།

  བརྩམས་སྒྲུང་གང་ཉིད་ཞིབ་ཏུ་བཀླགས་ན། སྒྲུང་གི་མགོ་ནས་གཞུག་བར་དུ་ང་རང་ལ་རྨི་ལམ་ནང་དུ་རྨི་ལམ་རྨི་གྱིན་པའི་ཚོར་བ་ཞིག་སྟེར་ཏེ། རྩོམ་ནང་གི“ང”སྟེ། རྟ་པ་གང་ཉིད་འཁྱག་ཅིག་ལྟོགས་སྟེ་མེ་ཁ་དྲོན་པོ་དང་རླངས་པ་ཐུལ་ཐུལ་འཐིབ་བཞིན་པའི་ལུག་ཤ་བཙོས་མ་དགོས་འདོད་ཀྱི་རེ་སྙེག་མངོན་འགྱུར་བྱེད་ཚུལ་དང་། ཞག་སྡོད་བྱས་རྗེས། རྟ་ཁ་དཀྱོག་ཞོར་དུ་ཕྱི་མིག་འཕེན་རྗེས་ཀྱི་འབྲོག་ཁྱིམ་དང་སྒོ་ཕྱུགས་ལ་སོགས། ཐ་ན་ཁ་བའང་མེད་པ་དག་ལས་ཤེས་ཐུབ། རྨི་ལམ་གྱི་ནང་དུ་རྨི་ལམ་བཞེངས་བསྐྲུན་བྱེད་པ་ཟེར་དགོས་དོན་ནི་བརྩམས་སྒྲུང་གི་མགོ་མཇུག་སྟེ། ཁ་བ་བབས་རྗེས་ནས་ཁ་བ་མི་སྣང་བའི་དབར་གྱི་དོན་བྱ་མཐའ་དག་ཁྱབ་ཆེ་བའི་རྨི་ལམ་ཞིག་དང་། དང་ཐོག་འབྲོག་ཁྱིམ་ནང་གི་གསར་མོས་ཡིད་ཀྱི་བརྟན་པ་འཕྲོག་ཚུལ་དང་དེ་ལས་བསྐྱེད་པའི་སེམས་ཁམས་ཀྱི་བྱ་བྱེད། གཉིས་པར་གསར་མོ་དེ་སྤྱང་ཀིར་འགྱུར་བ་དང་དེ་ལས་བྱུང་བའི་སེམས་ཀྱི་དངངས་འཚབ། གསུམ་པར་སྤྱང་ཀི་དེ་གདོན་འདྲེར་ཡིན་པར་སེམས་པ་དང་དེ་ལས་བྱུང་བའི་རིམ་པ་འཕར་ཅན་གྱི་འཇིགས་སྣང་ལ་སོགས་ནི“རྨི་ལམ”སྟེ། མིའི་ནང་སེམས་ཀྱི་རྨི་ལམ་མམ་འདོད་འདུན་དེ་དག་གི་ཆགས་གནས་འཇིགས་སྟོང་གི་ཆ་ཞིག་ཅི་ལ་མིན། དེ་ཡང་། རྨི་ལམ་ཆེན་པོ་དེ་ཉིད་ནི་“རྨི་ལམ”ཆུང་བ་དེ་མཚོན་བྱེད་དུ་གནས་པ་དང་། རྨི་ལམ་ཆུང་བ་དེའང་བརྩམས་སྒྲུང་གང་དེའི་བསམ་བློའི་ཟབ་ཚད་མཚོན་བྱེད་དུ་གནས་པ་ཡིན། དེར་བརྟེན། རྨི་ལམ་ཆེ་བ་ནི་ཁ་བ་བབས་རྗེས་ནས་ཁ་བ་མི་སྣང་བར་གྱུར་བའི་བར་གྱི་སྒྲུང་གི་བྱུང་རིམ་མཐའ་དག་ཡིན་ཆོག་ཅིང་། རྨི་ལམ་ཆུང་བ་ནི“ང”དང་གསར་མོའམ་སྤྱང་ཀི་ཡང་ན་གདོན་འདྲེ་སོགས་རང་གི་སེམས་ལས་བསྐྱེད་པའི་ཡུལ་དག་ལས་བྱུང་བའི་ཡུལ་ཅན་གྱི་འགྱུར་བ་དེ་ལས་བསྐྱེད་པའི་སིམ་གདུང་གི་ཚོར་བ་དག་ཅི་ལ་མིན། དེ་བས་བརྩམས་སྒྲུང་གང་ཉིད་རྨི་ལམ་ཞིག་འབྲི་ཡོད་པར་འདོད་པ་ནི་རྩོམ་གྱི་མི་སྣ་གཉིས་ཀྱི་ཐོག་མའི་ཁ་བརྡ་ལས་ཀྱང་ཅུང་ཟད་གོ་ཐུབ་པ་ཞིག་ཡིན་པར་སྙམ་སྟེ། རྩོམ་ནང་གི་ཁ་བརྡ“དྲིན་ཆེན་མ། དེ་རིང་གནས་ཚང་ཞིག་གཡར་ན་ཨེ་ཆོག”“ ཨ་ཙི། ལོས་ཆོག”ཟེར་བ་ལས་རྟོགས་ཐུབ། དེ་དང་ཧྥ་རན་སིའི་བརྩམས་སྒྲུང་རྩོམ་པ་པོ་མོ་པོ་སང་གི<<མགུལ་རྒྱན>>ནང་གི་མི་སྣའི་ཁ་བརྡ་དང་ཅུང་ཟད་འདྲ་བའི་ཆ་ཞིག་ཡོད་པར་བསམས། མོ་པོ་སང་གིས་ཀྱང་། མགུལ་རྒྱན་དེ་རྫུན་མ་ཡིན་པའང་མི་སྣའི་ཁ་བརྡའི་ཁྲོད་ནས་སྔ་མོ་ནས་བརྗོད་ཟིན་པ་མིན་ནམ།

  བཞི་པ། བརྩམས་སྒྲུང་གི་སྒྱུ་རྩལ་གྱི་ཁྱད་ཆོས།

  བོད་ཀྱི་དེང་རབས་བརྩམས་སྒྲུང་ཕལ་ཆེ་བ་ནི་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་ཡིན། བརྩམས་སྒྲུང་དེ་དག་གིས་དངོས་ཤུགས་གང་རུང་དུ་ཀློག་པ་པོ་དངོས་ཀྱི་འཚོ་བའི་ཕྱི་ནང་གཉིས་དུ་འཁྲིད་པར་བྱེད་ཅིང་། བརྩམས་ཆོས་ནང་གི་མི་སྣའི་བྱ་སྤྱོད་དང་སྒྲུང་གི་བྱུང་རིམ་གྱི་འཕེལ་འགྲོས་ལ་བསྟུན་ནས་ཀློག་པ་པོའི་ནང་སེམས་ལ་གཡོ་སྒུལ་བྱེད་ནས། རྩོམ་པ་པོའི་གསར་རྩོམ་གྱི་དམིགས་ཡུལ་ལ་སྙེག་པ་ཞིག་ཡིན། ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང<<ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག>>ཅེས་པས་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་ནང་བཞིན་དངོས་ཡོད་ཁོ་ན་མཚོན་རྒྱུ་ཙམ་མ་ཟད། ཀློག་པ་པོར་འཕྲུལ་སྣང་གི་འཇིག་རྟེན་ཞིག་མིག་ལམ་དུ་བསྟར་བར་བྱེད་ཅིང་། སྒྲུང་གི་བྱུང་རིམ་ཁྲོད་དུ་ཐིམ་སྟེ། སྒྲུང་གི་མི་སྣ“ང”དང་མཉམ་དུ་སེམས་ཀྱི་འཆར་སྒོ་ཀུན་ནས་འབྱེད་ཅིང་། སྒྲུང་གི་འཕེལ་རིམ་དང་འཕར་འཇགས་ཀྱིས་ཕྱུག་པའི་ཀྱོག་མཚམས་ལས་རྣམ་རྟོག་གི་སྒོ་མོ་ཡངས་པོར་འབྱེད་པའི་སྒྱུ་རྩལ་གྱི་ཕན་ནུས་ལྡན་པའི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་ཞིག་ཡིན་པར་སེམས། དེ་བས་ན། བརྩམས་སྒྲུང་གང་དེའི་འབྱུང་རིམ་གྱི་རྒྱུན་མཐུད་པའི་སྐབས་སུ་ཀློག་པ་པོར་བསམ་བློའི་བར་སྟོང་ཆེན་པོ་ཞིག་སྤྲོད་གྱིན་འདུག་པར་སེམས། མདོར་ན། སྒྲུང་གི་བྱུང་རིམ་ཁྲོད་དུ་འཕྲུལ་སྣང་རང་བཞིན་གྱི་མཚོན་ཐབས་ཤུགས་ཆེ་བས། ཀློག་པ་པོའི་ནང་སེམས་སུ་མཚར་སྣང་གིས་ཁེངས་པའི་དཔེ་ཀློག་གི་མཁའ་དབུགས་ཞིག་བསྐྲུན་འདུག་པར་སེམས། གཞན་ཡང་། བརྩམས་སྒྲུང་གི་མི་སྣ་གསར་བཞེངས་ཐད་ལའང་གསོན་ཉམས་ཕྱུག་ཅིང་འཆར་སྣང་ཅན་གྱི་སྒྱུ་རྩལ་གྱི་མཐོ་ཚད་དུ་སླེབས་ཡོད་དེ། “ང”ཡི་སེམས་ཁམས་ཀྱི་འགྱུར་བ་འཕྱོ་འཇགས་ཀྱིས་ཕྱུག་པའི་བྱུང་རིམ་དང་འོ་ཆུ་འདྲེས་པ་བཞིན་དུ་གནས་ཡོད།
                                                   
                                                  2022.9.17ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང<<ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག>>ཅེས་པའི་བཀླགས་བྱང་།

2022-09-20 ཁྱུང་སྒྲིག(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།