《ཝ་ནག་ལུང་བའི》ཕྱི་ནང་།
རྩོམ་ཐུང་འདི་ནི་ང་ཚོའི་སློབ་གྲྭ་སྟེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རྩོམ་རིག་སློབ་གླིང་དང་། རྩོམ་རིག་ཚོགས་པས་ངེད་ལ་རྩོམ་རིག་སྐོར་ནས་འཆད་ཁྲིད་ཅིག་བྱེད་པའི་རེ་བ་བཏོན་པ་ལྟར་དུ། སྤྱི་ལོ་2016ལོའི་ཟླ་10ཚེས་28ཉིན་གྱི་དགོང་མོར་སློབ་ཁུལ་གསར་བ་ཡུ་གྲོང་ནས་སྤེལ་བའི་འཆད་ཁྲིད་ཀྱི་ཁ་བྱང་ཇི་བཞིན་པ་ཡིན་ལ། སང་ལོ་ནི་བོད་ཕྱི་ནང་ན་སྐད་གྲགས་ཆེས་ཆེ་བའི་བོད་ཡིག་གི་བརྩམས་སྒྲུང་《ཝ་ནག་ལུང་བ》སྤེལ་ནས་ལོ་ངོ་བཅུ་འཁོར་བ་ཡིན་པས་འཆད་ཁྲིད་མ་ཕྱི་(PPT)དེ་སླར་ཡང་རྩོམ་དུ་ཕབ་པ་ཞིག་ཡིན། དེ་ཡང་ལོ་ངོ་བཅུའི་རིང་གི《ཝ་ནག་ལུང་བའི》ཀློག་སྟངས་དང་། གླེང་ལུགས། དཔྱད་ཕྱོགས། ཤུགས་རྐྱེན། གདེང་འཇོག་ཚུལ་སོགས་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་བདེ་བར་དམིགས་ནས། བརྩམས་སྒྲུང་འདིའི་འཆད་བརྗོད་དཔྱད་གླེང་ལས་ཅུང་སྔ་གྲས་སུ་སྣང་བ་དེའི་གནས་ཚུལ་དངོས་ཇི་ལྟ་བ་བཞིན་དུ་མཚོན་ཡོད་པས། ཐོག་མའི་འཆད་ཁྲིད་ཀྱི་ནང་དོན་ལ་བཟོ་བཅོས་མ་བྱས་པར་ངོ་སྤྲོད་ཀྱི་ཚུལ་དུ་བཀོད་པ་ཡིན་ལ། དཔྱད་རྩོམ་གྱི་རེ་བ་ལྟར་གྱི་ཚགས་དམ་པོ་དང་ལུང་རིགས་ཀྱི་སྒྲུབ་བྱེད་གྱ་ནོམ་པ་འགོད་རྒྱུར་ཡང་དོ་སྣང་ཆེན་པོ་བྱས་མེད་དོ། །
ཉིན་དེར་སློབ་ཁང་ཆེན་པོ་ཞིག་ཏུ་ཆུད་ཀྱིན་མེད་པའི་སློབ་མ་འདུས་ཡོད་དེ། ཉུང་མཐར་ཡང་མི་སུམ་བརྒྱ་ལྷག་ཡོད་སྣང་འཆར། འཆད་ཁྲིད་ཀྱི་ནང་དོན་ཚན་པ་བཞི་ཡི་སྒོ་ནས་སྤེལ་བ་ཡིན་ཏེ། གླེང་སློང་བ་དང་། ཚེ་རིང་དོན་གྲུབ། 《ཝ་ནག་ལུང་བའི》ཕྱི་ནང་། མཇུག་གཏམ་བཅས་སོ། །གཤམ་དུ་དེ་དག་གི་ནང་དོན་སྤྱི་ཁོག་ངོ་སྤྲོད་རགས་ཙམ་བྱས་ན།
དང་པོ། གླེང་སློང་བ།
གླེང་སློང་བ་རུ། སློབ་གླིང་རྩོམ་རིག་ཚོགས་པའི་རེ་བ་ལྟར་དུ་འཆད་ཁྲིད་འདི་སྤེལ་བ་ཡིན་ལུགས་གསལ་བཤད་ཀྱིས་ཐོག་དྲངས་ཏེ། རྩོམ་པ་པོ་ཚེ་རིང་དོན་གྲུབ་ལ་མཉམ་འཇོག་མཁན་མང་བ་དང་། ང་རང་རྩོམ་པ་པོ་ཁོང་ལ་རྒྱུས་ཅུང་ཆེ་བར་མ་ཟད། བརྩམས་སྒྲུང་མང་ཆེ་ཤོས་ཀྱི་ཀློག་མཁན་སྔོན་མའི་གྲས་ཡིན་པ་དང་། བརྩམས་སྒྲུང་འདི་གླེང་རིན་ཡོད་འདོད་པ་གསུམ་གྱི་སྒོ་ནས། ཁ་བྱང་འདི་འདྲ་ཞིག་འདེམས་དོན་བཤད་པ་ཡིན། འདེམས་དོན་སྔ་མ་གཉིས་ཀྱི་སྐོར་དེར་གསལ་བཤད་དགོས་པ་མེད་པས་བཞག་སྟེ། གཞུག་མ་དེ་ཇི་ལྟར་བཤད་པ་ཡིན་ཟེར་ན། ཝ་ནག་ལུང་བ་ནི་2012ལོའི་《སྦྲང་ཆར》དེབ་བཞི་བར་བཀོད་པའི་བརྩམས་སྒྲུང་ཞིག་ཡིན་པ་དང་། ད་དུང་དཔྱད་མཁན་ཅུང་ཉུང་བ། བརྗོད་བྱ་གདོང་ཐུག་པའི་དོན་དང་འབྲེལ་བ། རྗོད་བྱེད་འཚམ་ཞིང་ངག་རྩལ་རྫོགས་པ། ཀློག་འདོད་ཀྱི་ཡི་ག་ཕྱེ་བ། བསམ་གཞིགས་ཀྱི་དྲན་འཆར་སློང་བ་བཅས་དྲུག་གི་སྒོ་ནས། བརྩམས་སྒྲུང་འདི་གླེང་རིན་ཡོད་འདོད་པ་ལ་གསལ་བཤད་མདོར་བསྡུས་ཤིག་བྱས་པ་ཡིན།
གཉིས་པ། ཚེ་རིང་དོན་གྲུབ།
ཚེ་རིང་དོན་གྲུབ་ཏུ། སྨྲ་བ་ཉུང་བའི་ཁ་རྒོད་པ་དང་། གཟས་མོ་སྨྲ་བའི་སྙིང་ཅན། ཐོས་བརྒྱུད་མང་བའི་རྩོམ་མཁན། ཕྱི་ཐག་རིང་བའི་ལམ་འགྲོ་བཅས་བཞི་ཡི་སྒོ་ནས་རྩོམ་པ་པོ་ཚེ་རིང་དོན་གྲུབ་ངོ་སྤྲོད་བྱས་པ་ཡིན། དེ་ལྟར་བྱེད་དོན་ནི། ཉིན་དེར་དགེ་རྒན་རེ་འགའ་ཕུད། སློབ་ལོ་དང་པོ་ནས་བཞི་བའི་བར་གྱི་སྐད་ཡིག་རྩོམ་རིག་འཛིན་གྲྭའི་དངོས་གཞིའི་སློབ་མ་དང་། དེ་མིན་རྒྱ་བོད་སྐད་གཉིས་རྩིས་རིག་དང་བཟོ་ཚོང་དོ་དམ་འཛིན་གྲྭའི་སློབ་མ་དང་། རང་སྦྱོང་རྒྱུགས་སྤྲོད་འཛིན་གྲྭའི་སློབ་མ་ཡང་མི་ཉུང་བ་ཞིག་ཡོད་པས། ཚེ་རིང་དོན་གྲུབ་ལ་རྒྱུས་ཡོད་མེད་ཆེ་ཆུང་ཅི་རིགས་ཡོད་པར་སྙམ་སྟེ། ངོ་སྤྲོད་ཅུང་བྱས་པ་ཡིན། དེ་ལས། དང་པོ་བོད་སྐད་སྨྲ་བའི་སོག་པོ་རུ། དང་པོ་སྨྲ་བ་ཉུང་བའི་ཁ་རྒོད་དུ། རྩོམ་པ་པོ་གྲགས་ཅན་ཀོ་ཞོ་པོ་ཡིས《ཚེ་རིང་དོན་གྲུབ་དང་ཁོའི་གློག་བརྙན》ཞེས་པར། “ཁོ་ནི་སྐད་ཆ་ཉུང་ལ། ཐ་ན་ཅུང་ཁ་འཁོབ་(木纳)ཅིག་ཏུ་སྣང་མོད། ཁ་གྲག་ཕྱིན་སྐད་ཆ་གནད་ཅན་རྐྱང་རྐྱང་རེད”ཅེས་པའི་ཚིག་གཡར་ནས། ཚེ་རིང་དོན་གྲུབ་ནམ་རྒྱུན་མང་པོ་ལབ་རྒྱུར་མི་དགའ་བ་དང་། བཤད་ཕྱིན་ཁ་རྒོད་ཅིང་། རྩེད་མཚར་ལྟ་བུའི་སྐབས་སུ་ཡང་ཉན་མཁན་གཏིང་ནས་དགོད་འཆོར་དུ་འཇུག་ནུས་ལ། ཁ་བརྡའི་སྐབས་སུ་ཚིག་ཉུང་ཞིང་གནད་དུ་ཁེལ་བ་ཞིག་ཡིན་ཚུལ་གཙོ་བོར་བརྫོད་པ་ཡིན་པ་དང་། གཉིས་པ་གཟས་མོ་སྨྲ་བའི་སྙིང་ཅན་དུ། རྩོམ་པ་པོ་གྲགས་ཅན་རྡོ་རྗེ་ཚེ་བརྟན་གྱིས། 《བདག་གི་གྲོགས་ཀྱི་དྭངས་མ་སྟེ་ན་གཞོན་རྩོམ་པ་པོ་ཚེ་རིང་དོན་གྲུབ》ཅེས་པར་“ཁོ་རང་ནི་གཞུང་རྒྱུད་དྲང་བའི་མི་ཞིག་ཡིན་ལ།” དབང་སྤྱད་ནས་སྒེར་སྒྲུབ་མཁན་ལ་དགྲ་ལྟར་སྡང་ཞིང་། འོས་མིན་ལ་ཀླད་པ་རྣོ་བའི་མིར་མཐོང་ཆུང་སྣང་མེད་བྱེད། ཅེས་པའི་ཚིག་སྤྱད་དེ། འཚོ་བའི་ཁྲོད་ཁོ་ནི་མི་དྲང་མོ་ཞིག་ཡིན་ལ། གཏམ་དྲང་མོ་ངོ་ནས་སྨྲ་ཕོད་མཁན་ཞིག་ཡིན་ཚུལ་དང་། ཁོང་གིས་ནམ་རྒྱུན་རྩྭ་ཐང་དང་འབྲོག་པའི་འཚོ་གནས་རྒྱུས་ཅན་འབྲི་བས་སྤྱི་ཚོགས་ཀྱི་སྐྱོན་མཚང་སོགས་ལ་གཏམ་གཟས་མོ་སྨྲ་ཚུལ་དང་། དེ་ལྟ་བུའི་གཏམ་གཟས་མོ་སྨྲ་བ་ལ་ཁེ་གྱོང་གཉིས་ལ་གཏུག་པའི་སྙིང་ཁམས་ཡོད་ཚུལ་བརྗོད་པ་ཡིན་ལ། དེ་ཡང་། 央广网ཞེས་པའི་དྲ་ཚིགས་ཀྱི་2014ལོའི་ཟླ་10ཚེས་31ཉིན་གྱི་གསར་འགྱུར་དུ། ཚེ་རིང་དོན་གྲུབ་ཀྱི་ཕོགས་ཐོབ་དམའ་རུ་ཕབ་པ་སོགས་ཀྱི་གནས་ཚུལ་བཀོད་ཡོད་པ་དེ་དང་འབྲེལ་ནས། བརྩམས་སྒྲུང་བྲིས་ནས་གྱོང་རེ་ཡང་རེག་མྱོང་ཚུལ་དང་། ཨ་ལགས་འབྲོང་ལྟ་བུའི་མི་སྣ་ལ་ཐེར་འདོན་བྱས་པས་ས་ཆ་འགའ་རེ་ནས་བླ་མར་ཕོག་ཐུག་བཏང་སྙམ་གྱིས་འཇིགས་ཀྱང་བསྐུལ་མྱོང་བ་ལྟ་བུས་སྙིང་ཅན་ཟེར་དོན་གསལ་བཤད་བྱས་པ་ཡིན། གསུམ་པ་ཐོས་བརྒྱུད་མང་བའི་རྩོམ་མཁན་དུ། ཁོས་བརྩམས་སྒྲུང་བཀླགས་པ་དང་། རིག་གཞུང་བཀླགས་པ། ལོ་རྒྱུས་བཀླགས་པ། ཡིག་ཚང་བཀླགས་པ་སོགས་ལས་ཐོས་པ་མང་ཚུལ་དང་། ཁོས་རིག་གསར་ཀྱི་མཇུག་རེག་པ་དང་། འཐབ་རྩོད་ཀྱི་ང་རོ་ཐོས་པ། བཅོས་སྒྱུར་གྱི་རླབས་རྒྱུན་བརྒྱུད་པ། དཔལ་འབྱོར་གྱི་བསླུ་བྲིད་མཐོང་ལ། རྩྭ་ཐང་ནས་འཚོས་པ་དང་། སློབ་ཁང་ནས་ཉན་པ། ཁྲིད་སྟེགས་ནས་བཤད་པ། དཔོན་དྲུང་ནས་དྲུང་ཡིག་བྱས་པ། དཔོན་ས་ནས་བཀོད་པ་བཞག་པ། རྩོམ་སྒྲིག་བྱས་པ་སོགས་ལས་མྱོང་བརྒྱུད་མང་ཚུལ་དེ། སྤྱི་ཚོགས་འཚོ་བའི་མེ་ལོང་དུ་འབོད་པའི་བརྩམས་སྒྲུང་འབྲི་བ་ལ་ཉེ་བར་མཁོ་བའི་ཐོས་པ་དང་མྱོང་བརྒྱུད་ཡོད་ཚུལ་བཤད་པ་ཡིན་པ་དང་། དེ་རུ་ཡང་། ཀོ་ཞོ་པོ་ཡིས། “ང་ལ་འཆར་སྒོ་འདི་འདྲ་ཞིག་སྐྱེས་བྱུང་སྟེ། ཁོ་ངའི་སྒྲུང་རིང་གསར་བའི་ཁྲོད་ཀྱི་མི་སྣ་ཞིག་བྱས་ཆོག་གམ་སྙམ་པ་བྱུང་ལ། ཁོ་ནང་བཞིན་རྩོམ་པ་པོའི་རིགས་སུ་གཏོགས་པའི་ཤེས་ལྡན་མི་སྣའི་སྣང་བརྙན་ནི་རྩོམ་རིག་ཁྲོད་མང་དུ་མི་མཐོང་ངོ་།”ཞེས་པ་སྤྱད་ནས་དེ་ལ་རྒྱབ་རྩ་བྱས་ཡོད་པ་དང་། སྐབས་དེའི་ཡར་སྔོན་དུ། བརྩམས་སྒྲུང་རིང་འབྲིང་ཐུང་གསུམ་ཁྱོན་དྲུག་ཅུ་ལྷག་དང་། དེ་དག་དུས་དེབ་ཏུ་བཀོད་པ་ལས་གཞན་སྒྲུང་ཐུང་བདམས་བསྒྲིགས་དེབ་གཉིས། སྒྲུང་འབྲིང་ཕྱོགས་བསྒྲིགས་དེབ་གཅིག སྒྲུང་རིང་དེབ་བཞི་ཡོད་པར་མ་ཟད། ད་དུང་ས་གནས་ལོ་རྒྱུས་སོགས་ཀྱི་སྐོར་ཡང་ཡོད་པས་བརྩམས་ཆོས་མི་ཉུང་བའི་རྩོམ་མཁན་ཞིག་ཡིན་པ་དང་། མཁས་བཙུན་མི་སེར་དང་རྒན་གཞོན་ཕྱི་ནང་གི་ཀློག་མཁན་མང་ཞིང་། རྩོམ་པ་པོ་ཁྱུང་ཐར་རྒྱལ་གྱིས་“བོད་ཀྱི་རྩོམ་སྟེགས་ན་སེང་གེ་སྲབ་མེད་དུ་འཕྱོ་བའི་སྒྲུང་གཏམ་པ”ཞེས་པའི་གདེང་འཇོག་དང་། བྱ་དགའ་སྣ་ཚོགས་ཐོབ་པ་ལ་སྦྱར་ནས་སྤྱི་ཚོགས་སྟེང་ངོས་ལེན་ཐོབ་པའི་རྩོམ་མཁན་ཞིག་ཡིན་པ་དང་། ཁོའི་བརྩམས་སྒྲུང་བསླབ་དེབ་དང་རྩོམ་དེབ་སྣ་ཚོགས་སུ་བསྡུས་ཡོད་པ་དང་། སྐད་རིགས་སྣ་ཚོགས་སུ་བསྒྱུར་ཡོད་པ། དཔྱད་བརྗོད་སྣ་ཚོགས་སུ་བྱེད་བཞིན་པ་བཅས་ལས་ཤུགས་རྐྱེན་ཆེ་བའི་རྩོམ་མཁན་ཞིག་ཡིན་པས་བརྩམས་འབྲས་མི་ཆུང་ཚུལ་བསྟན་ཡོད་དེ། མདོར་ན། ཐོས་བརྒྱུད་ཇི་འདྲ་ཡོད་པ་དང་། རྩོམ་མཁན་ཇི་འདྲ་ཞིག་ཡིན་པ་གཉིས་དམིགས་སུ་བཟུང་བ་ཡིན། བཞི་བ་ཕྱི་ཐག་རིང་བའི་ལམ་འགྲོ་རུ། ཁོང་ནི་འཚོ་བའི་ཁྲོད་གྲོགས་ཀྱི་ཕྱི་ཐག་རིང་བ་ཞིག་སྟེ། ཁྲེལ་གཞུང་ཡོད་ལ་གྲོགས་རྩིས་ཆེ་བ་ཞིག་ཡིན་པས་ཨ་གསར་ཅན་གྱི་མི་དང་མི་འདྲ་བ་དང་། རྩོམ་པའི་ཕྱི་ཐག་རིང་བ་ཞིག་སྟེ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནས་ད་ལ་ཐུག་གི་བར་གསར་རྩོམ་གྱི་རྒྱུན་བསྐྱངས་པས། གཞོན་དུས་སུ་རྩོམ་ལ་འཇུག་པའི་མགོ་ཙམ་བརྩམས་ཀྱང་རྒྱུན་སྐྱོང་མི་ནུས་པའི་རྩོམ་འབྲི་མཁན་ངང་ཐུང་དག་དང་མི་འདྲ་བ་དང་། གནས་མལ་ངེས་གཏན་དུ་མི་སྡོད་པའི་ལམ་འགྲོ་བ་ཞིག་སྟེ། ལྟ་ཀློག་མཚམས་མི་འཇོག་པས་རང་གི་ཆུ་ཚད་གནས་མལ་གཅིག་ཏུ་མི་སྡོད་པ་དང་། བརྩམས་སྒྲུང་ཐུང་འབྲིང་རིང་གསུམ་ཅི་རིགས་སུ་འབྲི་བ་དང་། རྩོམ་ཐབས་རྩོམ་རྩལ་སྣ་མང་བསྡུ་ལེན་བྱེད་པ། ཡུལ་དུས་འཕོ་བརྗེ་ལས་བརྗོད་བྱ་འདེམས་པ་བཅས་ལས་གསར་རྩོམ་གྱི་བརྗོད་བྱ་དང་། ཐབས་རྩལ། ཆུ་ཚད་སོགས་གནས་མལ་གཅིག་ཏུ་མི་སྡོད་པའི་ལམ་འགྲོ་བ་ཞིག་ཡིན་ཚུལ་གསུམ་གྱི་སྒོ་ནས་ངོ་སྤྲོད་བྱས་པ་ཡིན་ནོ། །
གསུམ་པ། 《ཝ་ནག་ལུང་བའི》ཕྱི་ནང་།
《ཝ་ནག་ལུང་བའི》ཕྱི་ནང་ནི་འཆད་བྱ་གཙོ་བོ་ཡིན་ལ། དེ་རུ། ཡུལ་ལུང་གི་ཕྱི་རོལ་ནང་རོལ་དང་། མི་སྣ་ཡི་ཕྱི་གཟུགས་ནང་སེམས། དངོས་སྤྱད་ཀྱི་ཕྱི་དབྱིབས་ནང་དོན། གཏམ་རྒྱུད་ཀྱི་ཕྱི་ཟུར་ནང་དཀྱིལ། བརྗོད་སྙིང་གི་ཕྱི་ངོས་ནང་ཕུགས། རྗོད་བྱེད་ཀྱི་ཕྱི་ངོས་ནང་ཤུགས་བཅས་དྲུག་གི་སྒོ་ནས་བཤད་པ་ཡིན་ཏེ།
གཅིག ཡུལ་ལུང་གི་ཕྱི་རོལ་ནང་རོལ་ཞེས་པར།
ཝ་ནག་ལུང་བའི་ནང་རོལ་དེ། མ་གཞི་ས་ཁ་རྩྭ་སྣ་འཛོམས་ས། མེ་ཏོག་ཡག་ས། ཆུ་ཕྲན་བརྡོལ་ས་ཞིག་དང་། ས་སྟེང་ཕྱུགས་ཁ་འཕེལ་ས། ཁ་ཁུ་སིམ་ས། ས་ཁང་དང་སྦྲ་གུར་དུ་མི་སེམས་དྭངས་ས་ཞིག ས་འོག་ན་གཏེར་ཁ་ཡོད་ས་ཞིག་ཡིན་ན་ཡང་། ཕྱིས་སུ། ས་བརྐོས་རྡོ་སློག་གིས་ནག་རོག་གེར་གྱུར་པ། ལྡིར་སྒྲས་གནམ་ས་འགས་པ། འཇིགས་ཡེར་བ་ཞིག་ཡིན་པ་དང་། ཝ་ནག་ལུང་བའི་ཕྱི་རོལ་གྱི་“ཞིན་ཧྥུའུ་ཧྲིན་ཐའེ་ཡེའུ་མེན་ཚོན”དེ། དང་ཐོག ཐོས་ན་སྨོན་པ་ཅུང་རེ་འཆོར་ས། མཐོང་ན་གྲ་དག་པ། མིག་ལ་མཛེས་པ། བསྡད་ན་གཙང་ཞིང་ཁམས་དྭངས་པ་ཞིག་ཡིན་ན་ཡང་། ཕྱིས་སུ། རྒྱུ་སྤུས་ཞན་ས། འཇིགས་སྐྲག་ཆེ་ས། སྣང་བ་སྡུག་ས། མི་ཁ་མི་ཟོས་ས། རྒྱུ་མགོ་མི་ཐོན་ས་ཞིག་ཡིན་ལ། ཡང་ཝ་ནག་ལུང་བ་ཕྱིའི་ལུང་བ་འགའ་རེ་སྤོས་མིའི་སྡེ་གསར་དུ་སྔོན་ལ་སྤོས། འགའ་རེ་ད་དུང་མ་སྤོས་པར་ཡོད་པ་ཞིག་ཡིན་པ་ནི། 《ཝ་ནག་ལུང་བའི》འཁོར་ཡུག་གི་ཕྱི་ནང་གི་གནས་ཚུལ་ལམ་འཁྲབ་སྟོན་གྱི་དོ་ར་ཡིན་ཚུལ་བརྗོད་པ་ཡིན།
གཉིས། མི་སྣ་ཡི་ཕྱི་གཟུགས་ནང་སེམས་ཞེས་པར།
ཕྱི་གཟུགས་དང་ནང་སེམས་ཅི་རིགས་ནས་རྒྱས་བསྡུས་མི་འདྲ་བའི་སྒོ་ནས་མི་སྣའི་སྣང་བརྙན་གསོན་ཉམས་ཅན་དུ་མ་ཞིག་བཞེངས་ཡོད་དེ། དྲང་མོ་ཧུར་སེམས་ཡོད་ཀྱང་ཅི་བྱའི་གཏོལ་དང་བྲལ་བའི་སངས་རྒྱས། སེམས་དྲང་ཞིང་ཁ་མང་བའི་ཀླུ་སྒྲོན། དད་པ་བརྟན་ཅིང་དྲན་པ་ཐོལ་གྱིས་ཉམས་པའི་རྒད་པོ་འཇམ་དབྱངས། རྒྱ་བོད་སྐད་བསྲེས་མ་སྨྲ་བའི་འགན་ཁུར་བ་མགོ་དམར་མ། ཁ་ཡག་ཅིང་ལས་སླ་ཐབས་བྱེད་པའི་གཞུང་ཞབས་པ། ངོ་འཛུམ་ཞིང་འགན་མི་འཁུར་བའི་ཧྲི་ཁྲ་མཁན་སོགས་ཕྱིའི་ཉམས་ཁྱད་དང་ནང་གི་དེ་ཉིད་མི་མཚུངས་པའི་མི་སྣ་དུ་མ་ཡོད་པ་དང་། དེའི་ཞར་དུ་ཡུལ་དེའི་མི་རྣམས་ཕྱིའི་ལས་ཀ་ཉུང་ནས་ཁོམ་པ་དང་ནང་སེམས་ནས་མི་སྐྱིད་པའི་འགལ་འདུ་དང་། གོམས་པའི་འཚོ་ཐབས་ཤོར་བ་དང་མ་གོམས་པའི་འཚོ་ནུས་ཉག་ཕྲ་བའི་ངང་ཚུལ་ཡང་བསྟན་འདུག་ཚུལ་གླེང་བ་ཡིན་ལ། མི་སྣ་དེ་དག་ནི《ཝ་ནག་ལུང་བའི》འཁྲབ་སྟོན་པ་ཡིན་ཚུལ་བརྗོད་པ་ཡིན།
གསུམ། དངོས་སྤྱད་ཀྱི་ཕྱི་དབྱིབས་ནང་དོན་ཞེས་པར།
ཉག་ཁའི་ལབ་ཙེ་དང་དར་ལྕོག ཐང་ག གཙོ་འཛིན་གྱི་སྐུ་པར། ཕྲེང་བ། མ་ནྀ་འཁོར་ལོ་སོགས་ནི་དད་མོས་མཚོན་བྱེད་དང་། རྟ་སྒ་དང་སྦྲ་ནག་ནི་འབྲོག་པའི་འཚོ་ཐབས་སམ་རིག་གནས་ཀྱི་མཚོན་བྱེད་དང་། ཆབ་གཞོང་ནི་དེང་རབས་འཚོ་ཆས་ཀྱི་མཚོན་བྱེད་དུ་སྣང་ཞིང་། དེ་ཡང་། རྒད་པོ་འཇམ་དབྱངས་ཤི་ཡང་ཕྲེང་བ་དང་མ་ནྀ་འཁོར་ལོ་དམ་དུ་བསྡམས་འདུག་པ་ལས་མི་ལ་ལས་ཚུལ་མི་འདྲ་བའི་སྒོ་ནས་དད་མོས་ཀྱི་རྒྱུན་མཁྲེགས་པར་བཟུང་ཡོད་པ་དང་། དེ་ལ་ཡུལ་མི་དང་ཨ་ལགས་འབྲོང་གིས་ལྟ་སྟངས་མི་འདྲ་བ་འཛིན་པ་ལ་ཡང་བསམ་རྒྱུ་འདུག་ཚུལ་དང་། ཕྱིས་སུ་ལབ་ཙེ་དང་དར་ཅོག་ནག་པོར་གྱུར་འདུག་པ་ལྟ་བུ་ལས་ཕྱི་རྐྱེན་ནང་རྐྱེན་ཅི་རིགས་ཀྱིས་གང་ལྟར་དད་མོས་ཀྱི་ཁ་དོག་འགའ་ཤས་འགྱུར་ཡོད་པ་དང་། མཐར་རྟ་སྒ་བཙོང་བ་ལས་འབྲོག་པའི་རིག་གནས་སམ་སྲོལ་རྒྱུན་རིག་གནས་ཀྱི་ལས་སྐལ་ཉམ་ང་བ་དང་། ཆབ་གཞོང་བེད་མེད་དུ་ལུས་པ་ལས་དེང་རབས་རིག་གནས་ཀྱི་ཕྱི་ཚུལ་དུ་སྙེག་པ་ཤུགས་ཆེ་ན་ཡང་ཕན་རླབས་དངོས་ཆེར་མྱོང་ཐུབ་ཀྱིན་མེད་པ་སོགས་ཀྱིས་མནོ་བསམ་སྟེར་ཚུལ་གླེང་བ་ཡིན་ལ། དེ་དག་ནི《ཝ་ནག་ལུང་བའི》འཁྲབ་ཆས་ཁག་ཅིག་ཡིན་པ་བརྗོད་པ་ཡིན།
བཞི། གཏམ་རྒྱུད་ཀྱི་ཕྱི་ཟུར་ནང་དཀྱིལ་ཞེས་པར།
ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གི་བརྗོད་སྙིང་དང་བསམ་བློར་ཞིབ་འཇུག་བྱེད་མཁན་ཅུང་མང་པོ་བྱུང་ཡོད་པའི་རྒྱུ་མཚན་ཞིག་ནི། ཁོའི་བརྩམས་སྒྲུང་གི་བརྗོད་བྱ་དེ་གནད་དོན་ཚབས་ཆེན་ཡིན་པ་དང་། བདེན་པའི་ཆ་ཆེ་བ། གནད་ལ་ཕོག་པ། རྩོམ་པ་པོ་རང་ལ་རྒྱུས་ཆེ་བ་སོགས་ཀྱིས་ཡིན་པ་གོར་མ་ཆག དེ་ཡང་། 《ཝ་ནག་ལུང་བ》ཞེས་པ་འདིའི་གཏམ་རྒྱུད་ཀྱི་ནང་དོན་ནི། སངས་རྒྱས་ཚང་ཟེར་བའི་འབྲོག་ཁྱིམ་ཞིག་གོང་རིམ་གྱི་ཕྱུགས་དོར་རྩྭ་སྐྱོང་ངམ་ཧྲིན་ཐའེ་ཡས་མེན་གྱི་དགོངས་དོན་བཀའ་བཀོད་ལྟར་རང་གི་འགན་གཙང་ལེན་བྱས་པའི་རྩྭ་ས་ཝ་ནག་ལུང་བ་དང་གྱེས་ཏེ། རྫོང་མཁར་གྱི་སྤོས་མིའི་སྡེ་བར་གཞིས་བཅས་པ་དང་གཞིས་མ་ཟིན་པའི་གཏམ་རྒྱུད་ཅིག་ཡིན། གཏམ་རྒྱུད་དེའི་ཕྱི་དང་ཟུར་དུ་ད་དུང་གཏམ་རྒྱུད་ཐན་ཐུན་མང་པོ་ཐོན་ཡོད་དེ། འོ་མ་དང་རྡོ་སོལ་རྫུན་མ་དང་སློབ་མར་ཟས་དུག་ཕོག་པ་སོགས་ཀྱི་གཏམ་དང་། ཚད་རིམ་བཞི་ཙམ་གྱི་ས་འགུལ་གྱིས་སློབ་ཁང་དང་སྤོས་མིའི་ཁང་ཁྱིམ་བརྡིབས་པའི་གཏམ། དགེ་རྒན་གྱིས་སློབ་མར་གཅར་ཞིང་ཁྱིམ་བདག་གིས་དགེ་རྒན་ལ་རྡུང་བའི་གཏམ། ཉེན་རྟོག་པ་ཚོང་ཁེར་མགོ་འཁོར་ཏེ་རྙ་རྙིང་སྙེག་པའི་གཏམ། འཚོ་བའི་མཁོ་ཆས་ཀྱི་རིན་གོང་ཉིན་རེ་བཞིན་འཕར་བའི་གཏམ། ནོར་སྐྱོང་སྒོ་ཁྱི་དང་སྒོ་ཁའི་འཕྲུལ་རྟ། ཐ་ན་འོག་གི་གསང་མཚན་ཡང་རྐུ་བའི་གཏམ། ཕོས་རྒྱན་འཇོག་མོས་ལུས་བཙོང་བའི་གཏམ། རྩེ་ཆུ་ཕག་གིས་ཀྱང་མི་འཐུང་བའི་གཏམ་སོགས་མང་ལ། དེ་དག་ཚང་མ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་གནོད་ཚབས་ཆེ་ཞིང་བདེན་ཆ་ལྡན་པ་ཤ་སྟག་ཡིན་ཚུལ་གླེང་བ་ཡིན་ལ། དེ་དང་དེ་དག་ནི《ཝ་ནག་ལུང་བའི》འཁྲབ་བྱ་ཡིན་ཚུལ་བརྗོད་པ་ཡིན།
ལྔ། བརྗོད་སྙིང་གི་ཕྱི་ངོས་ནང་ཕུགས་ཞེས་པར།
ཕྱི་ངོས་ཀྱི་རྟོགས་སླ་བའི་བརྗོད་དོན་ནི། སྐྱེ་ཁམས་སྤོས་མི་སྲིད་ཇུས་སམ་ཐབས་ལམ་དེ་དག སྐྱེ་ཁམས་ཉམས་འགྲིབ་ཀྱི་གནད་དོན་ལ་དམིགས་ནས་བཏོན་པ་ནི་གོར་མ་ཆག་ཀྱང་། ལག་ལེན་དངོས་ཀྱི་ཁྲོད་རྐྱེན་སྣ་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་མིང་དོན་མཚུངས་པ་བྱེད་ཐུབ་ཀྱིན་མེད་པར་མ་ཟད། མི་སྐོར་ཞིག་གི་སྒེར་གྱི་ཁེ་ཕན་ཉོ་ཚོང་བྱེད་སྤྱད་དུ་གྱུར་ཏེ་སྐྱེ་ཁམས་ལ་གཏོར་བརླག་ཚབས་ཆེན་བྱེད་པའི་གནད་དོན་དེའམ་དགོད་བྲོ་ལ་ངུ་ཡང་བྲོ་བའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་དེར་ཐེར་འདོན་སུན་འབྱིན་བྱེད་པ་ཞིག་རེད། དེ་ལས་གཞན། ཕུགས་ནས་ད་དུང་ང་ཚོ་མི་སོ་སོའི་ཤེས་སྒོ་དང་། མྱོང་བརྒྱུད། བསམ་གཞིགས་ཀྱི་ནུས་པ། གདོང་ཐུག་པའི་གནད་དོན་སོགས་མི་འདྲ་བས་དྲན་སྒོ་དང་དྲི་བ་མང་དུ་བསྐྱེད་ནུས་ཏེ། འཛིན་མ་ཆེན་པོ་འདིས་ཀྱང་ང་ཚོའི་མིག་སྔའི་དགོས་པ་ཙམ་སྐོང་ནུས་ཀྱང་། གང་མཐའ་མེད་པའི་ཧམ་དོང་ཟབ་མོ་དེ་ནམ་ཡང་སྐོང་ཐབས་མེད་པའི་གནས་ལུགས་མཚོན་ཐུབ་ལ། སངས་རྒྱས་ཚང་གི་འཚོ་བའི་ཆུ་ཚད་མྱུར་མོར་དེ་འདྲ་སྡུག་པོ་ཞིག་ཏུ་འགྱུར་བའི་གནད་དོན་ཅི་ཞིག་ཡིན་ནམ། རྐུན་མ་ཇེ་མང་ཇེ་ཐུ་རུ་འགྲོ་བའི་རྒྱུ་མཚན་ཅི་ཡིན་ནམ། རྒྱན་འཇོག་སྨད་འཚོང་གི་བྱ་བ་དང་། ཐོན་རྫས་རྫུན་མ་སོགས་སྤྱི་ཚོགས་ཀྱི་གནད་དོན་ཇེ་མང་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་རྐྱེན་གང་ལ་རག་ལས་སམ། རྩྭ་ཐང་བྱེ་ཐང་དུ་འགྱུར་བཞིན་པའམ་ཉམས་པ་དང་། ཆུ་བོ་སྦག་བཙོག་ཏུ་འགྱུར་བའམ་སྐམ་པ་སོགས་ཀྱི་འབྱུང་རྐྱེན་ནི་འབྲོག་པ་དང་སྒོ་ཕྱུགས་ཡིན་ནམ་མིན། གཞུང་ཞབས་ལས་ཐོག་པའི་འགན་ཁུར་འདུ་ཤེས་ཉག་ཇེ་ཕྲ་དང་སྤྱོད་ལམ་ཇེ་བཙོག་ཡིན་པའི་གནད་དོན་འདི་ཅི་ཡིན་ནམ་ཞེས་པ་ལྟ་བུ་སོགས་དྲི་བ་མང་པོ་ཞིག་འདྲེན་པར་བྱེད་ཅིང་། དེ་དག་ཀྱང་། གཞུང་དང་སྲིད་ཇུས། སྤྱི་ཚོགས་ཁོར་ཡུག་སོགས་ཆེ་ཕྱོགས་མ་ཟད། ང་ཚོ་མི་རེ་རེ་བ་རང་རང་གི་ངོས་ནས་ཀྱང་བསམ་དགོས་ས་མང་པོ་ཡོད་ཚུལ་གླེང་བ་ཡིན་ལ། དེ་དང་དེ་དག་ནི《ཝ་ནག་ལུང་བའི》དམིགས་བྱའམ་འཁྲབ་དོན་ཡིན་ཚུལ་བརྗོད་པ་ཡིན།
དྲུག རྗོད་བྱེད་ཀྱི་ཕྱི་ངོས་ནང་ཤུགས་ཞེས་པར།
རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས།སྐད་ཆའི་ཆུ་ཚད་ངེས་ཅན་ཞིག་ལ་མ་སླེབས་ན། སྙན་ངག་མི་ཡོང་ལ། བརྩམས་སྒྲུང་སོགས་ཀྱང་མི་ཡོང་སྟེ། སྒྱུ་རྩལ་རྩོམ་རིག་དང་རྩོམ་རིགས་གཞན་གྱི་ཁྱད་འབྱེད་བྱེད་གཙོ་བོ་ནི་ཅི་ཞིག་བརྗོད་རྒྱུའི་ཆ་ན་མེད་པར། ཇི་ལྟར་བརྗོད་པའི་ཆ་ན་ཡོད་པས། སྒྱུ་རྩལ་རྩོམ་རིག་ལ་སྐད་ཆ་དང་ངག་རྩལ་ནི་ཆེས་ཐོག་མར་གལ་ཆེ་བ་ཡིན། དེ་ཡང་། སྐད་ཆའམ་ཚིག་སྦྱོར་གྱི་གཞི་རྩའི་རྒྱུ་ཆ་ནི་མིང་བརྡ་ཐ་སྙད་དང་བརྡ་སྤྲོད་ཐབས་ཡིན་ལ། སྒྱུ་རྩལ་རྩོམ་རིག་ལ་དེའི་ཁར་སྐད་ཆའི་ཉམས་སམ་སྣང་བརྙན་རང་བཞིན་དགོས། དེ་བས། གཞི་རྩ་འདི་གསུམ་གྱི་རྨང་གཞི་ལེགས་པོ་ཞིག་མེད་ན་སྒྱུ་རྩོམ་གང་ཡང་ཡག་པོ་དང་ཚད་མཐོན་པོ་ཞིག་ཡོང་མི་སྲིད།
《ཝ་ནག་ལུང་བས》མཚོན་པའི་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ནི། ཡི་གེར་དག་ཆ་ཡོད་ལ། ཚིག་སྦྱོར་ཧ་ཅང་བདེ་བ་དང་། མིང་བརྡ་ཐ་སྙད་ཕྱུག་ཅིང་སྤྱད་པ་འཚམ་པ་དང་། སྐད་ཆ་མི་སྣའི་ངག་དང་འབྱོར་བ་དང་། མདོ་དབུས་ཁམས་གསུམ་གྱིས་གོ་བདེ་བ་ཞིག་ཡིན་པས། ཕྱི་ཚིག་གི་སྦྱོར་བ་ལེགས་པར་མ་ཟད། ནང་དོན་གྱི་མཚོན་ཤུགས་ཀྱང་ཤིན་ཏུ་ཆེ་ལ། ལྷག་པར་སྒྱུ་རྩལ་རྩོམ་རིག་ལ་མེད་དུ་མི་རུང་བའི་ཚིག་གི་ཉམས་སམ་སྣང་བརྙན་གྱི་རང་བཞིན་ལྡན་པ་ཞིག་ཡིན་ཚུལ་གླེང་བ་ཡིན།
དེར་མ་ཟད། 《ཝ་ནག་ལུང་བའི》རྗོད་བྱེད་ཀྱི་ཕྱི་ངོས་སུ་མངོན་པའི་ཡི་གེར་དག་ཆ་ལྡན་པ་དང་། མིང་བརྡ་ཐ་སྙད་ཕུན་སུམ་ཚོགས་པ།ཚིག་གི་སྦྱོར་བ་སྡེབ་ལེགས་པ། སྐད་ཆའི་འགྲོས་ཉམས་མི་སྣ་དང་འཚམ་པ་སོགས་ཀྱི་ཤུགས་སུ། རྩོམ་པ་པོ་ཁོང་གིས་ནམ་རྒྱུན་ཁོར་ཡུག་གི་དངོས་པོ་དང་། དེ་དག་གི་མིང་དང་དོན། བསྟན་བཅོས་དང་འཚོ་བའི་སྐད་ལུགས་སོགས་ལ་ཐུགས་མཉམ་འཇོག་པ་དང་། རྩོམ་པ་པོ་ཞིག་གི་ངོས་ནས་བོད་ཀྱི་སྐད་ཡིག་ལ་ངན་ཤན་མི་བསྒོ་བའི་བསམ་པ་སོགས་སྤྲོ་ཤུགས་སམ་ལྷག་བསམ་མམ་འགན་ཁུར་གྱི་འདུ་ཤེས་ཤིག་ཀྱང་འདུག་པ་རྗེས་སུ་དཔག་ཐུབ། འདི་དག་ནི་དེང་གི་དུས་འདིར་མཚོན་ན་བླ་ལྷག་ཏུ་གལ་ཆེ་བ་ཞིག་སྟེ། ང་རང་ལྟ་བུ་མང་པོ་ཞིག་གིས་ནི་རྩྭ་ཐང་ནས་སྐྱེས་ཤིང་འཚར་ལོང་བྱུང་ན་ཡང་། རྩྭ་དང་རྩི་ཤིང་། མེ་ཏོག ལྡུམ་བུ་ལྟ་བུའི་སྤྱི་མིང་ཙམ་ལས་རྩྭ་རིགས་རྩི་རིགས་ལྡུམ་རིགས་མེ་ཏོག་རིགས་ཀྱི་བྱེ་བྲག་གི་མིང་མི་ཤེས་པའམ་རེ་འགའ་ལས་ཤེས་ཀྱིན་མེད་པ་དག་ལ《ཝ་ནག་ལུང་བའི》ཞིབ་འབྲི་ལས་བསམ་བློ་གཏོང་དགོས་པ་འབྱུང་ལ། དེ་མིན་མི་མི་ཉུང་བ་ཞིག་དང་ལྷག་པར་དུ་སློབ་ཆེན་པ་དག་ནམ་རྒྱུན་མི་རིགས་དང་སྐད་ཡིག་ཅེས་འུར་རྒྱག་རྒྱུར་ཤིན་ཏུ་དགའ་ན་ཡང་། རང་གི་ལག་ནས་ཐོན་པའི་ལས་བྱ་དང་གནང་ཞུའི་ཡི་གེ་ལྟ་བུ་རྒྱུན་སྤྱོད་ཡིག་རིགས། ཐ་ན་མཐར་ཕྱིན་དཔྱད་རྩོམ་ལྟ་བུ་ཡང་དགེ་རྒན་སོགས་ལ་སྤྲོད་པའི་དུས་སུ། ཡིག་ནོར་གྱིས་གང་ཞིང་ཚིག་འདོན་ས་མི་འགྲོ་བ་ཧ་ལས་ཚོད་དུ་འདུག་ཅིང་། དེ་རུ་རང་མི་རིགས་ཀྱི་སྐད་ཡིག་ལ་མཐོང་རྩིས་ཀྱི་ཤུལ་ཙམ་མེད་པར་མ་ཟད། རང་ཉིད་སློབ་ཆེན་པ་ཞིག་ཡིན་པས་ཤེས་ཚོད་ནུས་ཚོད་ཀྱིས་ཡི་གེ་དག་མོ་དང་ཚིག་བདེ་མོ་རེ་གཞན་ལག་ལ་འཇོག་ཐབས་བྱེད་དགོས། དེ་མིན་ངོ་རེ་ཚ་སྙམ་པའི་མ་མཐའི་ངོ་ཚ་ཙམ་ཡང་གཏན་ནས་མེད་ཚོད་དུ་འདུག ཡིག་ནོར་དང་ཚིག་ལོག་གང་བྱུང་དུ་སྤེལ་བ་ཧ་ལམ་གོམས་སྲོལ་ལྟ་བུ་ཞིག་ཏུ་འགྱུར་བཞིན་མཆིས། འདི་ཡང་རྗོད་བྱེད་ཀྱི་ནང་ཤུགས་ཟེར་དོན་གཞན་ཞིག་ཡིན་ཏེ། རྩོམ་མཁན་ནམ་འབྲི་མཁན་ཞིག་ལ《ཝ་ནག་ལུང་བ》ལྟ་བུའི་ཡིག་ངོས་ཀྱི་ཤུགས་སུ་མི་མངོན་པའི་ཚུལ་དུ་གནས་པའི་རྩོམ་པ་པོའི་འགན་འཁྲིའི་འདུ་ཤེས་ཤིག་ཇི་འདྲའི་མཁོ་ཨང་སྙམ་ལ། དེ་འདྲའི་འདུ་ཤེས་དང་ལྡན་པའི་རྩོམ་པ་པོ་དག་གིས་ད་གཟོད་མི་རིགས་ཀྱི་སྐད་ཡིག་ལྷག་པར་ཡར་རྒྱས་སུ་འགྲོ་བར་སྲི་ཞུ་བསྒྲུབ་པར་ནུས་ལ། དེ་ལས་ལྡོག་སྟེ་འགན་མི་འཁུར་བར་ཡིག་ནོར་ཚིག་ལོག་འདྲ་མིན་ཡིག་ངོས་དེབ་ངོས་དྲ་ངོས་སུ་གང་བྱུང་དུ་འགོད་པའི་སྦྱོར་བ་འདི་དག་གིས་སྐད་ཡིག་ཉམས་རྒུད་ལ་ཤེས་མེད་ཚོར་མེད་ངང་ཕྱར་བ་གྲུ་འདེགས་བྱེད་བཞིན་ཡོད་སྙམ་པ་སྐྱེའོ། །
མདོར་ན། གོང་སྨྲས་ལྟར། བརྩམས་སྒྲུང་དེ་ཟློས་གར་ཞིག་ལ་དཔེ་བཞག་ནས་བཤད་ན། འཁྲབ་སྟོན་གྱི་དོ་རའམ་གར་སྟེགས་བསྐྲུན་ལེགས་ཉེས་དང་། འཁྲབ་སྟོན་པ་བཞེངས་ལེགས་ཉེས། འཁྲབ་ཆས་ཐོགས་འཚམ་མིན། འཁྲབ་བྱ་འཁྲབ་ལེགས་ཉེས། འཁྲབ་དོན་མཚོན་ལེགས་ཉེས། ལྟ་མཁན་འགུགས་ནུས་མིན་གང་ཡང་། རྗོད་བྱེད་ཚིག་སྦྱོར་ལ་རག་ཡོད་ཚུལ་དང་འབྲེལ་ནས《ཝ་ནག་ལུང་བའི》རྗོད་བྱེད་ལ་གདེང་འཇོག་ཅུང་བྱས་པ་ཡིན།
བཞི་བ། མཇུག་གཏམ།
མཇུག་གཏམ་དུ། 《ཝ་ནག་ལུང་བས》མཚོན་པའི་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ལ་བརྗོད་བྱའི་ནང་དོན་གྱི་དངོས་གཞིའི་གཏམ་རྒྱུད་དང་ཟ་ཟུར་གྱི་གཏམ་སྣེ། བྱུང་རིམ་བཀོད་སྒྲིག་བྱེད་སྟངས། ཐ་སྙད་སྤྱོད་ཚུལ། ཚིག་སྦྱོར་སྤེལ་སྟངས། མི་སྣ་བཞེངས་ལུགས། དམིགས་བྱའི་སྙིང་དོན་མཚོན་ལུགས་སོགས་ཐད། ང་ཚོར་བསླབ་རྒྱུ་དང་། དཔེ་ལྟ་རྒྱུ། བསམ་རྒྱུ་མང་པོ་ཡོད་ཚུལ་སྤྱི་སྡོམ་གྱི་ཚུལ་དུ་སླར་ཡང་རགས་བརྗོད་ཅིག་བྱས་པ་ཡིན་ནོ།།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།