《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གི་བཀླགས་ཚོར་ཆེད་བཀོད།
《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཡང་ཡང་བཀླགས་པ།
ཆོས་དབྱིངས་རྒྱ་མཚོ། (དཀར་མཛེས།)
བསམ་གཞིག་གི་སྒོ་གླེགས་དལ་གྱིས་ཕྱེས་ཏེ་ནང་སེམས་ཀྱི་ཁང་ཆུང་ལ་ཨ་སྐོར་ཡང་སྐོར་བརྒྱབ་ཀྱང་། དཔེ་ཀློག་མྱོང་ཚོར་འབྲི་བའི་སྤོབས་པ་ནི་མར་ངོས་ཟླ་བ་བཞིན་ཆུང་ནས་ཆུང་དུ་འགྱུར་འགྲོ་བ་ཞིག་རེད། ཁྱད་པར་དུ་འོལ་ཚོད་དང་སྤམ་བཤད་ཙམ་མ་ཡིན་པར་རི་ཆུ་གང་བྲིས་ཀྱང་དེ་འབྲེལ་གྱི་དམ་པ་གོང་མའི་གསུང་གི་བདུད་རྩི་ལས་ཉིང་བཅུད་ལེན་ཅི་ཐུབ་དང་། དཀའ་མོའི་ཚེགས་དང་དཀོན་མོའི་རྒྱུ་ལ་མ་འཛེམས་པར་ཡུལ་དངོས་སུ་བསྐྱོད་དེ་ཉམས་ཞིབ་གནང་ཞིང་ལོ་རྒྱུས་ཀྱི་བདེན་དཔང་ལྟ་བུའི་རྒན་རྒོན་ཚོའི་ངག་རྒྱུན་དང་བཤད་སྒྲོས་ཁག་ལ་གསེད་འགྲོལ་ཅི་ཐུབ་ཀྱིས་གྲུབ་པའི《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ལྟ་བུའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ལ། རང་འདྲའི་ཤེས་དམན་ཞིག་གིས་གླུ་ལ་ཉན་ཞོར་དང་ཁོ་ཧྥེ་འཐུང་ཞོར་དུ་ལེགས་ཉེས་དཔྱད་བརྗོད་སྤེལ་བའི་ཐོབ་ཐང་མེད་པར་མ་ཟད། ཐ་ན་བཀླགས་ཚོར་ཙམ་འབྲི་བའི་སྤོབས་པའམ་གདེང་ཚོད་ཅིག་ཀྱང་རྙེད་བཟོ་མི་འདུག
དགེ་རྒན་གངས་དབང་ལགས་ཀྱི་མུ་འབྲེལ་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དེབ་དང་པོ་དང་གཉིས་པ་གཉིས་སྔ་གཞུག་ཏུ་དཔར་སྐྲུན་འགྲེམས་སྤེལ་གནང་ནས་རང་ཅག་ཀློག་པ་པོའི་བགོ་སྐལ་དུ་གྱུར་པ་ནས་བཟུང་། གུས་པས་དེབ་སྔ་ཕྱི་གཉིས་སོ་སོ་ཚར་གསུམ་དང་གཉིས་རེ་བཀླགས་པ་ཡིན་ལ། དེ་ཡང་བམ་ཀློག་དང་རགས་ཀློག་ཙམ་མ་ཡིན་པར་ཐ་ན་ཡིག་འབྲུ་རེ་རེ་དང་ཚིག་ཕྲེང་རེ་རེ་བཞིན་ཞིབ་ཀྱིས་བཀླགས་ཤིང་ཞིབ་ཀྱིས་མནོ་བསམ་བཏང་བ་ཡིན། གཅམ་བསྟོད་ཅུང་ཙམ་ཡང་མེད་པའི་སྒོ་ནས་བཤད་ན། ངས་དེབ་འདི་གཉིས་ཨ་ནས་ཡང་དུ་བཀླགས་པའི་གོ་རིམ་ཁྲོད་ང་ལ་བྱེ་བྲག་གི་བརྩམས་ཆོས་རེ་རེ་དང་ཚིག་ཕྲེང་རེ་རེ་ཡིས་ལུས་ཀྱི་བ་སྤུ་ཐམས་ཅད་གྱེན་དུ་གཟིངས་བ་དང་། ནང་སེམས་ཀྱི་མཚོ་མོ་དྲག་ཏུ་སྐྱོམ་པར་བྱེད། རྩོམ་པ་པོས“ངས་ནམ་ཡང་གཞོན་ནུ་ཚོ་ལ་ན་ཆུང་དུས་དཔེ་ཆ་ཀློགས། ནར་སོན་རྗེས་རི་ཆུང་སྐོར་ཞེས་འབོད་སྐུལ་བྱེད་བཞིན་ཡོད”ཅེས་གདམས་པ་ལྟར། ངས་ཁོང་གི་བརྩམས་ཆོས་ཀློག་ཐེངས་རེར་ང་ལ་དུས་ཚོད་སྐར་ཆ་རེ་རེ་བཞིན་དམ་འཛིན་བྱས་ཏེ་དཔེ་ཆ་ཀློག་པ་དང་ས་ཆ་གང་དུ་ཕྱིན་ཡང་སྣང་ལ་མ་ངེས་པའི་ངང་དུ་ལྟ་སྐོར་བྱས་པ་ཙམ་མིན་པར་ཡུལ་ལུང་གང་དེའི་ས་གནས་ལོ་རྒྱུས་དང་རི་ཆུའི་ལོ་རྒྱུས་སོགས་ལ་གཏིང་ཟབ་པའི་སྒོ་ནས་ཉམས་ཞིབ་དགོས་པའི་དྲན་སྐུལ་ཡང་ཡང་གནང་གིན་འདུག དེ་བས། ངས་དེབ་འདིའི་ལེགས་ཉེས་བཟང་ངན་གྱི་སྐོར་ལ་སྤྲོས་བརྗོད་གང་ཡང་མི་སྤོབས་ཀྱང་། དེབ་འདི་དང་དེབ་འདིའི་རྩོམ་པ་པོ་རྒན་གངས་དབང་ལགས་ཀྱིས་ང་ལ་ནམ་རྒྱུན་མདུན་སྐྱོད་ཀྱི་སྤོབས་པ་དང་ཆོད་སེམས་མང་པོ་ཞིག་བསྩལ་མྱོང་བ་ཇི་བཞིན། ང་དང་ང་འདྲ་བའི་དུས་རབས་དང་སྤྱི་ཚོགས་ཀྱི་ཁ་གཏད་ན་རང་ཉིད་འབོར་བཞིན་པའི་གཞོན་སྐྱེས་དེ་ལས་མང་བ་ཞིག་ལ་ཁ་ཕྱོགས་གསལ་སྟོན་དང་སེམས་ཤུགས་ལེགས་སྩོལ་ཡོང་བར་ཤིན་ཏུ་ཕན་པར་སྙམ་ནས་འོས་སུ་སྦྱོར་བ་ཙམ་ཡིན།
རང་ཅག་ལ་གཞུང་ལུགས་སྐམ་པོར་འགྲེལ་བཤད་རྒྱག་པ་ཙམ་དང་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཡིག་ངོས་སུ་བྱོ་གང་ཐུབ་བྱེད་པའི་རྩོམ་པ་པོ་ནི་ཤིན་ཏུ་མང་མོད། འོན་ཀྱང་། བརྩམས་ཆོས་རེ་རེའི་དོད་དུ་ཁ་ཆར་རླུང་གསུམ་འགམ་ཞིང་འཁྱག་ལྟོགས་སྐོམ་གསུམ་མྱོང་སྟེ་དཀའ་ལས་རྒྱག་ཐུབ་མཁན་ནི་ཁར་ཁེར་ཙམ་ཡིན་པས། དགེ་རྒན་གངས་དབང་བཀྲ་ཤིས་ལྟ་བུའི་མི་གཤིས་དང་རྩོམ་གཤིས་ཡ་མ་བྲལ་བའི་རྩོམ་པ་པོ་ནི་ང་ཚོར་ཤིན་ཏུ་མཁོ་ལ། ཁོང་དང་ཁོང་ལྟ་བུའི་རྩོམ་པ་པོ་རེ་རེས་ང་ཚོའི་ཉེ་འཁོར་གྱི་སྐྱུགས་བྲོ་བའི་སྣང་ཚུལ་མང་པོ་ཞིག་ལ་ཁ་གཏད་ནས་བདེན་པའི་ངོ་བོ་ཇི་བཞིན་སྟོན་ཐུབ་པར་འདུག
《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ནི་ཡུལ་སྐོར་ཟིན་བྲིས་ཙམ་མིན་ལ། ས་གནས་གང་གི་ལོ་རྒྱུས་ཙམ་ཡང་མིན། 《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ནི་རང་ལུགས་བཞག་ཅིང་གཞན་ལུགས་དགག་པའི་དཔྱད་རྩོམ་ཙམ་མིན་ལ། སྐོར་ལམ་ན་ཉི་མར་ལྡེ་བའི་རྒན་རྒོན་ཚོའི་ངག་རྒྱུན་ཙམ་ཡང་མིན། ངས་བསམ་ན། 《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ནི་དེ་དག་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་པའི་ཁར་རྩོམ་པ་པོ་ཁོ་རང་གི་མཐོང་སྣེ་གསར་པ་ཞིག་སྤྱད་ནས་དེ་དག་ཀུན་ལ་གསེད་འགྲོལ་ཡང་དག་བྱས་པའི་དེབ་མཆོག་ཅིག་ཏུ་འདོད། དེ་བས། འདི་ལྟ་བུའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་འགྲུབ་དགོས་ན་རིག་གནས་སྣ་གཅིག་ཤེས་པ་ཙམ་གྱིས་མི་ཡོང་བར། ཐ་ན་ས་དཔྱད་དང་གནམ་དཔྱད། དངོས་ལུགས་དང་མིའི་རིགས་རིག་པ་སོགས་རིག་གནས་སྣ་མང་ལ་མཁྱེན་རྒྱ་ཡངས་པའི་དཔྱོད་ཅན་ཞིག་མིན་ན། “རི་དང་ཆུ་ལ་ལྟ་མ་ཤེས་ན་རི་ཆུ་ཙམ་དང་། རི་དང་ཆུ་ལ་ལྟ་ཤེས་ན་རིག་གནས་ཡིན”ཞེས་རྩོམ་པ་པོས་གསུངས་པ་ལྟར་མང་པོ་ཞིག་གི་སྣང་ངོར་རི་ཆུ་ཙམ་དུ་ཟད་པ་རྣམས། མིག་གིས་ལྟ་ཤེས་ཤིང་སེམས་ཀྱིས་དཔྱོད་ཤེས་པ་རྣམས་ལ་མཚོན་ན། དེ་ལས་མེས་པོ་གོང་མ་ཚོའི་ཤེས་རབ་མཐོང་ཐུབ་ལ། མི་རིགས་ཤིག་གམ་ས་གནས་ཤིག་གི་ལོ་རྒྱུས་ལ་ཁ་གསབ་ཅིག་ཀྱང་ཅི་ལ་མི་ཐུབ།
“རི་མཐོན་པོ་དེ་དག་མ་མཇལ་གོང་། ང་རང་ནི་ས་མཐོ་ས་ཞིག་ན་ལངས་ཡོད་སྣང་སྐྱེས། ཆུ་ཆེན་པོ་དེ་དག་མ་མཐོང་སྔོན། ང་རང་གིས་རྒྱང་རིང་ས་ཞིག་ལ་ལྟ་ཡོད་སྣང་ཤར། རི་ཆུ་དེ་དག་བསྐོར་རྗེས། གཞི་ནས་ང་རང་ནི་རི་འདབས་ཀྱི་ལུང་ཁུག་དང་ཆུ་བོའི་དཀྱོགས་མཚམས་སུ་ལྷག་ཡོད་པ་ཚོར།”
དངོས་འབྲེལ་ང་ཚོ་རྩོམ་འབྲི་ལ་དགའ་བའི་གཞོན་སྐྱེས་མང་པོ་ཞིག་གིས་རྩོམ་ཡིག་ཡག་པོ་ཞིག་མི་འཁྱོངས་བར་ཁག་ཅི་ཡོད་དེ། ང་ཚོ་ནི་ནམ་ཡང་ལེ་ལོ་དང་སྒྱིད་ལུག་གི་དབང་དུ་ཤོར་ནས་སྐྱིད་པོ་འབའ་ཞིག་འདོད་པ་ལས་དངོས་སུ་རྐང་པ་བརྒྱབ་སྟེ་རི་ཆུ་ཐང་གསུམ་གྱི་ཕང་བར་ལོག་ནས་རང་བྱུང་ཁམས་དང་རང་བྱུང་ཁམས་ཀྱི་རི་ཆུ་ཐང་གསུམ་སེམས་ཀྱིས་ཀློག་པའི་སྤོབས་པ་ཞིག་ལར་ནས་མེད་པས། ང་ཚོ་ནམ་ཡང་གུ་དོག་པའི་ཁང་མིག་ཅིག་གམ་སྲང་ལམ་ཞིག་ཏུ་འཚོ་བཞིན་པ་ཇི་བཞིན་ནམ་ཡང་རང་བྱུང་ཁམས་ལྟ་བུའི་ཁོད་ཡངས་ཤིང་རྒྱ་ཆེ་བའི་བརྩམས་ཆོས་ཤིག་ཇི་ལྟར་འགྲུབ་སྟེ་མི་འགྲུབ་བོ།།
རྒྱུ་མཚན་དེའི་དབང་གིས། ངས་ནམ་རྒྱུན《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ལྟ་བུའི་བརྩམས་ཆོས་ཕུལ་བྱུང་རྣམས་བཀླགས་ནས་རང་ཉིད་ཀྱི་ལུས་སེམས་གཉིས་ལ་བྱབས་ཁྲུས་བྱེད་འདོད་ཅིང་། རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཡོ་བསྲང་བྱེད་པར་མོས། དེ་ལས་ཀྱང་ཡི་ཆད་དང་བག་འཁུམ་པའི་སེམས་པ་གཉོམ་ཆུང་འདི་ལ་བདག་པོ་ཡང་ཡང་བརྒྱབ་སྟེ་རྩོམ་རིག་སྒྱུ་རྩལ་གྱི་ལམ་ཁ་འདི་ནས་མུ་མཐུད་མདུན་དུ་བསྐྱོད་པའི་ཆོད་སེམས་རྙེད་པར་འབད་བཞིན་ཡོད་དོ།།
2023ལོའི་ཟླ9ཚེས4ཉིན་བྲིས།
དེབ་འདི་ཅིས་ཀྱང་ཚར་གཅིག་ཀློག་པར་རིགས།
ཕུན་བདེ། (ཁྲིན་ཏུའུ།)
ཉེ་བའི་ཆར་དགེ་རྒན་དང་གྲོགས་པོ་རེ་གཉིས་ཀྱིས་ཕྲན་ལ་ཁ་པར་བཏང་ནས། ཁོང་ཅག་གིས་ཁྲིན་ཏུའུ་རུ་དགེ་རྒན་གངས་དབང་བཀྲ་ཤིས་ཀྱི་མུ་འབྲེལ་རིག་གནས་ལྷུག་རྩོམ 《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》 ཅེས་པའི་དེབ་གསར་དང་འབྲེལ་བའི་དཔྱད་གླེང་འདུ་འཛོམས་ཤིག་སྤེལ་འཆར་ཡོད་པས་ཁྱོད་རང་ཡོང་རྒྱུ་ཨེ་ཡིན་ཟེར། ཕྲན་གྱིས་འཚོགས་འདུ་དེ་རྒན་གངས་དབང་བཀྲ་ཤིས་དང་ཁོང་གི་རྩོམ་ཡིག་ལ་དགའ་མཁན་རྣམས་ཀྱིས་རང་མོས་སྒོས་སྒྲུབ་ཀྱིན་པ་ཤེས་པས་འདུ་འཛོམས་དེར་མཉམ་ཞུགས་བྱས་པ་ཡིན།
སྤྱིར་དེང་དུས་ཀྱི་སྐད་དུ་བཤད་ན། ཡུལ་སྐོར་ཟིན་བྲིས་སམ། ལམ་ཡིག་འདི་འདྲ་འབྲི་མཁན་ནི་ཤིན་ཏུ་མང་སྟེ། དགེ་འདུན་ཆོས་འཕེལ་གྱི 《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》 ནས་ནམ་མཁའི་ནོར་བུའི 《བྱང་འབྲོག་གི་ལམ་ཡིག》 བླུན་པོ་སྨྱུག་ཐོགས་ཀྱི 《རྐང་པའི་སྒྲུང་》 བྱ་གཞུང་དབྱངས་བྷ་ཡི 《ཕ་སའི་མགྱོགས་བྲིས》 ཕུན་ཚོགས་བཀྲ་ཤིས་ཀྱི 《ཤུལ་འཚོལ》 རྡོ་རིང་པདྨ་དབང་ཆེན་གྱི 《དབུས་ལམ་རིང་མོ》 སྒོ་བུ་ཤ་བོ་ཚེ་རིང་གི 《གསེར་གྱི་བྱ་སྐྱིབས》 ཨ་ལག་ཤེས་རབ་བསྟན་དར་གྱི《ལྷ་འདྲེའི་སྲེད་པས་བདག་གིར་བྱས་པའི་ཉི་མ་ལྷ་ས》 འབྲོག་སྐྱ་བོ་ཡི 《དུས་མཐའི་འཁྱམ་བསྐྱོད》 (དཔར་ཟིན་པ། དེབ་གསུམ) གངས་དབང་བཀྲ་ཤིས་ཀྱ 《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》 (དཔར་ཟིན་པ། དེབ་གཉིས) སོགས་ཕྲན་པ་མི་གཅིག་གི་མཐོང་ཆོས་སུ་གྱུར་པའི་དཔེ་དེབ་མང་དུ་མཆིས་པ་ལས། རྒན་གངས་དབང་བཀྲ་ཤིས་ཀྱི 《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》 ནི་མུ་འབྲེལ་རིག་གནས་ལྷུག་རྩོམ་གྱི་ཁོངས་སུ་གཏོགས་པར་བཞེད།
སྤྱིར “རིག་གནས་ལྷུག་རྩོམ” ཞེས་པའི་འདི་ནི་ཉེ་རབས་རྒྱའི་རྩོམ་རིག་གི་ལོ་རྒྱུས་ནས་བོད་དུ་འཕོས་པའི་མིང་བརྡ་གསར་པ་ཞིག་ཡིན་འདུག་ནའང་། ཕྲན་གྱིས་བསམ་ན་འབྲི་ཐབས་དང་རྣམ་པའི་ཆ་ནས་གླེང་དགོས་ཚེ། དུས་ཀྱི་འཕོ་འགྱུར་ལས་རྣམ་པ་མི་འདྲ་བ་ཕྲན་བུ་ཙམ་མ་གཏོགས། བོད་ལ་མཚོན་ན་དེ་འདྲའི་གསར་པ་གསར་རྐྱང་ཞིག་མ་རེད་འདོད། ཡིན་ནའང་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་ཐ་སྙད་ཀྱི་དབྱེ་བ་འདི་འདྲ་བྱུང་བ་ཡང་རྩོམ་རིག་འཕེལ་རྒྱས་ཀྱི་རྟགས་སུ་གླེང་བར་འོས་སྙམ།
རྩོམ་ལུས་འདིའི་རིགས་ནི་བལྟས་ཚོད་ལ་གནས་དང་ཡུལ་གང་ཞིག་ལ་བསྐྱོད་སྐབས་འགྲོ་ཞོར་འདུག་ཞོར་གྱི་མཐོང་ཐོས་མྱོང་གསུམ་ཟིན་བྲིས་སུ་བྱས་པའི་ལས་སླ་བའི་རྩོམ་ཐབས་ཤིག་ཏུ་འདོད་སྲིད་ཀྱང་། དོན་དུ་རིག་གནས་ལྷུག་རྩོམ་འབྲི་མཁན་དེར་ལོ་རྒྱུས་ཡིག་ཚང་སོགས་ལ་མཐོང་ཐོས་མྱོང་བའི་དྲན་པ། གནའ་དཔྱོད་ཀྱི་ཤེས་རབ། གཟུ་བོར་གནས་པའི་བློ། བདེན་རྫུན་དབྱེ་འབྱེད་ཀྱི་དཔྱོད་ཤེས་སོགས་མཐུན་རྐྱེན་མང་དུ་འཛོམས་དགོས་པ་ཞིག་ཡིན་ཚོད། དེ་བས་ན་ཁོང་ཅག་གིས་བྲིས་པའི་རིག་གནས་ལྷུག་རྩོམ་དེ་འདྲ་ལ “སྤྱིར་བཏང་རྩོམ་རིག་གི་སྒྱུ་རྩལ་དང་མཛེས་དཔྱོད་ཀྱི་ཁྱད་ཆོས་མངའ་བར་མ་ཟད། ད་དུང་ལོ་རྒྱུས་རིག་གནས་སོགས་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བའི་དགེ་མཚན་ཡང་མཆིས” པ་གླེང་ག་ལ་དགོས།
ངས་རྒན་གངས་དབང་བཀྲ་ཤིས་ལགས་ཀྱི 《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དེབ་དང་པོ་སྔོན་མར་ཚར་གཅིག་བཀླགས་མྱོང་ཡོད་ལ། ཉིན་འདི་ཚོར་ཡང་བསྐྱར་ནན་ཏན་ཆེན་པོས་དེབ་དང་པོ་དང་གཉིས་པ་གཉིས་ཀ་མགོ་མཇུག་ཚང་བར་ཚར་རེ་བཀླགས་པ་ཡིན།
དེབ་གཉིས་ཀར་བརྩམས་ཆོས་སུམ་ཅུ་ཙམ་དང་། ཤོག་ངོས་ལྔ་བརྒྱ་སུམ་ཅུ། ཡིག་འབྲུ་སྟོང་ཕྲག་དྲུག་བརྒྱ་བརྒྱད་ཅུ་ལྷག་འདུག་ལ། “ཡིད་འགྱུར”དང“དོན་བརྗོད”ཟུང་དུ་འབྲེལ་ཞིང་། ཕ་མེས་ཀྱི་རང་སྐད་གཙང་མའི་སྦྱོར་བ་མ་ཉམས་པའི“ཚིག་འབྲུ་བཟང་པོ”། འུད་བརྗོད་དང་ཧོབ་བཤད་མ་ཡིན་པའི་རིག་པ་རྣམ་དག ལད་ཟློས་དང་རྣམ་གྲངས་མ་ཡིན་པའི་གསར་རྩོམ་རྣལ་མ། ཁ་འཐོར་དགུ་འཐོར་དུ་གྱུར་པའི་མི་རིགས་ཤིག་གི་ལོ་རྒྱས་དང་གནས་བབ་གསལ་བའི་བདེན་པའི་མེ་ལོང་སྟེ། རྩོམ་ཡིག་གཅིག་ལས་གཅིག་རིན་ཐང་ཆེ་ཞིང་། སྙན་འཇེབས་ལྡན་པའི་ཚིག་གི་སྦྱོར་བ་རེ་རེས་ཡིད་ཀྱི་དང་བ་ཅིག་ཅར་ཏུ་འདྲེན་པ་ཞིག་ལགས། རྒྱུ་མཚན་དེ་བས་ན། ཁོང་ལ་སྔ་གཞུག་ཏུ༢༠༡༨དང༢༠༢༢ལོའི་སྐབས་བདུན་པ་དང་བརྒྱད་པའི་ཟི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གསར་རྩོམ་བརྩམས་ཆོས་ཕུལ་བྱུང་གི་བྱ་དགའ་ཐོབ་པའང་ཤིན་ཏུ་འོས་པའི་གནས་སོ། །
ཉེ་ཆར 《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གླེང་བ་ཞེས་པའི་འདུ་འཛོམས་ཀྱི་སྐབས་ཀྱང་། ཆེད་མཁས་དགེ་རྒན་རྣམ་པས་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི 《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》 དང་། རྒན་གངས་དབང་བཀྲ་ཤིས་ལགས་ཀྱི 《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》 གཉིས་ཆ་སྦྱར་ཏེ་གདེང་འཇོག་དང་དཔྱད་གླེང་བྱེད་མཁན་ཡང་མང་དུ་སྣང་།
དེ་ཡང་ལོས་ཡིན་ཏེ། རྒན་གངས་དབང་བཀྲ་ཤིས་ཀྱི 《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》 གི་ནང་། མཐའ་མཚམས་བོད་རིགས་གནས་སྡོད་བྱས་མྱོང་བའི་ས་ཁུལ་དག་ཏུ་ཆེད་བསྐྱོད་ཀྱིས། ཡུལ་དངོས་རྟོག་ཞིབ་དང་། དམངས་ཀྱི་གནའ་སྲོལ། རིག་དངོས་རྩ་ཆེན་དག་རྒྱུ་ཆ་བྱས་ཏེ། ཆེད་མཁས་ཚན་རིག་གི་ཞིབ་འཇུག་བྱེད་སྟངས་ལྟར་དུ་བྲིས་པའི་རྩོམ་ཡིག་མང་དུ་མཆིས་ཕྱིར། བདེན་དགེ་མཛེས་གསུམ་གྱིས་ཕྱུག་པའི་རྩོམ་ཡིག་འདི་འདྲ་ལ་རིན་ཐང་མི་ཆེ་བ་གང་ན་སྲིད། དེ་བས་དེབ་འདི་ཅིས་ཀྱང་ཚར་གཅིག་ཀློག་པར་རིགས་ཞེས་ན་མཉམ་གྲོགས་པོ་ཚོ་ལ་གྲོས་སུ་འདེབས་པ་ལགས་སོ། །
2023/09/04
དཔེ་ཀློག་མྱོང་ཚོར་ཐུང་ངུ་ཞིག
མཛོད་རྒུ་ཏིང་འཛིན་འཕྲིན་ལས། (དཀར་མཛེས།)
ཉིས་སྟོང་ཉི་ཤུ་ལོར་རྒན་གངས་དབང་གིས་བརྩམས་པའི་མུ་འབྲེལ་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དེབ་པོའི་དཔར་གཞི་དང་པོ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཤིང་། ང་ཅག་དཔལ་ཡུལ་ན་ཡོད་པའི་གྲོགས་པོ་སྐོར་ཞིག་གིས《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག་རང་མྱིས་ཀློག་པ་》ཞེས་པའི་འདུ་འཛོམས་ཤིག་ཀྱང་བསྡུས།
ཉེ་ཆར་རྒན་ལགས་ཀྱི་མུ་འབྲེལ་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གི་དེབ་དང་པོའི་དཔར་གཞི་གཉིས་པ་དང་། དེབ་གཉིས་པ་གཉིས་བསྟུད་མར་དཔར་བསྐྲུན་འགྲེམས་སྤེལ་སོགས་གྲུབ་ཅིང་། ཆེད་ཚོགས་ཀྱི་འགྲེམ་སྤེལ་ཚོགས་འདུ་རུ་མཉམ་ཞུགས་ཀྱི་སྐལ་བཟང་ཡང་ཐོབ།
མ་གཞི་ལོ་འདིའི་ནང་ནན་ཏན་གྱིས་དཔེ་ཀློག་དང་། གསར་རྩོམ་ལ་གཞོལ་ཨེ་ནུས་བལྟ་བའི་འཆར་གཞི་འདྲ་མ་ཞིག་བཏིང་བ་ཡིན་མོད། ལས་བསམ་སར་མི་འགྲོ། གསེག་སར་སོང་ཟེར་བ་ལྟ་བུའི་ཕྱི་ནང་གི་རྐྱེན་ངན་མང་དག་ཅིག་གིས་ལུས་ཀྱི་ཕྱི་ནང་བཅིངས། སེམས་པའི་འཕར་ཤུགས་ལའང་མགོ་གནོན་བྱུང་བས། སེམས་པ་ལྷོད་ལ་བབས་ཏེ་ཇ་ཡུན་གཅིག་ཙམ་ལའང་འདུག་ཐུབ་པ་མ་བྱུང་མོད། ཟླ་བ་བརྒྱད་པར་ལྗོངས་རྒྱུ་དང་འགྲུལ་བཞུད་རེ་གཉིས་ཀྱི་གོ་སྐབས་ཐོབ་པས་སེམས་པ་ཅུང་ལྷོད་ཡངས་ཙམ་བྱུང་།
《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དེབ་དང་པོ་སྔོན་མ་ནས་བམ་ཀློག་ཙམ་བྱས་མོད། ད་ཐེངས་ཅིས་ཀྱང་སེམས་པ་ལྷོད་ལ་ཕབ་ཨེ་ཐུབ་བལྟས་ཏེ། དེབ་དང་པོར་བཀོད་པའི་རྩོམ་ཡིག་བཅུ་བདུན་དང་། དེབ་གཉིས་པར་བཀོད་པའི་རྩོམ་ཡིག་བཅོ་ལྔ་བཅས་འདུག་པ་བསྟུད་མར་བཀླགས།
རྒན་གངས་དབང་ལགས་ཀྱིས་དེབ་འདི་གཉིས་བརྩིས་པའི་སྒེར་དེབ་བཞི་ཙམ་བཏོན་འདུག་ཅིང་། མང་ཤོས་ལྷུག་རྩོམ་དང་། དེ་ལས་རིག་གནས་ལྷུག་རྩོམ་རེད། 《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ནི་རྒན་གངས་དབང་གིས་སྨད་རྒྱལ་མོ་ཚ་བ་རོང་ནས། སྟོད་མངའ་རིས་གངས་དཀར་ཏི་སེའི་བར་གྱི་རི་ཆུའི་རིག་གནས་དང་། སྐྱེས་ཆེན་གྱི་བྱུང་བ་ནས་མི་སེར་གྱི་འཚོ་སྟངས་སོགས་བྲིས་པའི་འཚོ་བའི་གཟུགས་རིས། མཐའ་མཚམས་ཀྱི་བོད་མི་ནས་གཞིས་ཆགས་ཀྱི་ལོ་རྒྱུས་སོགས་ཡིག་ཚང་དུ་བཏགས་རུང་བར་མ་ཟད། གནས་ཡིག་དང་ལམ་ཡིག ཟིན་བྲིས་སོགས་ཡིན་པའི་དེབ་འགངས་ཆེན་ཞིག་ཏུ་སེམས་ཤིང་། མི་རིགས་ཤིག་གི་དར་རྒུད་དང་། དུས་རབས་ཤིག་གི་འཕོ་འགྱུར་སོགས་གསལ་བའི་དངོས་ཟིན་ཞིག་ཏུའང་འདོད་ཡོད།
《གཏམ་རྒྱུད་གསེར་ཐང》རྗེས་ཀྱི་ལམ་ཡིག་དག་ལས། རྒན་གངས་དབང་ལགས་ཀྱི《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དང་། འབྲོག་སྐྱ་བོའི《དུས་མཐའི་འཁྱམ་སྐྱོད》 སྒོ་བུ་ཤ་བོ་ཚེ་རིང་གི《གསེར་གྱི་བྱ་སྐྱིབས》སོགས་ནི་ཉེ་བའི་ལོ་ཤས་ནང་བོད་ཡུལ་ས་ཆ་སོ་སོར་དངོས་སུ་བསྐྱོད་དེ་ཕྱོགས་མ་འདྲ་བ་ཁག་ནས་བྲིས་པའི་མཐོང་ཐོས་དང་། གནས་སྟངས་སོགས་མཚོན་པའི་ལམ་ཡིག་གམ་བརྗེད་ཐོ་གལ་ཆེན་རེ་རེར་སེམས་ལ། འུར་ཟིང་དང་རྙོག་འཛིང་གིས་ཁེངས་པའི་དུས་རབས་འདི་འདྲའི་ནང་དུ་ཁོང་ཅག་གི་སྐོར་བསྐྱོད་སྙིང་སྟོབས་དང་། ཉམས་ཞིབ་བྱེད་སྟངས་འདི་ནི་ཅི་འདྲའི་མཚར་སྡུག་འོད་སྟོང་ལྡན་པ་ཞིག་རེད་ཨང་སྙམ།
2023.9.4ཉིན།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།