ལོ་རྒྱུས་ཀྱི་བསྡུས་གཟུགས།---《མེས་པོ》ཡི་འབྲི་ཐབས་ལ་དཔྱད་པ།

བདུད་ལྷ་རྒྱལ།(ལན་ཀྲུ) 琼迈文学网 2023-10-20

  ནང་དོན་གནད་བསྡུས། སྒྲུང་གཏམ《མེས་པོ》ཡི་ནང་དོན་ནི་ཕུན་སུམ་ཚོགས་པ་ཞིག་སྟེ། རྩོམ་གྱིས་མི་རིགས་ཀྱི་ལོ་རྒྱུས་རིང་མོ་ཞིག་ལ་ལྷུག་བརྗོད་བྱས་འདུག སྤྱིར་མི་རིགས་ལོ་རྒྱུས་ལྟ་བུའི་བསྟན་བྱའི་ནང་དོན་རྒྱ་ཆེན་པོ་དེ་འདྲ་སྟོན་པར་རྩོམ་པ་པོ་སོ་སོས་དངོས་འབྲི་ལས་འདས་པའི་འབྲི་ཐབས་སྣ་ཚོགས་ལ་འཚོལ་དཔྱོད་བྱས་ཡོད། 《མེས་པོ》ཡིས་གཙོ་བོར་འདུ་སྟོབས་ཆེ་བའི་འབྲི་ཐབས་འགའ་ལྷུར་བླངས་ཡོད་དེ། འདེམས་སྒྲུག་བྱས་པའི་འཚོ་བའི་ཕྲ་རབ་ལ་མཚོན་སྟོབས་ཡོད་པ་དང་། མང་སྣ་ཉུང་གིས་ལེན་ཐུབ་པའི་སྒྲིག་གཞི། ཚད་ཡོད་ཀྱིས་ཚད་མེད་ཀྱི་གནས་སུ་བསྲིངས་ཐུབ་པའི་གབ་དཔེ་ཡི་སྦྱོར་བ་དང་སྐད་ཆའི་སྦྱོར་བ་བཅས་ཀྱིས་རྩོམ་ཉིད་འདུ་ཆེ་བ་ཞིག་ཏུ་བྱས་ཡོད། དེ་ཉིད་བོད་ཀྱི་སྒྲུང་གཏམ་གྱི་འབྲི་ཐབས་ཀྱི་འདའ་འགོངས་ཤིག་ཡིན་ལ། བོད་རྩོམ་གསར་རྩོམ་གྱི་མིག་བལྟོས་བྱ་སའི་བླང་བྱར་གྱུར་ཡོད་པ་ཞིག་ཀྱང་ཡིན།

  གནད་ཚིག 《མེས་པོ》 འབྲི་ཐབས། འདུ་སྟོབས་ཆེ་བ།

  མི་རིགས་གང་ཞིག་གི་རྩོམ་རིག་འཕེལ་རྒྱས་སུ་འགྲོ་བ་ལ་རྣམ་པ་རིགས་གཉིས་ལས་མ་འདས་ཏེ། གཅིག་ནི་མི་རིགས་རང་གི་རྩོམ་པ་པོའི་བློ་སྟོབས་ཀྱིས་རྣམ་པ་གསར་རྐྱང་ཞིག་གསར་གཏོད་བྱས་ནས། ནང་རོལ་ནས་འགྱུར་བ་བཟོ་བ་དང་། ཅིག་ཤོས་ནི་མི་རིགས་གཞན་གྱི་རྩོམ་རིག་ལ་མིག་བལྟོས་བྱས་ནས་དེའི་རྗེས་སུ་འབྲང་ཏེ། ཕྱི་རྐྱེན་ལས་འགྱུར་བ་བཟོ་བ་ཡིན། སྔ་མ་ལ་སྲོལ་འབྱེད་པའི་དོན་སྙིང་ཡོད་པ་དང་། ཕྱི་མ་ལ་རུ་འདྲེན་པའི་དོན་སྙིང་ཡོད། བོད་ཀྱི་གནའ་རབས་རྩོམ་རིག་ནི་རྒྱ་གར་ནང་བསྟན་རྩོམ་རིག་གི་རྗེས་སུ་འབྲང་ནས་བྱུང་ཞིང་འཕེལ་བ་དང་། བོད་ཀྱི་དེང་རབས་རྩོམ་རིག་ནི་རྒྱའི་ད་རབས་རྩོམ་རིག་དང་སྒོས་སུ་དུས་སྐབས་གསར་བའི་རྩོམ་རིག་གི་རྗེས་སུ་འབྲང་ནས་བྱུང་ཞིང་འཕེལ་བ་ཡིན་པས་ན། རིགས་ཕྱི་མའི་ཕྱོགས་སུ་གཏོགས་པ་ཡིན། བོད་ཀྱི་དེང་རབས་རྩོམ་རིག་གི་འགྱུར་ལྡོག་གི་རིམ་པ་མི་འདྲ་བ་གང་ཡིན་ཡང་། རྒྱའི་རྩོམ་རིག་ལས་དེ་སོ་སོའི་ཕྱི་མོ་མཐོང་ཐུབ།

  དོན་གྲུབ་རྒྱལ་དང་བཅས་པའི་བོད་ཀྱི་ལོ་རབས་བརྒྱད་བཅུ་བའི་རྩོམ་རིག་གིས་ཀྲུང་གོའི་ད་རབས་རྩོམ་རིག་ཁྲོད་ཀྱི་ལོ་བཅུ་བདུན་གྱི་རྩོམ་རིག་དང་། སྒོས་སུ་མི་བཞི་ཚོགས་ཁག་བརླག་རྗེས་ཀྱི་དུས་སྐབས་གསར་བའི་འགོའི་རྩོམ་རིག་ལ་སློབ་སྦྱོང་བྱས་ཏེ། དངོས་ཡོད་རིང་ལུགས་ཀྱི་རྩོམ་སྟངས་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་རྩོམ་སྟངས་ཉག་གཅིག་ཏུ་གྱུར་བ་དང་། དེ་ནས་ཀྲུང་གོའི་དུས་སྐབས་གསར་བའི་རྒྱའི་རྩོམ་རིག་གིས་ནུབ་ཕྱོགས་དེང་རབས་རིང་ལུགས་ལ་འབྲེལ་འདྲིས་བྱས་པ་ལས། ལོ་རབས་བརྒྱད་བཅུ་བའི་སྟོད་དུ་རྒྱའི་རྩོམ་རིག་གསར་རྩོམ་ལ་འགྱུར་ལྡོག་ཆེན་པོ་འབྱུང་འགོ་བརྩམས་ཤིང་། དེང་རབས་རིང་ལུགས་ཀྱི་རྩོམ་རིག་གཏམ་སྦྱོར་གྱིས་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གཏམ་སྦྱོར་ལ་ཐོད་བརྒལ་བྱས་ཏེ། གཞུང་ལུགས་དང་གསར་རྩོམ་གཉིས་ཐད་ནས་སྔར་དང་མི་མཚུངས་པའི་རྒྱུ་མང་རྩོམ་རིག་གི་རྣམ་པ་གྲུབ་པ་རེད། འདིས་བོད་རྩོམ་ལ་འགྱུར་ལྡོག་གསར་བ་འབྱུང་བའི་རིག་གནས་ཀྱི་ཁོར་ཡུག་གྲུབ་ནས་ཡོད་ལ། བོད་རྩོམ་བྱིངས་ཀྱི་འགྱུར་བ་གསར་བ་སྟེ་དངོས་ཡོད་རིང་ལུགས་འབྲི་སྟངས་གཙོ་བོར་གྱུར་བ་ལ་འདའ་འགོངས་བྱུང་བ་དེ། རྒྱའི་རྩོམ་རིག་ལ་དེང་རབས་རིང་ལུགས་བྱུང་བའི་རྗེས་ཀྱི་ཕལ་ཆེར་ལོ་བཅུ་ལྷག་གི་རྗེས་ཏེ་ལོ་རབས་དགུ་བའི་སྟོད་ནས་གཟོད་བྱུང་བ་རེད།

  དེང་རབས་རིང་ལུགས་ཚུར་ལེན་བྱེད་སྔ་བ་ནི་ལྗང་བུ་ཡིན། ལོ་རབས་བརྒྱད་བཅུ་བའི་ནང་ཐོག་མར་རྟོག་པ་འོག་འགྱུའི་འབྲི་སྟངས་ལ་སློབ་སྦྱོང་བྱས་ཏེ《སོག་རུས་ལས་མཆེད་པའི་རྣམ་ཤེས》བརྩམས་པ་དང། ལོ་རབས་དགུ་བཅུ་བའི་ནང《སྒྲོན་མེ》སོགས་ཀྱིས་མཚོན་ཏེ་ཁོས་དེང་རབས་རིང་ལུགས་ཀྱི་འབྲི་ཐབས་ཁོ་ན་རྩལ་འདོན་བྱས་ནས་ཡོད། སྐབས་དེ་དག་ཏུ་སྟག་འབུམ་རྒྱལ་དང་། ཨ་སྨྱོན་བཀྲ་ཤིས་དོན་གྲུབ། པདྨ་ཚེ་བརྟན། བཀྲ་བྷ་བཅས་ཀྱིས་ཀྱང་དེང་རབས་རིང་ལུགས་ཀྱི་འབྲི་སྟངས་ལྷུར་བླང་པ་ལས་བོད་དུ་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་རླབས་རྒྱུན་འཕྱུར་བར་བྱས་ཡོད།

  ཚེ་རིང་དོན་གྲུབ་ནི་སྤྱིར་ན་རང་གི་ཐོག་མར་གྲུབ་པའི་དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་ཀྱི་རྒྱུན་འཛིན་ཞིང་སྐྱོང་བ་ལས།”ཨ་གསར་ཚ་བའི”རྩོམ་པ་པོ་ཞིག་མ་རེད། འདི་ལྟར་བཤད་པ་ཡང་། ཁོའི་འབྲི་སྟངས་ལ་འགྱུར་བ་མེད་ཟེར་བ་ག་ལ་ཡིན་ཏེ། རྫས་རྒྱུན་གནས་འགྱུར་མ་གཏོགས་རང་བཞིན་གནས་འགྱུར་ཆུང་བའམ། ཡང་ན་རྩ་བའི་རྩོམ་ཐབས་ཀྱི་རྒྱུན་གཅོད་པ་ལས་རྒྱུན་སྐྱོང་བ་གཙོར་བྱས་པའི་སྟེང་ནས་འགྱུར་བ་བཟོ་བ་ནི་ཁོའི་གསར་རྩོམ་གྱི་ཐོག་མཐའ་བར་གསུམ་དུ་ཡོད་པ་དེ་ལ་ཟེར་བ་ཡིན། མ་གཞི་རྩོམ་རིག་གསར་རྩོམ་ལ་འགྱུར་བ་འབྱུང་བ་དང་གསར་གཏོད་ཀྱི་ཆ་ཡོད་པ”ནི་རྩོམ་པ་པོ་ཞིག་གི་ཚེ་སྲོག་ཡིན་པས། འགྱུར་བ་དང་གསར་བ་མེད་ཚེ་དོན་གྱིས་སོ་ན་གནས་པ་དང་ཐ་ན་འཆི་བ་ཡིན། དེ་བས་རང་གི་གསར་རྩོམ་ལ་གསར་ཆ་ཡོད་པའི་ཆེ་བ་འདོན་ཕྱིར་གཞན་རྩོམ་ལ་ལྟ་ཞིང་ལེགས་ཆ་ལེན་པ་ནི་རྩོམ་རིག་གསར་རྩོམ་འཕེལ་རྒྱས་ཀྱི་ཆོས་ཉིད་ཡིན། རྟག་པ་རྒྱུན་གྱི་གནས་འགྱུར་ཕྲ་མོ་འདི་ནི་ཚེ་རིང་དོན་གྲུབ་ཀྱི་རྩོམ་རིག་གསར་རྩོམ་གྱི་ཁྱད་ཆོས་སུ་གྲུབ་ཡོད། ཐོག་མའི《གཞོན་ནུའི་རང་སྒྲ་དབྱར་གྱི་རྔ་གསང》དང་། དེ་ནས《ཤི་གསོན》 དེ་ནས《ར་ལོ》 དེ་ནས《བཙུན་ཡག》དེ་ནས《མེས་པོ》དེ་ནས《ཝ་ནག་ལུང་བ》བཅས་སོ་སོའི་བར་ཁྱད་ཀྱིས་ཁོའི་གསར་རྩོམ་གྱི་འགྱུར་བ་འདིར་ར་སྤྲད་ནས་ཡོད། དེ་བཞིན་འགྱུར་བ་དེ་ཐོད་བརྒལཞིག་མིན་པར་གནས་འགྱུར་ཞིག་ཡིན་པའི་ཆ་ལའང་ར་སྤྲད་ནས་ཡོད།

  ལྷག་པར་ཏུ། ཚེ་རིང་དོན་གྲུབ་ནི་དཔེ་ཀློག་ལ་ཧུར་ཞིང་། གསར་རྩོམ་ལ་ངེས་པ་དོན་གྱིས་དགའ་བའི་རྩོམ་པ་པོ་ཞིག་ཡིན་པས། བཀླགས་ཟིན་གྱི་རྩོམ་རིག་བརྩམས་ཆོས་ཀྱིས་ཁོའི་གསར་རྩོམ་ལ་འགྱུར་བ་མི་བཟོ་བ་ནི་མི་སྲིད། རྫི་གསང་དོད་པའི་བོད་ཀྱི་རྩོམ་པ་པོ་མང་བོ་ལ་ཤན་བྱེད་པའི་རྩོམ་རིག་གི་རླབས་རྒྱུན་གང་ཞིག་གིས་ཁོ་ལ་ཤན་མི་བྱེད་པ་ནི་མི་དཔེ། ལོ་རབས་དགུ་བཅུ་བའི་བོད་ཀྱི་རྩོམ་པ་པོ་མང་བོ་ཞིག་ལ་རྒྱའི་རྩོམ་རིག་བརྒྱུད་ནས་ནུབ་ཕྱོགས་དེང་རབས་རིང་ལུགས་ཀྱིས་ཤན་བྱས་པ་བཞིན། ཁོའི་དུས་རབས་ཉེར་གཅིག་པའི་འགོའི་སྒྲུང་འབྲིང《མེས་པོ》དང《སྨུག་པ》ལ་ཡང་ནུབ་ཕྱོགས་དེང་རབས་ལུགས་ཀྱི་རྩོམ་སྟངས་ཀྱིས་ཤན་བྱས་ཡོད། ཡིན་ཡང་འགྱུར་བ་དེ་གོང་དུ་བཀོད་པའི་བོད་ཀྱི་རྩོམ་པ་པོ་དག་དང་མི་འདྲ་བར། དེ་འདྲའི་ཐོད་བརྒལ་ཆེན་པོ་མ་ཡིན་པའི་གནས་འགྱུར་ཞིག་རེད། ཐོག་མར《མེས་པོ》ཡི་ནང་ན་སྔར་མེད་ཀྱི་སྒྱུ་འཕྲུལ་རིང་ལུགས་ཀྱི་འབྲི་སྟངས་མང་དུ་ཡོད་པ་དང་། དུས་ཚོད་ཀྱི་ལྷུག་བརྗོད་ཀྱང་དངོས་ཡོད་རིང་ལུགས་ལྟར་མ་ཡིན་པར་དུས་ལ་བསལ་སྒྲིབ་བྱས་པའི་ཆ་ཡོད་པ་གསལ་བར་མཐོང་ཐུབ་པ་དང་། ཐ་ན་རྩོམ་འདི་ཇ་ཞིས་འརམར་ཁི་སི་ཡི《ལོ་བརྒྱའི་ཁེར་རྐྱང》གི་ཤན་ཤུགས་ཐེབས་ཆེ་བའི་རྩོམ་ཞིག་རེད་ཅེས་ཀྱང་སྨྲས་ཆོག ཡིན་ན་ཡང་། དེང་རབས་རིང་ལུགས་ལྟར་གནས་དུས་སོགས་ལ་བསལ་བའམ་སྒྲིབ་པ་ཆེས་ཆེར་བྱས་ཏེ། ཕྱི་དོན་གྱི་ངོར་གནས་པའི་འཚོ་བ་ཧྲུག་ཆག་ཏུ་བྱས་པའམ། ཡང་ན་ཉམས་མྱོང་ལས་ཆེར་འདས་པ་ཞིག་ཏུ་བྱས་པའང་མ་རེད། ལྷག་པར་ཏུ་ནང་དོན་གྱི་ཆ་ནས་འཚོ་གནས(存在)ཀྱི་བསམ་བློ་མེད་པར། མི་རིགས་ཀྱི་དངོས་ཡོད་ལས་འཕྲོས་པ་དང་། དེ་ལས་བརྩམས་པའི་ལོ་རྒྱུས་ཀྱི་ཚུར་སྣང་ཡོད་པས། རྩོམ་ལ་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་དོན་སྙིང་ཆེས་ཆེར་བདོག་ལ། དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་ཀྱང་ཆེས་ཆེར་གདའ།

  《མེས་པོ》ཡིས་གོང་དུ་བསྟན་པ་ལྟར། 《ལོ་བརྒྱའི་ཁེར་རྐྱང》ལ་སློབ་སྦྱོང་ངམ་གོང་བཀུར(致敬)བྱས་ཏེ། དེ་དང་མཚུངས་པར་བོད་མི་རིགས་ཀྱི་ལོ་རྒྱུས་མཚོན་པ་ལ་འབད་ཡོད་དེ། མི་རིགས་འདིའི”བསྐལ་བ་ས་ཆགས་པ”ནས་ད་ལ་ཐུག་གི་བར་གྱི་ལོ་རྒྱུས་མཚོན་པར་གཞོལ་ཡོད། མི་རིགས་ཤིག་གི་ལོ་རྒྱུས་ཏེ་ལོ་ངོ་བརྒྱ་སྟོང་ཕྲག་དུ་མའི་ལོ་རྒྱུས་མཚོན་འདོད་པ་ལ། གལ་ཏེ་དངོས་ཡོད་རིང་ལུགས་ཀྱི་བསྐྱར་མཚོན་གྱི་མཚོན་ཐབས་སྤྱོད་པ་ཡིན་ན་ཕྱི་དོན་ཇི་བཞིན་པའི་ཚུལ་དུ་འབྲི་དགོས་པས། དེ་ལ་ཡིག་ཚོགས་ཀྱི་ཕུང་བོ་ཇི་འདྲ་དགོས་པ་ནི་བློ་ལས་འདས་པ་ཞིག་རེད། ཐ་ན་དེ་ནི་མི་སྲིད་པ་ཞིག་རེད། དེ་བས་དེ་འདྲའི“བསྐལ་བ་ཆགས་ཚུལ”གྱི་བརྗོད་དོན་སྟོན་པ་ལ་གནས་དུས་ལ་བསལ་སྒྲིབ་བྱས་ཏེ། འདུ་ཆེ་བ། གཟུགས་འགྱུར་བ། འཕྱོངས་ཆེ་བ། ཆོད་ཆེ་བའི་མཚོན་ཐབས་ཤིག་ངེས་པར་དགོས་འདུག 《མེས་པོ》ཡིས་ཏག་ཏག་བསྐྱར་མཚོན་ནམ་དངོས་འབྲིའི་འབྲི་ཐབས་བསྐྱུར་ཏེ་འདུ་སྟོབས་ཆེ་བའི་མཚོན་ཐབས་ཆོད་ཆེ་བ་ཞིག་ལ་དོན་གཉེར་བྱས་འདུག

  དང་པོ། མཚོན་སྟོབས་ཆེ་བའི་འཚོ་བའི་ཕྲ་རབ་ཀྱི་འདེམས་སྒྲུག

  《མེས་པོ》ཡིས་མཚོན་ཡོད་པའི་བོད་མི་རིགས་ཀྱི“བསྐལ་བ་ཆགས་ཚུལ”ལམ་མི་རིགས་ལོ་རྒྱུས་ཀྱི་དུས་ཡུན་གྱི་ཐད་ནས། ས་རྩེ་གཞུང་ལ་སྡེ་བ་ཐོག་མར་ཆགས་པ་ནས་རྩྭ་ས་འགན་གཙང་ལེན་བར་གྱི་ལོ་རྒྱུས་རིང་མོ་དེ་རང་གི་ཚུར་སྣང་བྱ་ཡུལ་དུ་བྱས་ཡོད། ཐོག་མར་ཚོ་བ་གཅིག་དང་རིམ་གྱིས་ནང་དམེའི་དབང་གིས་སྡེ་བ་གཉིས་སུ་གྱེས་པ་དང་། དེ་ནས་དགོན་པའི་བཞེངས་བསྐྲུན་སྐབས་ནས་སྡེ་ཚོ་གསུམ་དང་། བླ་མ་གདན་འདྲེན་སྐབས་སུ་ལྷ་སྡེ་བྱུང་བ་ནས་སྡེ་ཚོ་བཞི་རུ་གྱེས་ཤིང་། དེ་དང་བསྟུན་ནས་ཐོག་མའི་ཤེས་རིག་སྣ་གཅིག་པ་དེ་རིམ་གྱིས་ཤེས་རིག་སྣ་མང་ཅན་དུ་གྱུར་བ་དང་། དེའི་སྟེང་སྤྱི་ཚོགས་ལོ་རྒྱུས་ཀྱི་འགྱུར་བའི་དབང་གིས་ཐོག་མའི་ཕྱི་ཕྱོགས་ལ་འབྲེལ་འདྲིས་མེད་པར་ལྷམ་ཙམ་ཡང་ཉོ་ཚོང་མེད་ལ་མེ་མདའ་མིག་གིས་མཐོང་མ་མྱོང་བ་ཞིག་ནས། རིམ་གྱིས་དེང་རབས་ཅན་གྱི་བཟོ་གྲྭ་ཚུགས་པ་བཅས་ཀྱི་དོན་ཆེན་གྱི་སྒོ་ནས་མི་རིགས་ཀྱི་ལོ་རྒྱུས་མཚོན་ཡོད་པ་ནི་དངོས་གནས་འདྲིལ་ཆེ་ཞིང་སྡུད་ཆེ་བའི་ལོ་རྒྱུས་མཚོན་སྟངས་ཤིག་རེད། བོད་མི་རིགས་ཀྱི་ལོ་རྒྱུས་ལ་ཚད་མཐོ་བའི་སྡོམ་ཞིག་བརྒྱབ་ན་དེ་ག་རང་རེད།

  འཚོ་བའི་ངོ་བོའི་ཆ་ནས་ལྷག་པར་དེ་ལྟར་ཡིན། སྒྲུང་གཏམ་རང་གི་དུས་ཚོད་ཀྱི་འཚོ་བ་ནི་དེ་འདྲའི་རིང་མོ་ཡིན་པའི་ངེས་པ་མེད་དེ། ཁ་མཆུའི་དབང་གིས་རྨ་གཞུང་ནས་རྩེ་གཞུང་ནས་རུར་ཡོང་བའི་དུས་ནི་སྔ་བ་མ་ཡིན་པའི་དབང་དུ་བཏང་ཡང་། རྩེ་གཞུང་སྡེ་བའི་རིག་གནས་ཤེས་རིག་གི་ཆགས་རིམ་དང་། ལོ་རྒྱུས་དང་འཚོ་བའི་ནང་དོན་ནི་བོད་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ཧྲིལ་བོའི་ཆགས་གནས་ཀྱི་འཕེལ་རིམ་རེད་ཅེས་ཟེར་ཆོག དཔེར་ན། རུ་ཡོང་སྐབས་ཀྱི་ཐོག་མའི་མི་གཤིས་ཀྱི་དྭངས་གཙང་དང་། ཤེས་རིག་གི་སྣ་རྐྱང་། མྱི་མཛངས་ཤིང་དཔའ་རུ་སྐྱེ་བ། ཆོས་བཟང་དུ་བྱེད་པ་ལ་མི་རིགས་རིག་གནས་ཀྱི་གདོད་མའི་རྣམ་པ་དང་། ལོ་རྒྱུས་ཀྱི་ཐོག་མའི་རྣམ་པ་ཡོད། མཐར་ཤེས་རིག་སྣ་མང་གི་འདྲེས་སིམ་དང་། མི་གཞི་ཡི“ཉམས་རྒུད”དང་། སྒོས་སུ་ལོ་ཚིགས་བྱེ་བྲག་པ་གཅིག་དགུ་བརྒྱད་བཅུ་ལོའི་ལོ་རབས་བརྒྱད་བཅུ་བ་ལ་གཏུགས་པར། དུས་ཡུན་བསྐལ་བ་ཞིག་གི་ཡུན་ཡོད།

  ཡིན་ན་ཡང་། རྩོམ་རིག་ནི་ལོ་རྒྱུས་རིག་པ་མ་ཡིན་པས། དེ་འདྲའི་སྤྱི་མཚན་གྱི་སྡོམ་སྐམ་པོ་ཞིག་གིས་མི་རུང་བར་ངེས་པར་དུ་རང་མཚན་པའི་འཚོ་བས་ཕྱུག་དགོས་ལ། བྱེ་བྲག་པའི་ཕྲ་རབ་ཀྱིས་ཕྱུག་དགོས་པ་ཡིན། ལོ་རྒྱུས་ཀྱི་དུས་ཡུན་དེ་འདྲའི་རིང་མོ་ཞིག་གི་ཁྲོད་ཀྱི་བྱེ་བྲག་གི་འཚོ་བ་ནི་སྤྱིར་ན་བགྲང་ཡས་པ་ཞིག་ཡིན་སྲིད། དེ་བས། བྱེ་བྲག་གི་འཚོ་བར་འདེམས་སྒྲུག་བྱེད་པའི་བགྱི་བ་གལ་ཆེན་ཞིག་རྩོམ་པ་པོའི་མདུན་དུ་ལྷགས་ཡོད་ལ། འདེམས་སྒྲུག་གི་ཚད་གཞི་ནི་མཚོན་སྟོབས་ཡོད་པའི་འཚོ་བ་ཡིན་མིན་དང་། སྣང་ཚུལ་ལས་འདས་ཏེ་ངོ་བོ་འཛིན་ཐུབ་པའི་འཚོ་བ་ཡིན་མིན་དེ་ཡིན།

  《མེས་པོ》བཀླགས་ཚེ་ང་ཚོར་རྩོམ་ནང་བྲིས་པའི་བྱེ་བྲག་གི་འཚོ་བ་དག་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་གལ་དང་འགངས་དང་། འཚོ་བའི་སྙིང་བོ་དང་། མི་བུ་རང་གི་ལོ་རྒྱུས་དང་འདས་སོང་གི་དྲན་གསོ་དང་། ཡིད་ཀྱི་བརྣགས་ས་ཤ་སྟག་ཡིན་པས་འཚོ་བ་དེ་དག་གིས་ལོ་རྒྱུས་ཀྱི་གནད་དུ་བསྣུན་ཡོད་པའི་ཚོར་བ་སྟེར་ཡོང་། དཔེར་ན། ནང་དམེ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་རྒྱུན་ཆགས་ཀྱི་དོན་ཆེན་ཞིག་ཡིན་ཏེ། ད་ལྟ་ས་ཁ་ཐག་གིས་ཆོད་པའི་སྡེ་བ་གཉིས་ཡན་ཀྱི་མིང་མཚུངས་མང་བ་ནི་ལོ་རྒྱུས་ཁྲོད་ནང་དམེའི་དབང་གིས་སྡེ་བ་གཉིས་སུ་ཆད་པས་ཡིན་། ཡང་དཔེར་ན། གནའ་ནས་ད་བར་བོད་པའི་སེམས་ན་བུ་སྐྱེས་ན་དགའ་བ(ཐོས་པ་དགའ)དང་བུ་སྟོན་ཡོད་པ་དང་། བུ་མོ་ལ་སྟོན་མོ་མེད་ཅིང་དུང་མི་འབུད་པ་ཡང་མི་རིགས་ཀྱི་ལོ་རྒྱུས་ཁྲོད་ན་བུ་རང་སྐྱེས་ཀྱིས་རང་མདོག་སྟོན་དགོས་པའི་ལོ་རྒྱུས་ཡོད་པས་ཡིན། དེ་བས་ཕོ་མཆོག་མོ་དམན་གྱི་འདུ་ཤེས་དྲག་པའི་འབྲུག་ཐར་ལ་བོད་ལ་ཁྱབ་གཟུགས་ཀྱི་དོན་སྙིང་ཡོད་ལ། ལོ་རྒྱུས་ཅན་དུ་བྱས་ན་འདིར་ལུགས་མཐུན་རང་བཞིན་ཡོད་པ་ང་ཚོས་རྙེད་ཐུབ། འདུ་ཤེས་འདི“བསྐལ་བ་ས་ཆགས”པ་ནས་ད་ལ་ཐུག་གི་བར་གྱི་བོད་མི་བྱིངས་ལ་གཅིག་མཚུངས་སུ་ཡོད་དེ་འགོངས་དཀའ་བའི་ལོ་རྒྱུས་ལྕི་ལ་སྦྲམ་པ་ཞིག་ཏུ་གྲུབ་པ་ང་ཚོ་སུ་ལའང་གསལ་བོ་ཡིན།

  ད་དུང་། འབྲུག་ཐར་སོགས་བླ་མ་གདན་འདྲེན་ཕྱིར་ཨ་ལགས་འབྲོང་གི་ཐོག་མའི་གནས་གཞིར་སླེབས་ནས་ཚོང་རར་འགྲིམ་དུས། ”མིག་གི་དབང་བོ་ཕྲོགས་ཏེ་འཇམ་དབྱངས་ཤེས་རབ་ཀྱི་ཁ་ཡི་མ་ཎི་འདོན་མཚམས་ཆད། ལག་གི་ཕྲེང་བ་འདེད་མཚམས་ཆད”པ་དང་། ལྷ་སྡེ་བུ་མོ་དག་གིས་རྩེ་གཞུང་གི་གཞོན་ནུ་རྣམས་ཀྱི་ཡིད་སེམས་འཕྲོག་པ་སོགས་བྲིས་པ་དེ་བོད་མི་རིགས་ལ་མཚོན་ན་ལོ་རྒྱུས་གལ་འགངས་ཅན་ཡིན་ཏེ། མི་རིགས་འདིའི་ལོ་རྒྱུས་རིང་མོའི་འཕོ་འགྱུར་དང་། སྒོས་སུ་མི་རིགས་འདིའི་དེང་རབས་ཅན་དུ་བསྐྱོད་པའི་དེང་རབས་ལོ་རྒྱུས་གྱི་བགྲོད་པ་རེད། ད་དུང་རྩེ་གཞུང་སྡེ་བ་ལ་མཚོན་ན་ཨ་ལགས་འབྲོང་ནི་དངོས་གནས་རྩ་བའི་བླ་མ་གཙུག་གི་ནོར་བུ་ཡིན་ཡང་། ལྷ་སྡེ་བས“ཞབས་ཞུ་བ་ཞིག་གིས་འབྲོང་ཚང་རྩམ་ཁུག་ཅིག་དང་འདྲ་བར་སྣང་དོགས་སྤུ་ཙམ་ཡང་མེད་པར་མི་སྐྱ་བོ་ཚོས་བཟོས་པའི་ཉལ་ཁྲིའི་སྟེང་དུ་བཞག”ལྟ་བུ་དང་། ཨ་ལགས་འབྲོང་ལ“ད་དེར་ཁྱོད་ལ་ཐབས་རེ་ཨེ་ཡོད་བསམས་ནས་ཡོང་བ་ལས་གཏོར་མ་བཟའ་འདོད་ན་ཁྱོད་སར་མ་ཡོང་ནའང་བཟའ་རྒྱུ་ལོས་རྙེད”ལྟ་བུའང་། མི་རིགས་འདིར་མཚོན་ན་དངོས་བྲིས་ཤིག་དང་། རིམ་གྱིས་བྱུང་དང་འབྱུང་འགྱུར་གྱི་ལོ་རྒྱུས་གསང་དོར(祛魅)གྱི་འཚོ་བ་དོན་ལ་འཁེལ་བ་ཞིག་ཡིན་པ་མ་ཟད། མི་རིགས་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེ་ཤོས་འདིའི་ཚུར་སྣང་དུ་གྱུར་ཡོད།

  གཞན་ཡང་། རྩེ་གཞུང་སྡེ་བའི་མེས་པོའི་བཀུར་ལུགས་དང་། འབྲུག་ཐར་གྱི་དགྲ་ལ་སྡང་ལུགས་དང་གྲོགས་ཀྱི་ཕྱི་ཐག སྡེ་དོན་དང་ཚོ་དོན་ལ་བསམ་པའི་ལྷག་བསམ་སོགས་ཀྱང་མི་རིགས་འདིའི་རྟོག་བཏགས་མ་ཡིན་པའི་རིག་གནས་གསོན་པོ་ཡིན་ལ། ང་ཚོས་ད་ལྟ་ཡང་མཐོང་ཐོས་རེག་གསུམ་གྱིས་དངོས་སུ་མྱོང་ཐུབ་པ་ཡང་ཡིན། འཚོ་བ་འདི་དག་ནི་མི་རིགས་ལོ་རྒྱུས་ཀྱི་གྲུབ་ཆ་རགས་ཤོས་དང་། ད་ལྟའི་འཚོ་བའི་ཁྲོད་རྒྱུན་བསྲིངས་བའི་སྒོ་ནས་ནུས་པ་འབྱིན་བཞིན་པ་མ་ཟད། ད་དུང་གནད་དོན་གྱི་ཚུལ་དུ་ང་ཚོར་ཡང་ཡང་དྲི་བ་འདོན་བཞིན་པ་དང་། དེང་གི་ལོ་རྒྱུས་དང་ཤེས་རིག་གི་འགྱུར་མཚམས་ནས་བོད་མིའི་ཡིད་ལ་བརྣག་པའི་དོན་གཙོ་བོ་རུའང་གྱུར་ཡོད་པས། བྱེ་བྲག་གི་འཚོ་བ་དེ་དག་ནི་འཚོ་བ་རང་ག་བ་དང་གྱི་ན་བ་ནི་གཏན་ནས་མ་རེད། གཏམ་རྒྱུད་ཁྲོད་ཀྱི་འཚོ་བ་ཕལ་ཆེར་བར་ལོ་རྒྱུས་ཀྱི་དོན་གནད་འདུས་ཤིང་དངོས་ཡོད་ལ་ཟུར་བསྟན་ཡོད་པས། སྒྲུང་གཏམ་གྱིས་དེ་ལྟའི་འགངས་ཆེ་བའི་ལོ་རྒྱུས་དང་རིག་གནས་ཀྱི་ཕྲ་རབ་དག་འདེམས་སྒྲུག་གིས་རྩོམ་ནང་ཕྲེང་བར་སྤེལ་བས་མི་རིགས་ཀྱི་ལོ་རྒྱུས་མཚོན་པར་འདུ་ཆེ་ལ་ཆོད་ཆེ་ཞིང་། ལོ་རྒྱུས་ཀྱི་སྣང་བ་བཙན་པར་ཡོད། ཧྥུའུ་སི་ཐི་ཡི་སྐད་ཆ་ལྟར་བཤད་ན། རྩོམ་ནང་གི་འཚོ་བ་ནི་དུས་ཚོད་ཀྱི་འཚོ་བ་མ་ཡིན་པར། རིན་ཐང་གི་འཚོ་བ་རྐྱང་རེད།

  གཉིས་པ། སྒྲིག་གཞིའི་སྒོ་ནས་མང་སྣ་ཉུང་གིས་བླངས་པ།

  མི་རིགས་ཤིག་གི་ལོ་རྒྱུས་ཏེ་ཆགས་གནས་འཇིག་གསུམ་དེ་སྒྲུང་དེབ་བམ་ཁ་དེ་འདྲ་མཐུག་པོ་མ་ཡིན་པ་ཞིག་གིས་སྟོན་པ་ལ། དངོས་ཡོད་རིང་ལུགས་ཀྱི་རྒྱས་པའི་ཞིབ་འབྲི་ནི་མི་རུང་བས། འབྲི་ཐབས་ལ་བཀོད་འབྲི་ཙམ་མ་གཏོགས་ཞིབ་རྒྱས་ནི་མི་རིགས་པར་ཐག་གིས་བཅད་ཡོད། 《མེས་པོ》ཡིས་ཀྱང་ཐོག་མར་དུས་ཚོད་ལ་ཟངས་ཐལ་དུ་འཇུག་ཐུབ་པའི་དུས་ཚོད་ལྷུག་བརྗོད་ཀྱི་ཚིག་ཏེ། 《ལོ་རྒྱུས་ཁེར་རྐྱང》གི་རྩོམ་འགོ་རྩོམ་པའི་ཚིག“ལོ་དུ་མ་ཞིག་གི་རྗེས་སུ”ཞེས་པའི་རྗོད་པ་རྩོམ་ཡོངས་སུ་ལྷུར་བླངས་ནས། དུས་ཚོད་ངོ་སྤྲོད་ཀྱི་ཚིག་ཚོགས་ཡོངས་སུ་ནས་བསྐྱུང་ཡོད། དུས་ཚོད་ལྷུག་བརྗོད་བྱེད་སྟངས་འདིས་རྩོམ་གྱི་ལྷུག་བརྗོད་རུས་སྦལ་ནུར་འགྲོས་ལས་འགོངས་པའི་སེང་གེའི་མཆོང་དང་རྗེས་སུ་མཐུན་པར་བྱས་ཡོད། འདི་ནི《མེས་པོ》ཡི་རྩོམ་གྱི་དུས་ཚོད་ལྷུག་བརྗོད་ཀྱི་སྦྱོར་བའི་ཁྱད་ཆོས་ཤིག་ཡིན་ལ། འདིར་འཕྱོངས་ཆེ་ཞིང་བསྡུ་ཆེ་བའི་དགེ་མཚན་ཡོད་པས། ལོ་རྒྱུས་ཉིང་བསྡུ་བྱ་བར་ནུས་པ་ཆེན་པོ་ཐོན་ཐུབ་པ་ཡིན།

  དེ་ལས་ཀྱང་གལ་ཆེ་བ་ནི་གཏམ་རྒྱུད་ཀྱི་དུས་ཚོད་ཁྲོད་ན་ཡོད་པའི་འཚོ་བ་ཙག་ཙིག་མང་བོ་ལ་གོང་ནས་བསྟན་པ་ལྟར་མཚོན་སྟོབས་ཡོད་མེད་ཀྱི་སྒོ་ནས་འདེམས་སྒྲུག་བྱས་པ་མ་ཟད། བདམས་ཟིན་གྱི་འཚོ་བ་དེ་དག་རྩོམ་ནང་བྲི་དུས་སུ་བསྡུས་འབྲི་འམ་ཉུང་འབྲི་བྱེད་པ་མ་གཏོགས། ཚིག་ཚོགས་མང་བོས་ཞིབ་འབྲི་བྱས་མེད་པ་ལས་ཀྱང་བསྡུས་གཟུགས་སུ་བྱེད་པར་ནུས་པ་ཆེན་པོ་ཐོན་ཡོད། སྤྱིར་ན་དངོས་ཡོད་རིང་ལུགས་ཀྱི་སྒྲུང་རིང་དག་གིས་རྒྱས་པའི་ཞིབ་འབྲིའི་སྒོ་ནས་འཚོ་བའི་སྔར་ཡོད་ཀྱི་རྣམ་པ་ཇི་བཞིན་བྲིས་ཏེ། རང་མཚན་དང་བྱེ་བྲག་གི་རྩོམ་རིག་གི་རང་མདངས་མངོན་པར་བྱེད་པ་ཡིན་པ་ལ། 《མེས་པོ》ཡིས་དེ་ལྟར་མ་བྱས་པར་བཀོད་འབྲི་བྱེད་པར་བསྡུས་འབྲིའི་ཐབས་སྤྱད་ཀྱང་རྩོམ་རིག་གི་རང་མཚན་པའི་རང་མདངས་ནི་དངོམས་ནས་ཡོད། འདི་ནི་སྒྲིག་གཞིའི་སྒོ་ནས་བསྡུས་འབྲི་བྱས་པའི་འཚོ་བའི་རྣམ་གྲངས་དེ་དག་ལ་གསོན་ཤུགས་རྒྱས་པར(激活)བྱས་པ་ལས་བྱུང་བ་གོར་མ་ཆག

  “མི་རྣམས་ཀྱིས་སྒྲིག་གཞི་ལ་འགྲེལ་སྣ་ཚོགས་བྱེད་བཞིན་ཡོད་ཀྱང་། ཕིས་ཡ་ཇེ་ཡི་ཞིབ་འཇུག་ལ་འཐུས་ཚབ་རང་བཞིན་དང་སྤྱི་འཛོམས་རང་བཞིན་ལྡན་པ་ཡིན། ཁོས་སྒྲིག་གཞི་ལ་ཧྲིལ་བོའི་རང་བཞིན་དང་། གནས་འགྱུར་རང་བཞིན་དང་། རང་ཉིད་སྙོམས་སྒྲིག་གི་རང་བཞིན་གསུམ་ལྡན་ཞིང་། སྒྲིག་གཞི་ནི་ཧྲིལ་བོའི་རང་བཞིན་ཡོད་པའི་གནས་འགྱུར་གྱི་ཆོས་ཉིད་ལྡན་པ་དུ་མས་གྲུབ་པའི་རང་ཉིད་སྙོམས་སྒྲིག་རང་བཞིན་ཅན་གྱི་བརྡ་མཚོན་གྱི་མ་ལག་ཅིག་ཡིན། དེ་ལྟར་མིན་ཚེ་དེ་ནི་སྒྲིག་གཞི་མ་ཡིན་པར་དུ་མ་སྤུངས་པའི་ཕུང་བོ་ཡིན་པར་འདོད།” གོ་དོན་འདི་ནི་གོ་སླ་བ་ཞིག་མིན་ཀྱང་སྲིད། མཇུག་གི་སྒྲིག་གཞི་དང་ཕུང་བོའི་ཁྱད་པར་བསྟན་པ་དེ་ནི་གོ་རྒྱུ་ཅན་གྱི་གནད་འགག་ཅིག་རེད། དཔེའི་སྒོ་ནས་བཤད་ན། གཅིག་གི་སྟེང་གཅིག་བསྣན་པ་གཉིས་ཡིན་པ་ནི་ཕུང་བོ་དང་། གཉིས་ལས་ཆེ་བ་སྒྲིག་གཞི་ཡིན། ཡང་ན་བོད་ཀྱིས་བཤད་པའི་མདུང་ཁྱིམ་གྱི་རིགས་པ་ལྟ་བུ་རེད་སྙམ། མདུང་གཅིག་གམ་མདུང་གཉིས་ཕན་ཚུན་བརྟེན་པ་ལ་དངོས་པའི་འཕྱང་བའི་ཤེད་མེད་ལ། མདུང་གསུམ་ཕན་ཚུན་བརྟེན་པ་ལས་གསུམ་པོ་སོ་སོ་བ་ལས་ཆེས་ཆེར་ལྷག་པའི་ཤེད་ཡོད་པ་བཞིན། སྒྲིག་གཞིའི་སྒོ་ནས་འཚོ་བ་སོ་སོ་དག་རང་རྐྱ་འཛིན་པ་ལས་འགོངས་ཏེ་ཧྲིལ་བོའི་དོན་གཞན་ཞིག་འབྱུང་ལ། སོ་སོ་བའི་རྣམ་པ་ལ་གནས་འགྱུར་བྱུང་སྟེ། དུ་མ་སྤུངས་པའི་ཕུང་བོ་ལས་འགོངས་བའི་ཧྲིལ་བོ་གཞན་ཞིག་འགྲུབ་རྒྱུ་ཡོད།

  སྤྱིར་ན་བོད་ཀྱི་ལོ་རྒྱུས་བརྩམས་སྒྲུང《གཙུག་གཡུ》འམ《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》སོགས་སུའང་འཚོ་བའི་བྱེ་བྲག་གི་དོན་མང་དུ་བྲིས་ཡོད་ཀྱང་། འདི་ལྟའི་སྒྲིག་གཞིའི་ནུས་པ་ཐོན་མ་ཐུབ་པའི་སྟབས་ཀྱིས་གཅིག་གྲོགས་གཅིག་གིས་བྱས་པའི་རྟེན་འབྲེལ་གྱི་ཚོགས་པ་གྲུབ་མ་ཐུབ་པས། འཚོ་བའི་གྲུབ་ཆ་ལ་ལ་ཞིག་ལ་བརྒྱུད་རིམ་ངོ་སྤྲོད་ཀྱི་ནུས་པ་ཙམ་ལས་མེད་ལ། ལ་ལ་ཞིག་ལ་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་གིས་སྟོང་བས་བྱ་བྱེད་མེད་པ་རོ་རུ་གྱུར་ཡོད། 《མེས་པོ》རུ་མི་རིགས་ཀྱི་ལོ་རྒྱུས་དང་འཚོ་བའི་གྲུབ་ཆ་རུ་གྱུར་བའི་བྱེ་བྲག་གི་འཚོ་བ་མང་དུ་བཀོད་ཡོད་ལ། དེ་དག་ལ་རྒྱས་པའི་ཞིབ་འབྲི་མེད་ཀྱང་སྒྲིག་གཞིའི་ནུས་ཤུགས་སམ་ཕན་ཚུན་སྙོམས་སྒྲིག་གི་རྟེན་འབྲེལ་གྱི་དབང་གིས་ཚང་མ་གསོན་པོ་ཡིན་ལ། བྱ་བྱེད་ཡོད་ལ། ནུས་པ་ཐོན་པ་ཅན་འབའ་ཞིག་ཏུ་གྱུར་ཡོད། སྒྲིག་གཞིའི་ནུས་པ་ནི་ཐ་ན་བཀོད་འབྲི་ལ་གསོན་ཉམས་ལྡན་མི་ལྡན་དང་། ཕྲ་རབ་ཡོད་མེད་ལྟ་བུའི་བསྟན་ཡོད་བྱེ་བྲག་པ་ལས་འབྱུང་རྒྱུ་ཞིག་ཀྱང་མ་ཡིན། དཔེར་ན་ཉི་མ་དང་མེ་ཤེལ་དང་སྤྲ་གསུམ་འཕྲད་པ་ལས་མཐར་བྱུང་བ་ནི་ཉི་མ་མ་ཡིན་ལ་མེ་ཤེལ་མ་ཡིན་ལ་སྤྲ་ཡང་མིན་པར་མེ་ཡིན་པ་ལྟ་བུའི་བསྟན་མེད་རྒྱབ་རོལ་གྱི་རྟེན་འབྲེལ་གྱི་ནུས་པ་ཞིག་ཡིན། འདི་ནི་རྩོམ་པ་པོའི་སྒྱུ་རྩལ་གྱི་བློ་སྦྱོང་དང་། སྙན་ངག་རང་བཞིན་གྱི་ཤེས་རབ་ལས་འབྱུང་རྒྱུ་ཞིག་ལས། རིགས་པའི་རྩོལ་བ་ལས་འབྱུང་ཐུབ་པ་ཞིག་མིན་པ་འདྲ། དེ་བས་ཁ་གསལ་བའི་སྒོ་ནས་སྨྲ་བཏུབ་པ་ཞིག་ཀྱང་མ་རེད།

  གང་ལྟར་ཀྱང་། 《མེས་པོ》རུ། ལོ་རྒྱུས་ཀྱི་འཚོ་བ་མང་བོ་སྟེ། ནང་དམེ་དང་རུ་ཡོང་། གདན་སར་འགོད་པ་དང་མཆོད་མཇལ་དུ་འགྲོ་བ། ཁངས་ཆར་དང་མཱ་ཇག་གི་འཇིགས་པ། གྲལ་རིམ་གྱི་འཐབ་རྩོད་དང་སྐྱེ་ཁམས་ཀྱི་གཏོར་བརླག་སོགས་སྡེ་དོན་ཚོ་དོན་དང་། བུ་སྐྱེས་པ་དང་མནའ་མ་ལེན་པ། རབ་བྱུང་སྒྲུབ་པ་དང་ཡབ་མེས་ཀྱི་ཕུ་དུད་སོགས་མི་བུ་དང་ཁྱིམ་ཚང་གི་དོན་དག་བཅས་མི་རིགས་ཤིག་གི་ལོ་རྒྱུས་དང་གོམས་གཤིས་དང་བསམ་པའི་འཁྱེར་སོ་སོགས་ཆེ་ཕྲ་མང་བོ་མི་རབས་གསུམ་གྱི་ལོ་རྒྱུས་ཀྱི་སྲད་བུར་བརྒྱུས་ནས་སྟོན་དུས། དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་དངོས་མ་ལྟར་རྒྱས་པའི་ཞིབ་འབྲི་མེད་ཀྱང་། བྱེ་བྲག་གི་དོན་དག་གང་ཡིན་ཡང་ཚོར་ཐུབ་པ་དང་འཛིན་ཐུབ་པ། མྱོང་ཐུབ་པ་དང་རེག་ཐུབ་པ་ཞིག་ཏུ་བྱུང་འདུག་པ་ནི་བསྙོན་འདིང་མི་ནུས་པས། དེ་ལྟའི་སྒྱུ་རྩལ་གྱི་འབྲས་བུ་ནི་སྒྲིག་གཞིའམ་རྟེན་འབྲེལ་ལས་བྱུང་བར་གོ་མ་ཆག

  གསུམ་པ། གབ་དཔེ་ཡིས་རྩོམ་གྱི་ནང་དོན་ཀློང་ཡངས་སུ་བརྡལ་བ།

  བརྩམས་སྒྲུང《མེས་པོ》ཡི་ཁྲོད་ཀྱི་དང་བོ་རྨ་གཞུང་ནས་ཆད་དེ་རྩེ་གཞུང་དུ་རུ་ལ་ཡོང་བ་དང་། ཐོག་མའི་སྐབས་དེ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་གཙང་ཞིང་། ནང་བཅུད་ཀྱི་སེམས་ཅན་ཀྱང་དག་པའི་བསྐལ་བ་ཞིག་དང་། དེ་ནས་རིམ་གྱིས་སྐྱ་བོ་དང་ལྷ་སྡེ་འོངས་སྟེ་བཟོ་ཚོང་རིག་གནས་ཀྱིས་ས་རྩེ་གཞུང་གི་སྣོད་བཅུད་གཉིས་ཀ་བསླད་པ་དང་། མི་རབས་དང་བོ་འབྲུག་ཐར་ནི་གོམས་གསུམ་སྤོས་ན་ས་འགུལ་སློབ་ཐུབ་པ་ཞིག་ནས། མི་རབས་གསུམ་པ་ཚེ་རིང་རྣམ་རྒྱལ་གྱིས་དམག་དར་ས་ལ་གཡུག་ནས་ཝ་བྲོས་བརྒྱབ་པ་སོགས་ནི་རྩེ་གཞུང་སྡེ་བའི་བྱེ་བྲག་པའི་གཏམ་རྒྱུད་ཡིན་པ་མ་ཟད། དེ་ཉིད་སྡེ་བ་བྱེ་བྲག་པ་ཞིག་གི་འཚོ་བ་ལས་འགོངས་ཏེ་བོད་མི་རིགས་ཀྱི་བཙན་པོའི་རྒྱལ་རབས་ནས་ད་ལ་ཐུག་གི་བར་གྱི་སྤྱི་ཚོགས་ལོ་རྒྱུས་ཀྱི་འགྱུར་བ་མཚོན་པ་ཞིག་ཏུའང་གྱུར་ཡོད།

  ཆུང་ས་ནས་ཀྱང་། མཇུག་གི་ཨ་བྲའི་འཇིགས་པ་དང་། བར་གྱི་སྐྱ་བོ་རྣམས་འོངས་པ་དང་། མགོ་མཇུག་གཉིས་ན་སྲམ་ཞིག་བྱུང་ཡོད་པ་དང་། མགོ་མཇུག་བར་གསུམ་དུ་ཡོད་པའི་ཡ་མཚན་པའི་མེས་པོསོགས་ནི་རྩེ་གཞུང་སྡེ་བའི་ལོ་རྒྱུས་ཁྲོད་ཀྱི་དངོས་དོན་རང་མཚན་པ་ཡིན་པར་མ་ཟད། སོ་སོ་རང་ལས་འགོངས་ཏེ་དོན་གཞན་གྱི་ཁོངས་སུ་བསྲིངས་པ་དང་བསྲིངས་རུང་གི་ཆ་ཡོད་པ་ཞིག་ཀྱང་ཡིན། དཔེར་ན། མེས་པོ་ཡི་ཡིད་བརྙན་ལ་མཚོན་ན། ཕྱོགས་གཅིག་ནས་རང་ཉིད་བརྒྱུད་ནས་སྲི་ཞུ་བྱེད་མཁན་གྱི་དག་གཙང་གི་སེམས་པ་དང་མི་རིགས་ཤིག་གི་ཡ་རབས་ཀྱི་སྤྱོད་ལམ་མཚོན། ཡང་གཅིག་ནས་རང་ཉིད་གཞན་གྱིས་ཁུར་དགོས་པས་ཁུར་བོ་ཞིག་ཀྱང་ཡིན་པས་ན། མེས་པོ་དེ་ཁྱིམ་ཚང་གང་གི་རྒས་འཁོགས་སུ་གྱུར་བའི་གང་ཟག་མེས་པོ་དེ་ཡིན་པ་མ་ཟད། མི་རིགས་རིག་གནས་ཀྱི་མཚོན་དོན་དུའང་གྱུར་ཡོད།

  དེ་བཞིན། 《མེས་པོ》ཡིས་རྩེ་གཞུང་སྡེ་བའི་མི་རབས་གསུམ་མམ་ཡང་ན་བསྐལ་བ་ཆགས་པའི་འཚོ་བ་ཞིག་བྲི་བ་ཡིན་ཡང་། ཡུན་དེ་འདྲའི་རིང་མོ་ཞིག་གི་འཚོ་བ་དེའི་གཞུང་རྟ་བླ་མ་དང་དགོན་པ་དང་ཡོན་བདག་གི་འབྲེལ་བས་གྲུབ་ཡོད་པ་འདི་ཡང་བོད་ལ་མཚོན་ན་འཚོ་བའི་སྡོམ་ཆིངས་ཡིན་པ་མ་ཟད། ལྷུག་བརྗོད་འདིར་བོད་ཀྱི་ལོ་རྒྱུས་དྲིལ་བསྡུས་སུ་སྟོན་པའི་མཚོན་དོན་གྱི་དོན་སྙིང་ཆེ་བར་ཡོད། ཀྲུང་གོའི་དེང་རབས་ལོ་རྒྱུས་སུ་ལུའུ་ཞུན་གྱིས་སྨྱོན་པའི་འཚོ་བ་བྲི་བའི་ཤུགས་ནས་ཀྲུང་གོའི་ལོ་རྒྱུས་དེ་མདོར་དྲིལ་སྟེ“མི་ཟན”གྱི་སྟེང་བཞག་པ་དང་། 《ཉིན་གཅིག་གི་ཆོ་འཕྲུལ》གྱིས་གཡང་འབུམ་གྱི་མི་ཚེ་གཅིག་གི་འཚོ་བ་བྲི་བའི་སྒོ་ནས་བོད་ཀྱི་ལོ་རྒྱུས་ལ“ཟོག་རྗེས”ཀྱི་སྟེང་ནས་སྡོམ་ཆིངས་བརྒྱབ་པ་ལྟ་བུའི་གནད་དུ་བསྣུན་ལ་འདྲིལ་ཆེ་བའི་ཆེ་བ་འདུག་སྙམ།

  འདི་ལྟར་བྱེ་བྲག་གི་འཚོ་བ་བྲི་བ་གང་དེར་འཚོ་བ་རང་ཉིད་སྟོན་པའི་ནུས་པ་ལས་གཞན། རང་ལས་འགོངས་ཏེ་དོན་གཉིས་པའམ་དུ་མ་ལ་འཇུག་རུང་བའི་བྱེད་པ་འདིས་རྩོམ་གྱི་ནང་ཁོང་བསྐྱེད་ནས་ཡོད་དེ། གཅིག་གིས་དུ་མའི་གོ་ཆོད་པས་ན་སྤྱིར་བཏང་གི་རྗོད་བྱེད་གཅིག་གིས་བརྗོད་བྱ་གཅིག་སྟོན་པའི་རྗོད་ངག་གི་ནུས་པ་ལས་རིང་དུ་འདས་ནས་ཡོད། རྗོད་ངག་གཅིག་གིས་དོན་དུ་མ་སྟོན་པ་འདི་མདའ་གཅིག་གིས་ཤ་བོ་གཉིས་ཟེར་བ་ཇི་བཞིན་པ་རེད། འདི་འདྲའི་མཚོན་སྟངས་ལ་དེང་རབས་ཀྱི་སྙན་ངག་རིག་པའི་ཁྲོད་གབ་དཔེ(隐喻)ཞེས་སུ་འབོད།

  གབ་དཔེ་འདི་སྤྱིར་ན་དཔེ་དོན་གྱི་སྦྱོར་བ་ཞིག་ཡིན་པས་བོད་ཀྱི་དཔེ་གཟུགས་ཀྱི་རྒྱན་དང་མཚུངས་པ་ཡིན་ཡང་། དཔེ་ཡི་ཤུགས་ཀྱི་དཔེ་ཅན་དེ་གསལ་བོ་མིན་ལ་དཔེ་ཅན་དེ་ཁོ་ན་ཡིན་པའི་ངེས་གཏན་ཡང་མེད་པར་དོན་དུ་མར་འཇུག་རུང་དུ་ཡོད་པ་ནི་དཔེ་རྒྱན་དང་གཟུགས་རྒྱན་ལ་བལྟས་པའི་ཁོའི་ཁྱད་ཆོས་གཙོ་བོ་ཡིན། “གསལ་བར་བཤད་ན། གབ་དཔེ་ཡི་སྒྲིག་གཞིས་ཚིག་ཟིན་གྱི་དོན་དང་དེའི་ཤུགས་བསྟན་དུ་རུང་བའི་དོན་གཉིས་བར་གྱི་བར་ཐག་ཚད་མེད་དུ་བསྲིངས་ཏེ། མཆེད་སྟོབས་ཆེ་བའི་བར་སྟོང་གྲུབ་པར་བྱས”ཡོད། དཔེ་དོན་བར་གྱི་འབྲེལ་བའི་ཐད་ནས་ཚད་མེད་དུ་རྒྱང་བསྲིངས་པས་ན། དཔེ་ལས་དོན་བདེ་བླག་ཏུ་འཛིན་མི་ཐུབ་ཅིང་སྒོས་སུ་དཔེ་དེ་དོན་གཅིག་ཁོ་ནའི་དཔེ་མ་ཡིན་པར་དཔེའི་ཁོང་ནས་དོན་དུ་མར་འཇུག་རུང་བས། གབ་དཔེ་ཡི་སྦྱོར་བ་འདིས་མ་གཞི་ནས་དོན་གྱི་ཀློང་ཡངས་སར་བརྐྱངས་པར་བྱེད་པ་ཡིན།

  གབ་དཔེ་འདི་བོད་ཀྱི་རྩོམ་གཞུང་དང་སྦྱོར་རྒྱུ་ཡིན་ན། དཔེ་གཟུགས་ལས་ཀྱང་སྦྱར་རྒྱན་དང་ཉེ་ཆེ། མེ་ལོང་མའི་རྩ་བར། སྒྱུར(སྦྱར)བ་གཟུགས་གཅིག་ལྡན་པའི་ཚིག། དུ་མའི་དོན་ཅན་ཉིད་དུ་འདོད༎ཅེས་རྒྱ་གར་སྐད་བཞིན་གྱི་སྒྲའི་གཟུགས་གཅིག་དེ་བོད་དུ་མི་འཕྲོད་ཀྱང་། ཚིག་གཅིག་གམ་ཡང་ན་རྗོད་ངག་གཅིག་དོན་དུ་མ་ལ་འཇུག་པའི་གོ་དོན་འདི་ནི་གབ་དཔེ་ཡི་དོན་གཙོ་བོ་གཅིག་ཡིན། གོང་དུ་བསྟན་པའི《མེས་པོ》ཡི་ནང་གི“མེས་པོའམ་སྐྱ་བོ”སོགས་ནི་དེ་ལྟར་སོ་སོར་ཚིག་ཟིན་གྱི་དོན་དུ་མ་ཟད་པའི་དོན་དུ་མར་འཇུག་རུང་གི་བར་སྟོང་ཡོད་པར་མ་ཟད། ད་དུང་དོན་གང་ཡིན་དེ་བྱེ་བྲག་གི་དོན་གཅིག་ལས་འདས་ཏེ་ཀློང་ཡངས་སར་འཇུག་རུང་དུ་ཡོད་པས། ཡིད་བརྙན་དག་ལ་མཆེད་སྟོབས་ཡོད་ལ་བསམ་ཡན་གྱི་དཔྲག་བར་ཆེར་ཕྱེ་ནས་ཡོད། གབ་དཔེ་ཡི་གཞུང་དོན་ལ་འཁྲིལ་ནས་མཐའ་དཔྱོད་ཅིག་བྱ་ན། 《མེས་པོ》ཡི་གོང་བསྟན་གྱི་ཡིད་བརྙན་དེ་དག་གི་དཔེ་དོན་བར་གྱི་བར་ཐག་ཚད་མེད་དུ་རྒྱང་བསྲིངས་པ་ཞིག་ད་དུང་མ་རེད། རཱེ་ཆ་ཚི་ཡིས་བཤད་ན། གབ་དཔེ་ཡི་མཆེད་སྟོབས་ཀྱི་ཆེ་ཆུང་སྟེ་གབ་དཔེ་ཡི་ནུས་པའི་ཆེ་ཆུང་ནི་གབ་དཔེ་ཡི་སྒྲིག་གཞིའི་མཐའ་གཉིས་ན་ཡོད་པའི་ཡུལ་ཅན་གཉིས་ཀའི་བར་གྱི་བར་ཐག་གིས་ཐག་གཅོད་པ་ཡིན་པ་ལ། ཨ་བྲ་དང་སྐྱ་བོ་དཔེ་རུ་བྱས་པའི་མཐའ་དང་། སྐྱེ་ཁམས་ཀྱི་གཏོར་བརླག་གམ་ཡང་ན་སྙིགས་མའི་རང་རྟགས་དོན་དུ་བྱས་པའི་མཐའ་གཉིས་ཀྱི་བར་ཐག་ནི་ད་དུང་དེ་འདྲའི་རྒྱང་རིང་དང་སྦ་གསང(隐秘)ཅན་ཞིག་མ་རེད། ཡིན་ན་ཡང་། མེས་པོ་དང་། སྲམ། མེ་མདའ། མི་སྐྱ་བོ། བཟོ་གྲྭ་སོགས་ཀྱིས་མཚོན་པའི་གབ་དཔེ་ཡི་སྦྱོར་བ་སྒྲུང་གི་ནང་དུ་ཐོན་ཅིང་། མེས་པོ་སོགས་མེས་པོ་རང་ཡིན་པ་མ་ཟད་ད་དུང་དོན་དེ་ལས་འགོངས་པའི་དོན་གཉིས་པ་ཡང་ཡིན་པས། དེའི་བྱེད་པས་རྩོམ་གྱི་ནང་དོན་ཀློང་ཡངས་སུ་བརྡལ་བ་ཡོད་པར་བསྙོན་འདིང་མི་ཐུབ་ལ། དེ་ཉིད་རྩོམ་འདིའི་མཚོན་ཐབས་ཀྱི་ཁྱད་ཆོས་སུ་གྲུབ་པའང་མངོན་སུམ་རེད།

  དེར་མ་ཟད་སྒྲུང་གཏམ་གྱི་སྐད་ཆར་ཡང་། བསྲིས་ཚགས་ཅན་དང་། གནད་དུ་བསྣུན་པ་དང་། གཟུགས་མེད་ཀྱི་མིང་ཚིག་སོགས་ནུས་སྟོབས་ཆེ་བའི་ཁྱད་ཆོས་ཡོད་པས། དུས་ཚོད་རིང་བོའི་འཚོ་བ་མཚོན་པ་ལ་ཕན་རླབས་གང་ཆེ་ཐོན་ཡོད་ཀྱང་། སྒྲུང་གཏམ་གྱི་སྐད་ཆའི་སྐོར་འདི་གཞན་དུ་ཆེད་དམིགས་ཀྱི་དཔྱད་རྩོམ་ཞིག་འབྲི་འདོད་ཡོད་པས། འདིར་མིང་ཙམ་སྨོས་པས་ཆོག་པར་བྱ།

  དེ་ལྟར《མེས་པོ》ཡི་འབྲི་ཐབས་ཀྱི་ཐད་ན་དངོས་སུ་ནས་འདུ་ཆེ་བ། འཕྱོངས་ཆེ་བ། ཆོད་ཆེ་བའི་ཕན་རླབས་ཅན་གྱི་ནུས་ཤུགས་ཡོད་པས། ལོ་རྒྱུས་རིང་མོ་ཞིག་སྒྲུང་འབྲིང་རིང་མོ་ཞིག་གི་ཡིག་ཚོགས་ཀྱིས་བདེ་བླག་གིས་མཚོན་ཐུབ་པར་གྱུར་ལ། འབྲི་ཐབས་འདིར་འཚོལ་རྟོག་གི་རང་བཞིན་དང་གསར་གཏོད་ཀྱི་རང་བཞིན་ཡོད་པ་མ་ཟད། བོད་ཀྱི་སྒྲུང་གཏམ་གསར་རྩོམ་ལ་བལྟ་སའམ་མིག་དཔེར་རུང་བའི་ལེགས་ཆའང་འདུག་སྙམ།

                                2023ལོའི《སྦྲང་ཆར》དེབ་གསུམ་པ་ལས་བདམས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལོ་རྒྱུས་ཀྱི་བསྡུས་གཟུགས།---《མེས་པོ》ཡི་འབྲི་ཐབས་ལ་དཔྱད་པ།

2023-10-20 བདུད་ལྷ་རྒྱལ།(ལན་ཀྲུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།