སྒྲུང་རིང《མེས་པོ》ཡི་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་ལ་དཔྱད་པ།

བདུད་ལྷ་རྒྱལ།(ལན་ཀྲུ) 琼迈文学网 2024-05-03

  ནང་དོན་གནད་བསྡུས། བརྩམས་སྒྲུང《མེས་པོ》ཡི་ནང་དོན་ནི་ཕུན་སུམ་ཚོགས་པ་ཞིག་སྟེ། རྩོམ་གྱིས་མི་རིགས་ཀྱི་ལོ་རྒྱུས་རིང་མོ་ཞིག་ལ་ལྷུག་བརྗོད་བྱས་འདུག སྤྱིར་མི་རིགས་ལོ་རྒྱུས་ལྟ་བུའི་བསྟན་བྱའི་ནང་དོན་རྒྱ་ཆེན་པོ་དེ་འདྲ་སྟོན་པར་རྩོམ་པ་པོ་སོ་སོས་དངོས་འབྲི་ལས་འདས་པའི་འབྲི་ཐབས་སྣ་ཚོགས་ལ་འཚོལ་དཔྱོད་བྱས་ཡོད། 《མེས་པོ》ཡིས་གཙོ་བོར་འདུ་སྟོབས་ཆེ་བའི་འབྲི་ཐབས་འགའ་ལྷུར་བླངས་ཡོད་དེ། འདེམས་སྒྲུག་བྱས་པའི་འཚོ་བའི་ཕྲ་རབ་ལ་མཚོན་སྟོབས་ཡོད་པ་དང་། མང་སྣ་ཉུང་གིས་ལེན་ཐུབ་པའི་སྒྲིག་གཞི། ཚད་ཡོད་ཀྱིས་ཚད་མེད་ཀྱི་གནས་སུ་བསྲིངས་ཐུབ་པའི་སྐད་ཆའི་སྦྱོར་བ་བཅས་ཀྱིས་རྩོམ་ཉིད་འདུ་ཆེ་བ་ཞིག་ཏུ་བྱས་ཡོད་ལ། དེ་ཉིད་བོད་ཀྱི་བརྩམས་སྒྲུང་གསར་རྩོམ་གྱི་མིག་བལྟོས་སུ་གྱུར་ཡོད། འདིར་《མེས་པོ》ཡི་བརྩམས་སྒྲུང་གི་སྐད་ཆའི་ཁྱད་ཆོས་ལ་ཕྱོགས་བཞི་ནས་དམིགས་ཀྱིས་དཔྱད་ཡོད།

  གནད་ཚིག 《མེས་པོ》བརྩམས་སྒྲུང་གི་སྐད་ཆ། གནད་དུ་བསྣུན་པའི་སྐད་ཆ།

  རི་མོའི་རྒྱུ་ཆ་ནི་ཐིག་དང་མདངས་ཡིན་པ་དང་། རོལ་དབྱངས་ཀྱི་རྒྱུ་ཆ་ནི་དབྱངས་རྟ་ཡིན་པ་ལྟར། རྩོམ་རིག་གི་རྒྱུ་ཆ་ནི་སྐད་ཆ་ཡིན་པས་དེ་ལ་སྐད་ཆའི་སྒྱུ་རྩལ་ཞེས་སུ་འབོད། 《མེས་པོ》ལ་འདུ་སྟོབས་ཡོད་དེ་ལོ་རྒྱུས་ཀྱི་བསྡུས་གཟུགས་ཡིན་པའི་མཛེས་སྣང་བྱུང་བ་ཡིན་ན། དེ་ཉིད་རྩོམ་རང་ཉིད་ཀྱི་གྲུབ་རྒྱུ་སྐད་ཆ་ལའང་རག་ལས་ཡོད་ངེས། འདིའི་ཐད་ནས་བརྟག་ན། ང་ཚོས《མེས་པོ》ཡི་བརྩམས་སྒྲུང་གི་སྐད་ཆའི་ཁྱད་ཆོས་འགའ་ཞིག་མཐོང་ཡོང། སྤྱིར་ན་ང་ཚོ་ཚང་མས་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན་ཞེས་དུས་དང་རྣམ་པ་ཀུན་ཏུ་བཤད་བཞིན་ཡོད་ཀྱང་། དོན་གྱིས་དེ་ཉིད་སྐད་ཆའི་ཚིག་གི་སྦྱོར་བ་ཙམ་མམ་ཚིག་གི་སྙན་ཆ་ཙམ་ལ་གོ་བ་ལས་འདས་མེད། དེ་བས་བོད་ཀྱི་བརྩམས་སྒྲུང་གསར་རྩོམ་གྱི་སྐད་ཆ་དང་བརྩམས་སྒྲུང་ཞིབ་འཇུག་གི་སྐད་ཆ་གཉིས་ཀའི་ཆར་གནད་དོན་ཆེན་པོ་གནས་ཡོད། ཐ་ན་བསྟན་བཅོས(གཞུང་ལུགས)ཀྱི་སྐད་ཆ་དང་རྩོམ་རིག་གི་སྐད་ཆའི་ཁྱད་པར་ཀྱང་ཤོད་ཐུབ་མེད་ལ། དེ་གཉིས་ཀྱི་ཁྱད་པར་ལ་འདུ་ཤེས་ཀྱང་ཡོད་མི་འདུག དྲང་མོར་བཤད་ན། དཔྱད་རྩོམ་འདིར། སྒྲུང་རིང《མེས་པོ》རང་སྟེང་གི་སྐད་ཆའི་ཁྱད་ཆོས་ཇི་བཞིན་པ་བཤད་པ་བས་ཀྱང་། 《མེས་པོ》ལ་འཁེན་ཏེ་བོད་རྩོམ་ཧྲིལ་བོའི་སྐད་ཆའི་གནད་དོན་ལ་གླེང་སློང་འདོད་པ་ཡིན།

  ༡ ངོས་གཙང་བའི་སྐད་ཆ། (ཡང་ན་བསྲིས་ཚགས་ཅན་གྱི་སྐད་ཆ)

  རྒྱ་གར་རིག་གནས་བོད་དུ་དར་བ་དང་བསྟུན། རིགས་ལམ་ཇེ་ཞིབ་དུ་ཕྱིན་པའི་བསམ་གཞིགས་དང་གཏན་ཚིགས་ཕྲ་མོའི་དགོས་དབང་གིས་བོད་ཀྱི་སྐད་ཆའི་སྦྱོར་བ་ལའང་འགྱུར་བ་བྱུང་སྟེ། ཕྲད་དང་རྣམ་དབྱེའི་སྦྱོར་བ་ཇེ་མང་དུ་གྱུར། ལྷག་པར་ཏུ་ཚིག་ཐུང་སྦྲེལ་བྱེད་ཀྱི་ཕྲད་ཀྱི་སྦྱོར་བ་ཇེ་མང་དུ་ཕྱིན་ནས་ཚིག་སྣ་རིང་བོ་དང་ཚིག་ཚོགས་ཇེ་མང་དུ་ཕྱིན་ཏེ། སྐད་ཆའི་རིགས་རྟོག་གི་ཆ་ཇེ་ཆེར་ཕྱིན་པ་དང་། གཏན་ཚིགས་རང་བཞིན་ཇེ་ཆེར་ཕྱིན། བཙན་པོའི་དུས་ཀྱི་སྐད་ཆ་ནི། “གནམ་གྱྀ་ནི་དབུས། ས་འྀ་ནི་དཀྱིལ། གླྀང་གི་ནི་སྙིང་པོ། གངས་ཀྱི་ནྀ་ར་བ། ཆུ་བོ་ཀུན་གྱི་ནི་མགོ་བོ། །རི་མཐོ་ས་གཙང་། ཡུལ་བཟང་། མྱི་མཛངས་ཤིང་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད།”ལྟ་བུའི་ཚིག་དང་ཚིག་གི་བར་དུ་ཕྲད་ཀྱི་སྦྱོར་བ་མེད་པས་ཚིག་ཚོགས(从句)མང་བོ་མེད་ལ། གཙོ་བོའི་ཚིག་གང་ལ་རྒྱན་ཚིག་མང་བོ་མེད་པར་ཚིག་སྣ་ཐུང་བ་ལ། ཕྱིས་སུ། དཔེར་ན། “དེ་ནས་བླ་མ་དང་ཡི་དམ་རྣམས་ཀྱིས་དངོས་དང་རྨི་ལམ་ཅི་རིགས་པར་རབ་ཏུ་བྱུང་ན་བསྟན་པ་དང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་བསྐུལ་བ་ལ་བརྟེན་ནས། ཕལ་ཆེན་སྡེ་བའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་སྦྱོར་བའི་ལམ་གྱི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེས་འཛིན་བརྙེས་པ་ཞིག་ལ་མཁན་པོ་མཛད་ནས་རབ་ཏུ་བྱུང་སྟེ་མཚན་དཔལ་མར་མེ་མཛད་ཡེ་ཤེས་ཞེས་བཏགས་སོ།།”ཞེས་པ་ལྟ་བུའི་ཚིག་ཚོགས་མང་ཞིང་ཚིག་སྣ་རིང་བའི་ཚིག་སྦྱོར་བོད་ཀྱི་བསྟན་བཅོས་ཀྱི་སྐད་དུ་གྲུབ།

  གཞུང་ལུགས་ཀྱི་བདག་ཉིད་ཅན་གྱི་བསྟན་བཅོས་ནི་གཏན་ཚིགས་གསལ་བ་ཅན་ཡིན་དགོས་པས། ཕྲད་དང་རྣམ་དབྱེའི་སྦྱོར་བས་ཏག་ཏག་རིག་པའི་ཞིབ་ཆ་དེ་ཉིད་ཀྱི་དགོས་མཁོ་སྐོང་ཐུབ་པ་ཡིན། ཚིག་སྣ་ཐུང་ཞིང་ཕྲད་ཀྱི་སྦྱོར་བ་ཉུང་བའི་ཚིག་རྐྱང་གིས་ནི་དོན་དེ་འགྲུབ་པར་མི་འགྱུར་བས། ཚིག་སྣ་རིང་ཞིང་ཚིག་ཚོགས་མང་པོའི་སྐད་ཆ་བོད་ཀྱི་བསྟན་བཅོས་ཀྱི་སྐད་དུ་གྲུབ་པ་རེད། འོན་ཀྱང་། རྩོམ་རིག་ནི་དེ་ལྟའི་རིག་པ་གཏན་ཚིགས་ལ་བརྟེན་པ་མ་ཡིན་པས། གཏན་ཚིགས་གསལ་བྱེད་ཀྱི་ཕྲད་དང་རྣམ་དབྱེ་ཡང་བལྟོས་འཇོག་གིས་དགོས་ངེས་ཅན་མ་ཡིན་ལ། རྩོམ་རིག་ནི་མ་གཞིར་རྟོག་མེད་དབང་ཤེས་ཀྱི་ཡུལ་དུ་གྱུར་བས། རྟོག་བཅས་ཀྱི་གཏན་ཚིགས་དང་འགལ་ཟླར་གནས་ཡོད་པ་ལ་རྩོམ་རིག་གི་བསྟན་བཅོས་རང་ལ་རང་ཉིད་ཀྱི་ཚིག་གི་སྦྱོར་བ་ཞིག་ཡོད་པ་ཡིན། ཚིག་ཚོགས་མང་བོ་མེད་པའི་ཚིག་སྣ་ཐུང་བ་འདི་རྩོམ་རིག་ལ་ཤིན་ཏུ་འཚམས་པ་ཡིན།

  “དེ་དུས་ཁོ་ཚོ་འབྲོག་ཁྱིམ་བརྒྱ་ལྷག་གིས་ཆུ་ཕྲན་གྲངས་མེད་བཅད། ཡངས་པའི་དབེན་ཐང་བརྒྱུད། ལ་ལུང་མང་བོ་བརྒལ་ནས་ས་རྩེ་གཞུང་ལ་སླེབས་དུས་བོད་ཟླ་བཞི་བ་ཡིན་པ་དང”ཟེར་བ་ལྟ་བུ་དང་། ཡང་། “གང་ལྟར་མི་ཕྱུགས་གཉིས་ཀས་ཉིན་གཉིས་ལ་ངལ་གསོ་བྱས་རྗེས་སླར་ཡང་བྲོ་ཁ་བཟུང་ནས་ལམ་ལ་ཆས། སྡོང་བོ་སྦོམ་པོ་རྣམས་དྲུད་ནས་ཡོང་། ཕྲ་མོ་རྣམས་བཀལ་ནས་ཡོང་། དང་ཐོག་ཁལ་མ་ཚོའི་སྐེ་ནས་ཁྲག་བཞུར། རྒྱབ་ནས་རྣག་བཞུར། སླར་ཡང་རྨ་ཁ་སོས་ནས་སྟེང་ལ་ཀོ་དྲེག་འཐུག་པོ་རེ་ཆགས།” ལྟ་བུ་ཡང་དེ་ལྟར་དུ་རྒྱན་ཚིག་གིས་སྤྲས་པའི་ཚིག་ཚོགས་མང་བོ་མེད་ཅིང་། ཕྲད་ཀྱིས་མུ་ནས་མུར་སྦྲེལ་བ་མེད་པའི་ཚིག་སྣ་ཐུང་བའི་ཚིག་གི་སྦྱོར་བ་ཡིན་པས། འདིས་ངོས་གཙང་བ་ལྷག་མ་མེད་པའི་མཛེས་སྣང་སྦྱིན་འོངས། དེང་འདིར་བཙན་པོའི་དུས་ཀྱི་སྐད་ཆ་ལ་མོས་གུས་བྱས་ནས་ལད་མོ་བྱེད་པ་དང་། བསང་མཆོད་ཀྱི་སྐད་ཆ་ལ་ཡི་རངས་བྱེད་པ་མང་དུ་འབྱུང་བའི་རྒྱུ་མཚན་ཡང་འདི་ཡིན།

  ༢ གནད་དུ་བསྣུན་པའི་སྐད་ཆ།

  ཚིག་ཚོགས་མེད་ཅིང་ཚིག་སྣ་ཐུང་ཡང་རང་ཉིད་ཀྱི་བརྗོད་བྱའི་་གནད་དུ་བསྣུན་མ་ནུས་ཚེ། རྗོད་ངག་དེ་ཉིད་ནུས་མེད་རོ་རུ་གྱུར་བ་རེད། རྩོམ་རིག་གི་སྐད་ཆ་གང་ཡིན་ཡང་བརྗོད་བྱ་མི་སྟོན་པ་ཞིག་ཡོད་མི་སྲིད་པས་རོ་རུ་གྱུར་བ་ཉུང་ཡང་། གནད་དུ་བསྣུན་རྒྱུ་ནི་སླ་མོ་ཞིག་མིན། དོན་འདི་སའོ་ཞེར(索绪尔)གྱི་སྐད་བརྡ་རིག་པ་དང་། སྒྲིག་གཞིའི་རིང་ལུགས་ཀྱི་སྐད་བརྡ་རིག་པའི་ལུགས་ཀྱི་རྗོད་བྱེད(能指)དང་བརྗོད་བྱ(所指)ཡི་ཐ་སྙད་ཀྱིས་བཤད་ན་བཤད་བདེ་སྙམ་སྟེ། མཛེས་སྡུག་ཡིད་དུ་འོང་བའི་བུ་མོ་ཟེར་བ་ལྟ་བུའམ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཟེར་བ་ལྟ་བུ་ནི། རྗོད་བྱེད་ཚིག་ལ་མ་གཞི་བརྗོད་བྱས་སྟོང་བ་མིན་ཡང་། རྗོད་བྱེད་ཚིག་འདིས་ང་ཚོའི་སྣང་ངོར་འཛིན་རྒྱུ་ཡོད་ལ་མྱང་རྒྱུ་ཡོད་པའི་དོན་རྡོག་པོ་གསལ་བོ་ཞིག་སྟོན་མི་ཐུབ་པས། རྗོད་བྱེད་འདིའི་བརྗོད་བྱ་ནི་ཁོང་སྟོང(空洞)ཡིན།

  སྤྱིར་ན་སྙན་ངག་གི་སྐད་ཆའི་སྦྱོར་བའི་ཁྲོད་ན་ཚིག་ཁྱིམ་དོ་མཉམ་གྱི་ཆེད་ཁ་སྐོང་གི་ཚིག་ནི་སྒྲའམ་སུ་སྒྲ་འབྱུང་བ་དང་། ཡང་ན་སྡེབ་སྦྱོར་མཉམ་ཕྱིར་ཚིག་བསྣན་པ་མ་གཏོགས་བརྗོད་བྱ་སྟོན་པ་ལ་ནུས་པ་ལྷག་པོ་མེད་པའི་མིང་ཚིག་གི་རོ་མང་བོ་བྱུང་བ་ནི་སྤྱིར་ན་བརྗོད་བྱས་སྟོང་བ་ཡིན། དེར་མ་ཟད་པའི་བརྩམས་སྒྲུང་དང་སྙན་ངག་གི་ཁྲོད་ན་ཚིག་གི་ཁྲ་ཁྲིལ་སྙན་ལ་མི་དམ་པའམ(华而不实)། ཚིག་རྒྱན་འཕྱོར་བོ་ནང་སྙིང་མི་མཁྲེགས་པའི་ཚིག་དང་རྗོད་པ་བྱུང་བ་དག་ནི་ནང་ཁོང་སྟོང་བའི་རྗོད་ངག་ཡིན།

  “གནམ་ཨ་སྔོན་སྔོ་ཞིང་བསངས་ལ། ས་དོག་མོ་བདེ་ཞིང་ཡངས། འབྲོང་སྟག་ཆུ་ཁའི་ནེའུ་གསིང་ཐོག་ཏུ་དཀར་སེར་དམར་སྔོ་ལ་སོགས་པའི་མེ་ཏོག་ཁྲ་ཆིལ་ལེར་འདུག་པ་དང་། དྭངས་ཤིང་བསིལ་བའི་ཆུ་ནང་ན་ཉ་ཕྲུག་མང་བོ་ཕར་རྐྱལ་ཚུར་རྐྱལ་བྱེད་ཀྱིན་འདུག” ཅེས་པ་དང་། “ནོར་ཁྱུ་རི་དེའུ་ཡི་སྟེང་ན་ཐར་ཐོར་ཏུ་འཆམ་བཞིན་ཡོད་པ་དང་། མཇུག་མ་རིང་བོས་ལུས་ཀྱི་སྟོད་སྨད་ལ་གཡུག་ཏེ་སྐོར་ཚོགས་སུ་འབབ་པའི་ཤ་སྦྲང་དག་བསྐྲོད་པར་བྱེད། ལྕེ་ནར་མོ་འཇམ་མཉེན་གྱི་རྩྭ་ཕུང་ཁྲོད་ཡང་དང་ཡང་དུ་བསྐྱོད་པ་དང་། ཡིད་ཚིམ་པའི་རྩྭ་སྔོན་ཞིག་ཁ་ལ་རེག་རྒྱུ་བྱུང་རྗེས་ཁ་ཆུ་དཀར་བོ་ཞིག་ཁ་ནས་ཐུར་དུ་རིང་བོར་འཕྱང་ལ། ཉི་འོད་ཁྲོད་དུ་འོད་ཀྲིག་ཀྲིག་བྱེད།” ཅེས་པའི་རྗོད་ངག་འདི་གཉིས་བསྡུར་ཚེ། སྔ་མ་ནི་རགས་ཆེ་སྟེ། ཆུ་ཁ་རུ་ནེའུ་གསིང་དང་དེའི་སྟེང་མེ་ཏོག་སྣ་ཚོགས་ཡོད་ཙམ་གྱི་ཤེས་བྱ་ལས། ཆུ་དང་ནེའུ་གསིང་བྲིས་པ་གང་དེས་ཀློག་པ་པོའི་རྟོག་མེད་ཀྱི་བློ་ངོར་སྒྲ་སྤྱིའམ་དོན་སྤྱི་གང་རུང་འཆར་བར་བྱེད་དཀའ་ལ། ཕྱི་མ་དེས་ནི་འཛིན་རེག་མྱོང་གསུམ་ཡོད་པ་ཅན་དུ་བྱེད་འགྲོ་བས། བསྡུར་ཏེ་བཤད་ན་རྗོད་ངག་སྔ་མའི་བརྗོད་བྱ་ཁོང་སྟོང་ཡིན། སྤྱིར་ན་ཚིག་རྒྱན་གྱིས་འཕྱོར་བོར་བྱས་པའི་ཚིག་དང་རྗོད་ངག་དག་ཚིག་མཛེས་ཤིང་རྣར་སྙན་ཡང་། དོན་སྟོན་པ་ལ་དོན་གྱི་གནད་མི་འབྱིན་པའམ་ནང་ཁོང་གསོབ་པའི་ཁོང་སྟོང་གི་སྐྱོན་འབྱུང་སྲིད།

  《མེས་པོ》ཡི་བརྩམས་སྒྲུང་གི་སྐད་ཆ་ཡོངས་སུ་ནས་ཁོང་སྟོང་མ་ཡིན་པར་སྦྲམ་ལ་ངོས་གཙང་བ་རེད་ཟེར་བ་མིན་ཏེ། སྐད་ཆའི་ཁྲོད་དེ་ལྟའི་གནད་དུ་བསྣུན་ཞིང་ངོས་གཙང་བའི་ཁྱད་ཆོས་ལྡན་པའི་སྐད་ཆ་འདུག་ཟེར་བ་ཡིན། དཔེར་ན་རྩོམ་ནང་རྩེ་གཞུང་སྡེ་བའི་བསང་མཆོད་སྐབས་ཀྱི་སྐྱེས་པ་དག་བྲི་བར“ཤིན་ཏུ་གནག་ཅིང་ཤ་གནད་རྒྱས་པའི་གདོང་དང་དཔུང་བའི་སྟེང་ལ་ཞོ་དང་འོ་མ་འཐོར་བ་ན་དོམ་ཁྲའི་ཁྱུ་ཞིག་དང་མཚུངས།”ཞེས་པ་ལྟ་བུ་དང་། ཆར་ཆེན་བབས་ཚུལ་བྲི་དུས“སྡེ་བའི་ལྷས་ནས་ཕྱུགས་ཟོག་གི་གཅིན་ལྕིས་སེར་ནག་ཏུ་བསྒྱུར་པའི་ཆུ་ཕྲན་ཕན་ཚུན་འདྲེས་ཤིང་མཇུག་མཐར་རྩེ་ཆུའི་ནང་ལ་བཞུར་ནས་གོས་ཡུག་དཀར་པོ་མཐའ་རྒྱན་སེར་པོ་ཅན་ཞིག་རླུང་གིས་བསྐྱོད་པ་ལྟར་བཞུར་སོང”ཞེས་པ་ལྟ་བུ་སོགས་ནི་མཚོན་བྱའི་ཁྱད་ཆོས་གསལ་ཐུབ་པའི་གནས་བབ་དངོས་བཟུང་ཡོད་པ་དང་། མཚོན་བྱེད་ཚིག་ལ་ཡུལ་ཅན་རྩོམ་པ་པོས་རང་སྟོབས་ཀྱིས་ཁ་ལོ་བྱེད་ཐུབ་པའི་སྒོ་ནས་ཟོག་གསོབ་ཀྱི་ཚིག་མེད་པར་སྐད་ཆ་སྦྲམ་ལ་དམ་པ། གྲིམ་ལ་འགྱིག་མོ་ཤ་སྟག་ཏུ་སྣང་།

  ༣ གཟུགས་མེད་ཀྱི་མིང་ཚིག

  སྤྱིར་ན་ངག་དང་རྗོད་པ་གང་ཡིན་ཡང་། མིང་དང་ཚིག་གི་རྗོད་བྱེད་ཀྱི་སྒྲས་རང་རང་གི་བརྗོད་བྱ་བསྟན་ཏེ་ཕ་རོལ་བོར་ལུང་དུ་སྟོན་པ་ཡིན་ཡང་། རྗོད་ངག་ལ་ལ་ཞིག་གིས་བརྗོད་བྱ་སྟོན་པར་དོན་དངོས་སུ་སྟོན་བྱེད་ཀྱི་ཚིག་གཅིག་མེད་པར་ཚིག་དང་རྗོད་ངག་གི་སྦྱོར་བའི་སྟོབས་ཀྱིས་དོན་སྟོན་པར་འགྱུར་བའི་བརྡ་སྤྲོད་ལུགས་ཀྱང་ཡོད། རྒྱ་མི་རིགས་ལ“སྐབས་འདིར་སྒྲ་མེད་སྒྲ་ལས་ལྷག”ཅེས་པ་ལྟ་བུའི་ལེགས་བཤད་ཡོད། འདི་ལྟ་བུ་ནི་ཕལ་ཆེར་སྙན་ངག་དང་སྙན་ཚིག་ལས་འབྱུང་བ་ཡིན་ཡང་། འདིའི་རིག་པ་དང་བརྡའི་ཆོས་ཉིད་བརྩམས་སྒྲུང་དང་བཅས་པའི་རྩོམ་རིག་གི་ལུས་གཞན་ལའང་སྦྱོར་དུ་བཏུབ་པ་ཡིན། སྡུད་ཆེ་བའི་རྩོམ་ཞིག་འབྲི་བ་ལ་འདི་ནི་དགོས་ངེས་ཀྱི་སྐད་ཆའི་ཐབས་རྩལ་ཞིག་ཡིན། མེ་ལོང་མའི་རྩ་བར། “བརྗིད་པ་ཚིག་སྡུད་མང་པོ་ཉིད།།འདི་ནི་ལྷུག་པ་དག་གི་གསོས༎”ཞེས་པའི་གོ་དོན་ལ་དེང་གི་སྙན་ངག་རིག་པའི་ངོས་ནས་འགྲེལ་བྱེད་ན། ཚིག་དང་རྗོད་པའི་ཁྲོད་ཀྱི་སྤྱིར་ན་དངོས་སུ་ཡོད་དགོས་པ་དགོས་དབང་གཞན་གྱིས་གནས་སྐབས་སུ་བསྡུས་ཤིང་། ཚིག་ལ་གོ་བ་ལེན་དུས་འབྲུ་སྣོན་དགོས་པའི་ཕྲད་དང་རྣམ་དབྱེ་དང་། དེ་ལས་ཀྱང་ཚིག་འབྲུ་སོགས་བསྡུས་པར་གོ་བ་བླང་ཆོག་པ་མ་ཟད། མིང་དང་ཚིག་འཕྲི་བ་མ་ཡིན་ལ་ཕྱིས་སུ་དངོས་སུ་བསྣོན་རྒྱུའང་མེད་ཀྱང་། བརྗོད་བྱའི་དོན་གང་དེ་མི་མངོན་པའི་ཚུལ་དུ་སྐད་ལྗོངས་ཀྱི་ཁྲོད་དུ་ཡོད་འདུག་པར་ཡང་གོ་ཆོག དེང་གི་འགྲེལ་ལུགས་འདི་སྐད་ཆའི་སྦྱོར་བའི་དངོས་ཡོད་གནས་ཚུལ་དང་ཡང་མཐུན་པ་ཡིན།

  དཔེར་ན། “'ཚང་མས་ཅི་ཡང་མ་བཤད་པས་ཁོས་དེ་བས་ཀྱང་སྐད་ཆེན་པོས་ཁྱོད་ཚོ་ལྐུགས་སོང་ངམ'ཟེར་ཞོར་གཡས་རྐང་གིས་ས་ལ་གཅིག་བརྡབས་པ་ན་ཚང་མར་ས་འགུལ་བྱུང་བ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་པ་དང……”ཞེས་པའི་ཚིག་ནི་རྐང་བས་ཤེད་ཀྱིས་ས་ལ་བརྡབས་པའི་དོན་སྟོན་པའི་ཚིག་ཟིན་ལས་ཆེར་འགོངས་ཏེ། འབྲུག་ཐར་གྱི་བརྗིད་རྔམ་དང་ཤེད་ཤུགས་དང་ཁྱད་འཕགས་སོགས་མཚོན་བྱེད་དུ་གྱུར་བ་དང་། “རྩེ་ཆུའི་འགྲམ་གཉིས་ཀྱི་སྡེ་བ་གཉིས་ནི་མྱ་ངམ་ཐང་གི་མེ་ཏོག་ནག་པོ་ལོ་འདབ་ལྗང་ཁུས་བརྒྱན་པ་གཉིས་དང་མཚུངས”ཞེས་པའི་དཔེ་མེ་ཏོག་ནག་པོ་ནི་མ་གཞི་ནས་དངོས་འདས་ཤིག་ཡིན་ཡང་། འདི་ནས་དཔེ་འདིས་སྲོལ་རྒྱུན་གྱི་དཔེ་དོན་གྱི་སྦྱོར་བ་ལ་མཚུངས་ཆོས་གསལ་བོ་ཞིག་བསྟན་དུ་ཡོད་པའི་དཔེ་འཇོག་ལས་འདས་པའི་བརྗོད་དོན་ཀློང་ཡངས་སར་འབྱམས་པར་བྱེད་པའི་ནུས་པ་འདུག དཔེའི་ཤུགས་ཀྱི་དོན་བཤད་པར་བརྩམས་ཚེ། དེ་ནི་དོན་མང་བོ་མཐའ་མེད་པ། རབ་རིབ་ངེས་གཏན་མེད་པ་ཞིག་ཡིན། ད་དུང་ཡང་། “གང་ལྟར་མི་ཕྱུགས་གཉིས་ཀས་ཉིན་གཉིས་ལ་ངལ་གསོ་བྱས་རྗེས་སླར་ཡང་བྲོ་ཁ་བཟུང་ནས་ལམ་ལ་ཆས། སྡོང་བོ་སྦོམ་པོ་རྣམས་དྲུད་ནས་ཡོང་། ཕྲ་མོ་རྣམས་བཀལ་ནས་ཡོང་། དང་ཐོག་ཁལ་མ་ཚོའི་སྐེ་ནས་ཁྲག་བཞུར། རྒྱབ་ནས་རྣག་བཞུར། སླར་ཡང་རྨ་ཁ་སོས་ནས་སྟེང་ལ་ཀོ་དྲེག་འཐུག་པོ་རེ་ཆགས།”ལྟ་བུ་ཡང་དེ་ལྟར་དུ། ཚིག་ཟིན་ལས་འདས་ཏེ་སྐད་ཆའི་སྦྱོར་བའི་དབང་གིས་སྡོང་བོ་སྦོམ་ཕྲ་མང་བོ། དཀའ་ལས་དཀའ་ཚེགས་མང་བོས། མི་ཟོག་གཉིས་ཀས། ཉིན་མོ་མང་བོ་ཞིག་ལ་དྲངས་པའི་དོན་སྟོན་པ་ཡིན་ཡང་། དེ་ཙམ་གྱི་ཆ་འཕྲིན་གྱིས་ག་ལ་ཟད།

  གཙང་སྨྱོན་གྱི་མི་ལའི་རྣམ་མགུར་དུ། མྱང་ཚ་དཀར་རྒྱན་ཀྱིས། “སྐམ་པ་གཡས་སུ་བོར། ཡོས་དཀྲུགས་གཡོན་དུ་བོར།” “སྐས་རིང་བ་ལས་བབས། ཐུང་བ་ལས་མཆོངས་ནས་ཕྱིར་ཐོན་སྟེ།”ཞེས་པའི་སྐད་ཆ་འདི་སྐམ་པ་དང་ཡོས་དཀྲུག་བོར་བའི་དོན་སྟོན་པ་ཙམ་ཞིག་མིན་པར། ཚིག་རང་ལས་མང་བའི་དོན་འདུ་ཞིང་བསྟན་པའི་ཚིག་སྦྱོར་ཞིག་ཡིན་པ་ལྟར།《མེས་པོ》རུ་འདི་ལྟའི་ཚིག་གི་སྦྱོར་བས་དོན་རྡོག་པོ་རེ་ལུང་དུ་སྟོན་པ་མ་ཟད། བརྗོད་དོན་མང་བོ་ཞིག་ལ་རང་སྟོན་བྱེད་ཀྱི་ཚིག་དངོས་མེད་ཀྱང་དོན་མངོན་ཡོང་བའི་སྐད་ཆའི་སྦྱོར་བ་ཡོད་པས་ན། ཚིག་དང་ཚིག་གི་བར་གསེང་ན་གཟུགས་མེད་ཀྱི་མིང་ཚིག་བསྐུང་འདུག་ཅེས་སྙན་ཚིག་གི་ལམ་ནས་བཤད་པ་ཡིན།

  ༤ རྒྱུས་མེད་ཅན་དུ་བྱས་པའི་འུད་བརྗོད་ཀྱིས་མཛེས་རྟོག་གི་ཡུལ་གསར་སྦོལ་བྱེད་པ།

  “གལ་ཏེ་ཁྲུང་ཁྲུང་གི་ཟླ་བོ་བསད་ན་ཅིག་ཤོས་ཀྱིས་ལྕགས་ཀྱི་ཡོབ་ཆེན་དགུ་ཟད་རེག་བར་དུ་དམོད་མོ་བྱེད་སྲིད”ཅེས་པའི་དུས་ཚོད་སྟོན་པའི་ཚིག་དེ་སྣང་བརྙན་ཅན་ཡིན་པར་མ་ཟད། བོད་ཀྱི་བསྟན་བཅོས་ཀྱི་ཁྲོད་དུ་མ་བྱུང་བའི་རྒྱུས་མེད་ཅན་དུ་བྱས་པའི་སྐད་ཆ་ཞིག་ཀྱང་ཡིན་པས། སྐད་ཆ(ཚིག)དེ་ལུང་དུ་སྟོན་པའི་ཆ་ནས་བརྗོད་དཀའ་བའི་སྤྱི་མཚན་གང་ཞིག་རང་མཚན་གསོན་ཉམས་ཅན་དུ་བྱས་པའི་ནུས་པ་ཡོད་པ་དང་། སྐད་ཆའི་སོ་རྙིང་གི་ཐད་ནས་བཤད་ན་མདོག་ཤོར་བའི་སྐད་ཆ་མ་ཡིན་པར་སོས་པ་དང་སོ་མའི་ཉམས་ཀྱིས་སེམས་ཀྱི་དང་བ་འདྲེན་ཐུབ་པའི་མཛེས་རྟོག་གི་ནུས་པ་ཉིས་ཆར་དུ་ལྡན་པའི་སྐད་ཆ་ཞིག་རེད། “རྨིག་པ་རེ་ན་འཁར་སླང་འདྲ་བ་རེ་ཡོད་པའི་རྟ་དཀར་བོ་ཞོན་པའི་མི་དཀར་པོ་ཞིག་གིས”ཞེས་པའི་དཔེ་དེ་ཡང་འུད་བརྗོད་ཀྱི་རྒྱན་གྱིས་སྤྲས་པ་ཞིག་ཡིན་ཡང་། ཚིག་འདིའི་བརྗོད་བྱ་ལྷ་མ་ཡིན་པ་ཡིན་པས་འུད་བརྗོད་དང་སྒྲོ་འདོགས་ཀྱི་ཞན་ཆ་ནུབ་སྟེ། དངོས་ཟོལ་ཟུང་དུ་འབྲེལ་བའི་སྒོ་ནས་ཕྱོད་ཆེ་བའི་སྐད་ཆ་ཞིག་ཏུ་གྱུར་ཡོད། དེ་བཞིན། བགྲེས་སོང་ཡི་དམ་གྱིས“ད་ང་རྒད་པོས་རི་འགུལ་ན་མིག་གིས་མི་རིག་གི དུང་བུས་ན་རྣ་བས་མི་གོ་གི”ཟེར་བ་ལྟ་བུའང་། ཁོ་རང་དངོས་གནས་རྒས་འཁོགས་ཞིག་ཡིན་པའི་སྟེང་ནས་བཤད་པས་ན་རང་གི་རྟེན་དང་མཐུན་པས། ཡིན་པ་ཡིན་པར་སྣང་བ་མ་གཏོགས། ལ་ལ་ཞིག་གི་གཏམ་བཤད་བཞིན་རང་གི་རྟེན་དང་མི་འཚམས་པའམ་གནས་སྐབས་དང་མི་འཚམས་པས་བདེན་པ་བོར་བའི་གཏམ་སྐྱོན་ཅན་དང་མི་འདྲ།

  མིང་དང་ཚིག་དང་གཏམ་དཔེ་ལ་ལ་ཞིག་མ་གཞི་ཡག་པོ་ཡིན་ཡང་། བཀོལ་སྤྱོད་མང་དུ་བྱས་ཤིང་བྱུང་རྒྱལ་དུ་བེད་སྤྱོད་བྱས་པའི་སྟབས་ཀྱིས་མདོག་ཤོར་ཏེ་རྒས་པ་ཡོད། སྐད་ཆ་ལ་རྒས་འགྱུར་ཡོད་པ་ཡིན། ཝང་འར་ཏིས་དང་པོར་བུ་མོའི་དཔེ་རུ་མེ་ཏོག་འཇོག་མཁན་དེ་མཁས་པ་ཡིན་ལ། ཐེངས་གཉིས་པར་དེ་ལྟར་དཔེ་འཇོག་མཁན་ནི་གྱི་ན་བ་ཞིག་དང་། ཐེངས་གསུམ་པར་ད་དུང་དེ་ལྟར་དཔེ་འཇོག་པ་ནི་བླུན་པོའོ་ཞེས་སྐད་ཆ་བེད་སྤྱོད་ཀྱི་ཆོས་ཉིད་ཅིག་བཤད་ཡོད། དེ་བཞིན་སྐད་ཆའི་རྒས་འགྱུར་གྱི་དོན་ལ་གཞིགས་ནས་ཨུ་རུ་སུའི་རྣམ་པ་རིང་ལུགས་པ་ཧྲི་ཁི་ལོ་ཧྥུ་སི་ཇིས(什克洛夫斯基)ནས་རྒྱུས་མེད་ཅན་གྱི་རིག་པ་བཏོན་ཡོད། 《མེས་པོ》རུ་འདི་ལྟའི་སྔོན་མའི་བསྟན་བཅོས་ཀྱི་ཁྲོད་མ་བྱུང་ལ་དམངས་ཁྲོད་དུ་ཡོད་པའི་མིང་དང་གཏམ་དཔེ་མི་ཉུང་བ་ཞིག་ཡོད་པ་ལ། སྐད་ཆ་དེ་དག་ལ་ཐོག་མར་བརྗོད་འདས་ཀྱི་དོན་འུད་བརྗོད་ཀྱིས་བསྟན་པས་སྨྲ་བརྗོད་ཀྱི་ཡུལ་དུ་བྱས་པའི་དགེ་མཚན་དང་། དེ་ནས་དེ་ཡང་རྟེན་དང་གནས་བབ་ལ་འཚམས་པས་བདེན་པ་མ་ཤོར་བའི་དགེ་མཚན་དང་། ད་དུང་སྔོན་གྱི་བསྟན་བཅོས་ཁྲོད་རྒྱུན་བཀོལ་དུ་མ་གྱུར་བའི་གསར་བ་དང་སོས་པའི་རྣམ་པ་ཡོད་པ་བཅས་ཀྱིས། བརྩམས་སྒྲུང་གི་སྐད་ཆ་ལ་མཛེས་རྟོག་གི་ཡུལ་གསར་སྦོལ་བྱེད་པའི་ནུས་པ་ཁྱད་ཆོས་གདའོ།།

  སྤྱིར་ན《མེས་པོ》ཡི་སྐད་ཆ་ཡང་ཡོངས་སུ་ནས་ངོས་གཙང་བ་དང་། གནད་དུ་སྨིན་པ་སོགས་གོང་བསྟན་ལྟ་བུ་ཁོ་ན་ག་ལ་ཡིན། དཔེར་ན།“འཇམ་དབྱངས་ཤེས་རབ་ཀྱི་གཟན་རློན་པར་གྱུར་ཏེ་སྣེ་མོ་ནས་ཁྲག་དང་འདྲ་བའི་ཆུ་ཐིགས་དམར་པོ་འཛར་གྱིན་འདུག་པར་བལྟས་ན་འདི་ནི་རྒྱུ་སྤུས་ཧ་ཅང་ཞན་པའི་རས་ཤིག་ཡིན་པ་ཤེས་ཐུབ།” ལྟ་བུར་མཚོན་ན། སྤྱིར་གཟན་བྲིས་པ་གནད་དུ་ཐིངས་པ་དང་སྒོས་སུ་ཚོན་མདངས་ཅན་གྱི་སྐད་ཆ་ཞིག་ཀྱང་རེད། འོན་ཀྱང་། ཞན་ཆ་ལ་ཐོག་མར་ཚིག་སྣ་ཐུང་བ་མ་ཡིན་པའི་རིང་བའི་སྐྱོན་ཡོད། དེ་ནས། འཇམ་དབྱངས་ཤེས་རབ་ཀྱི་གཟན་རློན་པར་གྱུར་ཏེ་སྣེ་མོ་ནས་ཁྲག་དང་འདྲ་བའི་ཆུ་ཐིགས་དམར་པོ་འཛར་གྱིན་འདུག་ཅེས་པ་དང་། དེའི་རྗེས་ཀྱི་ཚིག་གཉིས་དོན་གྱི་ངོ་བོ་གཅིག་ཏུ་སོང་བས་ན་ཚིག་ཕྱི་མ་འདི་ལྷག་མ་དང་རོ་རུ་གྱུར་བ་རེད། དེ་བཞིན། རྩོམ་ནང་ཁྲུང་ཁྲུང་ནག་པོའི་སྐོར་རྒྱས་པར་བྲི་བའི་སྐད་ཆར་ཡང་འཕྱོར་འབྲི(渲染)ཡི་ཤེད་ཆེ་བ་ཡང་སྡུད་པ་ལས་ལོག་པ་རེད།

  འོན་ཀྱང་། བོད་ཀྱི་བརྩམས་སྒྲུང་གི་ལོ་རྒྱུས་ཧྲིལ་བོའི་ཁྲོད་ནས《མེས་པོ》ཡིས་བརྩམས་སྒྲུང་གི་སྐད་ཆ་ལ་ཐོད་བརྒལ་བྱས་ཏེ། ང་ཚོར་བརྩམས་སྒྲུང་གི་སྐད་ཆ་གཞན་ཞིག་བསྟན་རུང་ངམ་གོ་རུང་གི་རྩོམ་ཆོས་ཤིག་བསྟབས་ཡོད་པ་ལ་སུས་ཀྱང་བསྙོན་འདིང་མི་ཐུབ།

                                                    ——2024ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་གཉིས་པ་ལས་བདམས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། རྩོམ་རིག་ཟླ་ཟུང་དེབ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྒྲུང་རིང《མེས་པོ》ཡི་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་ལ་དཔྱད་པ།

2024-05-03 བདུད་ལྷ་རྒྱལ།(ལན་ཀྲུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།