མཛོད་འཕྲིན་གྱི༢༠༢༤ལོའི་དཔེ་དེབ་བཀླགས་ཐོ།

མཛོད་རྒུ·ཏིང་འཛིན་འཕྲིན་ལས།དཀར་མཛེས།) 琼迈文学网 2025-01-10
  འགོས་ལོ་གཞོན་ནུ་དཔལ་གྱིས།  ཁ་ཅིག་སློབ་གཉེར་བྱེད་པར་འདུག །ཁ་ཅིག་ནོར་སྒྲུབ་པར་འདུག  །ཁ་ཅིག་དཔོན་ལ་བརྟེན་ནས་མི་ཚུགས་སྒྲུབ་པར་འདུག་སྟེ།  ད་ངས་ནོར་ཡང་མི་གསོག །ལུས་ལ་ཤེ་མོང་མེད་པས་དཔོན་ཞིག་ལ་བརྟེན་པའི་མི་གཡོག་ཀྱང་མི་ཕེར་བས།  དཔེ་ཆ་ཤོག་གུ་ཁ་ཡར་རེ་ལྟ་བ་འདི་འོང་ཡང་འོང་།  ལེགས་ཀྱང་ལེགས་པར་འདུག་པས་ཐག་རྦད་དེ་བཅད་པ་ཡིན་ཞེས་གསུངས། དཔེ་ཀློག་བྱ་བ་ལ་ལུས་ཤུགས་ཀྱིས་ངལ་རྩོལ་བྱ་མི་དགོས་པ་བདེན་མོད།  དེ་ལ་དེའི་ཚོད་ཀྱི་ཀླད་ཤུགས་ངལ་རྩོལ་ཞིག་བྱ་དགོས་ཤིང་། ལེགས་བྱས་ཐམས་ཅད་ལ་སྡུག་རུས་དང་།  གཡེང་བྱས་ཐམས་ཅད་ལ་ནི་ཀླད་ཤུགས་ངལ་རྩོལ་ཡང་བསྟེན་མི་དགོས་པས།  སྣང་བ་རྒྱ་ཡན་དུ་ཤོར་བའི་བློ་དམན་ཕྲན་ལྟ་བུར་མཚོན་ན།  དཔེ་དེབ་རྡོག་པོ་གཅིག་ཙམ་བཀླགས་ཐུབ་པ་ཡང་སླ་མོ་ཞིག་མ་རེད།  ལོ་ཡི་འཁོར་མོ་གཅིག་ཏུ་དཔེ་དེབ་སུམ་ཅུ་སོ་གྲངས་ཤིག་བཀླགས་ཚར་བར་བརྩིས་ཏེ་བརྩིགས་མོད།  ཕྱིར་བལྟས་ན།  ནན་ཏན་གྱིས་མ་བཀླགས་པ་དང་།  ཞིབ་ཚགས་ཀྱིས་བཀླགས་མ་ཐུབ་པ་མང་ཤོས་སུ་འདུག རིག་པ་གླེགས་བམ་ལ་གནས་དང་། །མ་བསྒྲུབ་པ་ཡི་གསང་སྔགས་དང་། །ཚགས་སུ་མ་བྱས་ཡོ་བྱད་རྣམས། །དགོས་པའི་དུས་སུ་སླེབས་པར་དཀའ་ཞེས་པའི་དཔེ་རུ་སོང་མོད།  ཡང་ལོ་གཅིག་གི་དུས་ཚོད་ཀྱི་ཆ་ཤས་ཤིག་འདི་དག་ཀློག་ཁུལ་གྱིས་བཏང་བ་ཡིན་པས།  རང་གི་དུས་ཚོད་ལ་ཕྱིར་དྲན་ཞིག་བྱ་རི་བར་འདོད་པས།  གཤམ་གྱི་བཀླགས་ཐོའམ་དཔེ་ཐོ་བཀོད་པ་ཡིན།
 
༡. 《བུ་མོར་སྤྲིངས་པའི་འཕྲིན་ཡིག 40》ཝུའུ་ཅུན་གྱིས་བརྩམས།  བྱང་གྲོལ་གྱིས་བསྒྱུར།  རིགས་དབྱེ།  སློབ་གསོ། ཤོག་ངོས ༢༩༣ བྱོན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ ༢༠༢༣ ལོར་དཔེ་བསྐྲུན་འགྲེམ་སྤེལ་བྱས། 
 [ནང་དོན་གནད་བསྡུས།]  དཔེ་དེབ་འདི་ནི་དགྱ་ནག་གི་འབུམ་རམས་པ་ཝུའུ་ཅུན་བྱ་བས་རང་གི་བུ་མོ་གཉིས་ལ་འཕྲིན་ཡིག་གི་ཚུལ་དུ་བྲིས་ཤིང་སྤྲིངས་པའི་དཔེ་དེབ་ཅིག་རེད།  དེབ་འདིའི་ནང་དུ་སོ་སོར་མི་ཚེའི་ལྟ་སྟངས་དང་།  རྒྱུ་ནོར་གྱི་ལྟ་སྟངས།  མི་དང་མིའི་བར་གྱི་འབྲེལ་བ་བྱ་སྟངས།  ཐོས་བསམ་སློབ་གཉེར་བྱ་ཚུལ།  འཇིག་རྟེན་མི་ཆོས་ཀྱི་སྙིང་པོ་སོགས་ལེའུ་དྲུག་ཏུ་ཕྱེས་ནས་གདམས་ཤིང་བསྟན་ཡོད་ཅིང་།  དེ་དག་ཀྱང་རྩོམ་པ་པོས་རང་གི་ལྟ་ཚུལ་ལ་རྒྱབ་བརྟེན་གྱི་ལུང་དང་རིགས་པ།  གཏམ་རྒྱུད་སོགས་དྲངས་ཏེ་བྲིས་ཤིང་སྤྲིངས་བ་རེད་འདུག

༢.《ང་ཡི་ཁེར་རྐྱང་དང་།  ཁྱེད་ཀྱི་རྩོམ་རིག》 ལྷ་བྱམས་རྒྱལ་གྱིས་བརྩམས།  ཤོག་ངོས ༢༥༥ བྱོན།  རིགས་དབྱེ།  ལྷུག་རྩོམ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་སྤྱི་ལོ ༢༠༡༨ ལོར་དཔར་བསྐྲུན་འགྲེམ་སྤེལ་བྱས། 
 [ནང་དོན་གནད་བསྡུས།]  དཔེ་དེབ་འདི་ནི་ལྷ་བྱམས་རྒྱལ་གྱིས་ལྷུག་རྩོམ་དེབ་དང་པོ་དེ་ཡིན་པར་འདུག་ལ།  དེབ་ཏུ་རིག་གནས་ལྷུག་རྩོམ་དང་།  དོན་བརྗོད་ལྷུག་རྩོམ།  བཅར་འདྲི་སོགས་འདུས་པའི་རྩོམ་ཡིག་བཅུ་དྲུག་ཙམ་ཡོད་ཅིང་།  རྩོམ་ཡིག་རེ་རེའི་བརྗོད་བྱ་དང་རྗོད་བྱེད་མི་གཅིག་པས་དེབ་ཆ་ཚང་བཀླགས་པས་ཕྱོགས་སྡོམ་ཐུབ་པའི་བཀླགས་ཚོར་ཞིག་བརྗོད་མི་ཐུབ་པར་རྩོམ་ཡིག་རེ་རེའི་བཀླགས་ཚོར་རེ་འབྲི་དགོས་པ་འདུག་མོད། འདིར་ལས་བྱའི་ཚུལ་དུ་དེབ་དེ་བཀླགས་པ་ཡིན་ཟེར་བའི་དཔེ་ཐོ་ཙམ་ལས་རེ་རེའི་བཀླགས་ཚོར་འབྲི་མ་ཐུབ།
 
༣. 《རྣམ་འབྱོར་གྱི་དབང་ཕྱིག་ཆེན་པོ་རྗེ་བཙུན་མི་ལ་རས་པའི་རྣམ་མགུར》 རུས་པའི་རྒྱན་ཅན་གྱིས་བརྩམས། ཤོག་ངོས ༨༤༨བྱོན།  རིགས་དབྱེ།  རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ ༢༠༠༤ལོར་དཔར་གཞི་གཉིས་པ་བསྒྲིགས་ཤིང་།  སྤྱི་ལོ ༢༠༡༨ལོར་དཔར་ཐེངས་བཅུ་གཉིས་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
 [ནང་དོན་གནད་བསྡུས།] རྣམ་མགུར་འདི་ཉིད་ནི་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དང་མགུར་འབུམ་གཉིས་མཉམ་དུ་བསྒྲིགས་པ་ཞིག་ཡིན་ལ།  དེར་ཐུན་མོངས་སྲིད་པ་འཇིག་རྟེན་པའི་མཛད་པ་དང་།  མཆོག་གྱུར་ཞི་བ་མྱང་འདས་ཀྱི་མཛད་པ་སྟེ་ས་བཅད་ཆེན་མོ་གཉིས་དང་བྱེ་བྲག་ས་བཅད་བཅུ་གཉིས་ཙམ་ཕྱེས་ཡོད།  འདིར་མཛད་པ་བཅུ་གཉིས་བགྲང་བའི་བཅུ་པའི་ཡན་རས་ཆུང་པས་དྲིས་ཤིང་མི་ལ་རས་པས་གསུངས་པའི་རང་རྣམ་མམ་རྣམ་ཐར་ཡིན་འདུག་ལ།  མཛད་པ་བཅུ་གཉིས་སུ་ཕྱེ་བའི་མཛད་པ་བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་རྣམ་མགུར་ཏེ་ཕྱིས་ཀྱིས་རུས་པའི་རྒྱན་ཅན་གྱིས་ཞལ་སློབ་མི་བརྗེད་པའི་གཟུངས་ཅན་དུ་གྲགས་པ་དག་གི་ཞལ་གསུངས་ལྟར་ཡི་གེར་བཀོད་པ་ཞིག་འདུག 
དེ་བས་སྟོད་ཀྱི་ཆའམ་ཞལ་ནས་གསུངས་པའི་རྣམ་ཐར་དེར་ཞིབ་འབྲི་དང་ཚིག་གི་སྦྱོར་སྟངས་སོགས་སྨད་ཀྱི་མགུར་འབུམ་ལས་ཀྱང་ཡག་ཅིང་མཛེས་པའི་མྱོང་ཚོར་ཞིག་རགས།
 
༤.《དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེའི་ལོ་རྒྱུས།》མི་རྒན་ཤེས་རབ་རྒྱ་མཚོ་དང་།  རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར།  ཧོར་ཁང་བསོད་ནམས་དཔལ་འབར་བཅས་ཀྱིས་བརྩམས།  རིགས་དབྱེ།  རྣམ་ཐར།  ཤོག་ངོས ༣༥༣ བྱོན།  
 
[ནང་དོན་གནད་བསྡུས།]  དཔེ་དེབ་འདི་ནི་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་རམ་ལོ་རྒྱུས་སྣ་ཁ་བཞི་མཉམ་གཅིག་ཏུ་བསྒྲིགས་པའི་དེབ་ཅིག་རེད་ལ།  འདིའི་རྩོམ་པ་པོ་མི་རྒན་ཤེས་རབ་རྒྱ་མཚོ་དང་།  རཀ་ར་སྤྲུལ་སྐུ་ཐུབ་བསྟན་ཆོས་དར།  ཧོར་ཁང་བསོད་ནམས་དཔལ་འབར་གསུམ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ཐག་ཉེ་ཤོས་ཀྱི་མི་སྣ་སོང་བས།  རྣམ་ཐར་ལ་འོལ་ཚོད་ཀྱིས་སྨྲས་པ་དང་།  རྟོགས་ཀྱི་བརྗོད་པ་སོགས་མེད་པར་མ་ཟད།  ལྷ་སྒྲུང་ལྟ་བུ་དང་དག་སྣང་སོགས་ལ་མ་སྦྱར་བར་དགེ་འདུན་ཆོས་འཕེལ་ལ་མི་ཞིག་རྩིས་ཏེ་རྣམ་ཐར་བྲིས་འདུག་པ་དང་།  དེ་ལས་ཀྱང་ཁོང་གི་གསུང་ཟིན་དང་སྦྲགས་པ་ལྟར་བྲིས་ཡོད་པས་རྣམ་ཐར་གོ་བདེ་ཉན་གསལ་གྱི་དེབ་གཅིག་རེད།
 
༥. 《སྒེའུ་ཁུང་།》ཆོས་དབྱིངས་རྒྱ་མཚོས་བརྩམས།  ཤོག་ངོས ༢༢༤བྱོན།  རིགས་དབྱེ། སྒྲུང་ཐུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས ༢༠༢༣ ལོར་དཔེ་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདི་ནི་ཆོས་དབྱིངས་རྒྱ་མཚོས་བརྩམས་ཤིང་དཀར་མཛེས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲིགས་པའི་《ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས》ལས་རབས་གཉིས་པར་བདམས་པའི་སྒྲུང་གཏམ་གྱི་དེབ་ཅིག་ཡིན་ལ།  དེབ་འདིར་རྩོམ་པ་པོས་འཚོ་བ་དང་བློ་སྦྱོང་ལས་རྙེད་ཅིང་བརྗོད་བྱ་མི་གཅིག་པའི་སྒྲུང་གཏམ་ཉི་ཤུ་རྩ་བརྒྱད་བཀོད་འདུག    དེབ་འདིའི་ནང་གི་སྒྲུང་གཏམ་མང་ཤོས་ལ་རྩོམ་པ་པོས་མི་སྣའི་བཞེངས་སྐྲུན་དང་། སྒྲུང་གི་སྐད་ཆ། བརྗོད་བྱའི་དོན། རྗོད་བྱེད་ཀྱི་ཚིག་སོགས་ནན་ཏན་ཆེན་པོས་བློས་བསླང་དང་། གཟབ་ནན་གྱིས་འབྲི་བཞེངས་བྱས་ཡོད་ཅིང་། བརྗོད་བྱ་རེ་རེར་ཡང་བསམ་གཞིག་གི་བར་སྟོང་དང་། རྗོད་བྱེད་ཀྱི་འགུགས་སྟངས་སོགས་ཕུན་སུམ་ཚོགས་པ་ཞིག་འདུག་པར་སྙམ་ལ། སྒྲུང་དེབ་འདི་རྩོམ་པ་པོས་བརྗོད་བྱ་སྣ་གཅིག་ལ་མཐོང་སྣང་དུ་མ་ནས་བྲིས་པ་མིན་པར། སྤྱི་ཚོགས་ཀྱི་གཉོམ་ཆུང་བའི་མི་ཕལ་བ་རེ་རེའི་སྐྱིད་སྡུག་དང་ཆགས་སྡང་གི་འཚོ་བ་རེ་རེ་བཞེངས་བསྐྲུན་བྱས་འདུག་པའི་ཚོར་སྣང་བྱུང་སྟེ། སྐྱེས་མའི་ལས་དབང་དང་། བརྩེ་དུང་གི་འགལ་འདུ། དུས་འགྱང་བྱུང་བའི་ཐུག་འཕྲད། ཁེར་རྐྱང་གི་གདུང་བ། ཆང་གིས་བཟི་བའི་བརྗེད་ངས། འཚོ་བའི་ཁུར་པོ། རྟག་བརྟན་མིན་པའི་བརྩེ་བ་སོགས་སྤྱི་ཚོགས་ཀྱི་སྲིབ་ངོས་ཀྱི་ཆ་དེ་རྣམས་བརྗོད་བྱར་བཟུང་ནས་བྲིས་འདུག་པ་རྐྱང་དུ་སྣང་།
 
 ༦. 《གཞོན་ནུ་མ་ཞིག་གི་ཉིན་ཐོ།》ཨེ་ན་ཧྥི་རེན་ཁིས་བརྩམས། བློ་བཟང་མཁྱེན་བརྩེ་དང་བཀྲ་ཤིས་དཔལ་སྒྲོན་གཉིས་ཀྱིས་དབྱིན་ཡིག་ལས་བསྒྱུར།  ཤོག་ངོས ༥༡༡ བྱོན།  རིགས་དབྱེ། སྒྲུང་གཏམ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ ༢༠༡༧ ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདི་ནི་འཛམ་གླིང་དམག་འཁྲུགས་གཉིས་པའི་དུས་སྐབས་ཏེ་སྤྱི་ལོ ༡༩༤༢ནས་སྤྱི་ལོ ༡༩༤༤བར་ལོ་གཉིས་ཀྱི་དུས་ཡུན་དུ་འཇར་མན་ནས་ཧོན་ལོན་དུ་བྲོས་ཤིང་གསང་ཁང་ནང་ཡིབ་ཏེ་ལུས་པའི་རིང་གི་དམག་འཁྲུགས་ཀྱིས་བསྐྱེད་པའི་འཇིགས་སྣང་དང་།  གསང་ཁང་ནང་བྱུང་བའི་འཚོ་བའི་དཀའ་སྡུག་དང་སྐྱོ་གདུང་སོགས་ཉིན་ཐོའི་ཚུལ་དུ་བྲིས་ཤིང་བརྩམས་པའི་དེབ་ཅིག་རེད་ལ།  དེབ་འདི་འབྲི་དུས་རྩོམ་པ་པོ་ལོ་བཅུ་གསུམ་སོན་ཙམ་གྱིས་བྱིས་པ་ཞིག་ཡིན་པར་བཤད།  སྤྱི་ལོ ༡༩༤༤ལོར་རྩོམ་པ་པོ་འདི་ཉིད་དམག་འཁྲུགས་སོ་ཁ་ལས་མ་ཐར་འདས་གྲོངས་སུ་ཤོར་ཞིང་།  ཉིན་ཐོ་རུ“ང་མི་ཡུལ་དང་བྲལ་སོང་རུང་།  ངའི་བྱས་རྗེས་མི་ཡུལ་དུ་ལུས་སོང་ན་བསམ་གྱི་འདུག”ཅེས་བཤད་ལ།  ཨེ་ན་གྲོངས་རྗེས་ཁོང་གི་པ་ལགས་ནས་ཉིན་ཐོ་འདི་ཉིད་ཐོག་མར་ཌ་ཆིའི་སྐད་ཡིག་ཐོག་ནས་དཔར་སྐྲུན་བྱས་པ་དང་།  དེ་ནས་རིམ་བཞིན་འཛམ་གླིང་གི་རྒྱལ་ཁབ་སྐད་ཡིག་སོ་སོར་བསྒྱུར་ཏེ།  ༢༠༡༧ལོའི་ཡན་དུ་སྐད་ཡིག་འདྲ་མིན་བདུན་ཅུ་དོན་གྲངས་ཤིག་གི་སྐད་ཡིག་ཏུ་བསྒྱུར་ཚར་བར་གྲགས།
 
 ༧.《ཟླ་འོད་འོག་གི་དྲན་འཆར།》
ཚེ་རིང་དབྱངས་སྐྱིད་ཀྱི་བརྩམས།  ཤོག་ངོས ༢༦༩བྱོན།  རིགས་དབྱེ།  ལྷུག་རྩོམ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ ༢༠༡༩ ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དཔེ་དེབ་འདི་ནི་དབུས་ཀྱི་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བརྩམས་ཤིང་《བོད་ཀྱི་དེང་རབས་ཕུལ་བྱུང་རྩོམ་རིག་དཔེ་ཚོགས》སུ་བདམས་པའི་ལྷུག་རྩོམ་དེབ་ཅིག་རེད།  དེབ་འདིའི་དྲན་འཆར་ཡིད་ཀྱི་མེ་ཏོག་ཏུ་རྩོམ་ཡིག་བཞི་དང་།  སྐལ་བཟང་ལས་འགྲོའི་མདུད་པར་རྩོམ་ཡིག་གསུམ། འགྲུལ་བཞུད་སེམས་ཀྱི་ངལ་གསོ་རུ་རྩོམ་ཡིག་གསུམ་བཅས་ཁྱོན་དོན་ཆེན་མོ་གསུམ་དང་རྩོམ་ཡིག་བཅུ་བཀོད་འདུག  རྩོམ་ཡིག་སོ་སོར་བརྗོད་བྱ་གཏིང་ཟབ་ཅིང་།  རྗོད་བྱེད་ཀྱི་ཚིག་ལ་སྒྱུ་རྩལ་གྱི་ཉམས་དོད་པར་མཚོན་བྱ་རེ་རེ་དཔེ་དོན་སྣ་ཚོགས་ཀྱིས་བསྟན་ཅིང་མཚོན་ནས་བརྗོད་འདུག
 
 ༨.《ན་གཞོན་སྙན་ངག་པ་ཞིག་ལ་སྤྲིངས་པའི་འཕྲིན།》
རེ་ནེར་མ་རི་ཡ་རིལ་ཁེས་བརྩམས།  རྡོ་རྗེ་ཚེ་བརྟན་གྱིས་བསྒྱུར།  ཤོག་ངོས ༡༠༧ བྱོན།  རིགས་དབྱེ།  སྒྲུང་གཏམ།  གཅེས་ལོ་བོད་འགྱུར་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་སྤྱི་ལོ ༢༠༡༧ ལོར་དཔར་སྐྲུན་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདི་ནི་ཧྥ་རན་ཟི་ཁ་ཕུ་ཀས་སྙན་ངག་པ་རེ་ནེར་མ་རི་ལ་རིལ་ཁེར་འཕྲིན་ཡིག་གི་ཚུལ་དུ་སྙན་ངག་བྲིས་ཏེ་བསྐུར་ཞིང་།  དེར་དཔྱད་བརྗོད་དམ་བསམ་ཚུལ་ཡིག་ལན་སྤྲིངས་པའི་འཕྲིན་ཡིག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དེབ་ཅིག་ཡིན་ལ།  དེབ་འདིར་འཕྲིན་ཡིག་བཅུ་བཀོད་ཡོད།
 
༩. 《ཟངས་ཀྱི་མེ་ལོང་ནང་གི་འཇིག་རྟེན།》
འཆི་མེད་ཀྱིས་བརྩམས།  ཤོག་ངོས ༣༦༣ བྱོན།  རིགས་དབྱེ།  སྙན་དག་དང་ལྷུག་རྩོམ།  སྤྱི་ལོ ༢༠༢༣ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དཔེ་དེབ་འདི་ནི་རྩོམ་པ་པོ་འཆི་མེད་ལགས་ཀྱི་སྙན་ངག་དང་ལྷུག་རྩོམ་གཉིས་ཀ་བསྡུས་པའི་བརྩམས་ཆོས་གཅེས་བཏུས་ཤིག་རེད་ལ།  དེའི་ནང་དུ་ཚིག་བཅད་སྙན་ངག་ལྔ་བཅུ་ང་བདུན།  རང་མོས་སྙན་ངག་བདུན།  ལྷུག་རྩོམ་མཇུག་བྱང་རྩིས་པའི་རྩོམ་བཅུ་བཞི་དང་། སྡོམ་རྩོམ་ཡིག་བདུན་ཅུ་དོན་བདུན་གྱིས་གྲུབ་པའི་དེབ་ཅིག་ཡིན།  དེབ་འདིར་ང་ཚོས་འཚོ་བ་དང་བྲེལ་ཟིང་གི་བར་ནས་ཤེས་མེད་ཚོར་མེད་དུ་བོར་སྟོར་ཤོར་བའི་མང་པོ་ཞིག་རང་ཉིད་དང་ཁ་ཐག་ཉེ་བ་དེ་ཚོ།  རྗོད་བྱེད་ཚིག་ནི་སྙན་ཞིང་འཇེབས་ལ།  རང་སྐད་ཀྱི་དྲི་མ་ཡལ་ཞིང་།  གཞན་སྐད་ཀྱི་ལྷད་མ་འདྲེས་པར་ཁ་གསལ་གོ་བདེ་ཡི་ཚིག་རུ་བརྒྱུས་ཏེ་ཡང་ཡང་བཀླགས་ཀྱང་ད་དུང་མྱོང་ཞིང་བསམ་དུ་ཡོད་པའི་དེབ་ཅིག་ཡིན།
 
 ༡༠.《ཤུལ་འཚོལ། _ ཇོ་མོ་གླང་མའི་འདབས་རོལ་དུ།》
ཕུན་ཚོགས་བཀྲ་ཤིས་ཀྱིས་བརྩམས།  ཤོག་ངོས ༥༢༡ བྱོན།  རིགས་དབྱེ།  ལྷུག་རྩོམ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ ༢༠༡༩ ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདི་ནི་རྩོམ་པ་པོའི་ཕ་ཡུལ་ཏེ།  གཞིས་ཁ་རྩེའི་མངའ་ཁོངས་ཀྱི་དགོན་སྡེ་དང་།  མི་སྣ་གྲགས་ཀྱི་རྗེས་ཤུལ་འཚོལ་ཏེ་ཡུལ་དངོས་སུ་ཆེད་བསྐྱོད་ཀྱིས་བྲིས་པའི་རིག་གནས་ལྷུག་རྩོམ་གྱི་དེབ་ཅིག་ཡིན།  དེབ་འདིར་སྒྱུ་རྩལ་གྱི་ལོ་རྒྱུས་དང་།  རིག་གནས་ཀྱི་ལོ་རྒྱུས།  ལོ་རྒྱུས་ཀྱི་དྲན་པ་སོགས་དྲངས་ཤིང་ཡང་ཡང་དཔྱད་དེ་བརྗོད་ཡོད།
 
 ༡༡.《མི་ཚེའི་འགྲུལ་བཞུད།།》
ཚེ་རིང་དབྱངས་སྐྱིད་ཀྱི་བརྩམས།  ཤོག་ངོས ༢༥༠ བྱོན།  རིགས་དབྱེ།  ལྷུག་རྩོམ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ ༢༠༡༤ལོར་དཔར་གཞི་དང་པོ་བསྒྲིགས་ཤིང་༢༠༡༥ལོར་དཔར་ཐེངས་གཉིས་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདི་ནི་ཚེ་རིང་དབྱངས་སྐྱིད་ཀྱིས་བརྩམས་ཤིང་དམངས་ཕན་རིག་མཛོད་ལས་《བུད་མེད་རྩོམ་པ་པོའི་དཔེ་ཚོགས》སུ་བདམས་ནས་དཔར་སྐྲུན་བྱས་ལ་ཞིག་རེད་ལ།  དེབ་འདིའི་ནང་གི་རྩོམ་མང་ཤོས་རྩོམ་པ་པོས་ཉིས་སྟོང་བདུན་བརྒྱད་ནས་ཉིས་སྟོང་བཅུ་གཉིས་བར་བྲིས་པའི་ལྷུག་རྩོམ་གཅེས་བཏུས་ཀྱི་དེབ་ཅིག་ཡིན་པ་འདྲ།  དེབ་འདི་ནི་གཙོ་བོ་དོན་བརྗོད་ལྷུག་རྩོམ་གྱི་རྣམ་པས་འགྲུལ་བཞུད་ལས་རྙེད་པའི་སེམས་ཚོར་དང་།  རང་ཁྱིམ་ལས་རྙེད་པའི་དྲན་པ།  རྩོམ་རིག་ལ་འཛིན་པའི་ངོས་རྟོགས་སོགས་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་དེ་དག་ཡིག་འབྲུར་ཕབ་ཅིང་བརྗོད་དེ་གྲུབ་པའི་དེབ་ཅིག་རེད།
 
༡༢. 《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》(དེབ་དང་པོ།) གངས་དབང་གིས་བརྩམས།  ཤོག་ངོས ༢༦༣ བྱོན།  རིགས་དབྱེ།  རིག་གནས་ལྷུག་རྩོམ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས ༢༠༢༡ ལོར་དཔེ་སྐྲུན་འགྲེམ་སྤེལ་བྱས།
 
༡༣. 《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》(དེབ་གཉིས་པ།) གངས་དབང་གིས་བརྩམས།  ཤོག་ངོས ༢༧༥ བྱོན།  རིགས་དབྱེ།  རིག་གནས་ལྷུག་རྩོམ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས ༢༠༢༢ ལོར་དཔེ་སྐྲུན་འགྲེམ་སྤེལ་བྱས།
 
༡༤.《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》(དེབ་གསུམ་པ།) གངས་དབང་གིས་བརྩམས།  ཤོག་ངོས ༢༥༥ བྱོན།  རིགས་དབྱེ།  རིག་གནས་ལྷུག་རྩོམ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས ༢༠༢༣ ལོར་དཔེ་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདི་གསུམ་ནི་རྩོམ་པ་པོ་གངས་དབང་གིས་མུ་འབྲེལ་རིག་གནས་ལྷུག་རྩོམ་རིང་མོ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གི་དེབ་ཕྲེང་ལས་ད་སྔར་བསྐྲུན་ཟིན་པ་དག་ཡིན་ལ།  དེབ་དང་པོར་རྩོམ་ཡིག་བཅུ་བདུན་དང་།  དེབ་གཉིས་པར་རྩོམ་བཅོ་ལྔ།  དེབ་གསུམ་པར་རྩོམ་བཅུ་བཞི་བཀོད་ཡོད།  དེབ་འདི་དག་ནི་དཀའ་ལས་སྐྱིད་སྡུག་ལ་མ་འཛེམ་པར་ས་ཆ་སོ་སོར་དངོས་སུ་སོང་ཏེ་རྟོག་དཔྱོད་བྱ་ཞོར་ལོ་རྒྱུས་དང་རིག་གནས་བཙལ་ཏེ་བྲིས་པའི་དེབ་ཅིག་ཡིན་ལ།  དེབ་འདིའི་ཁྱད་ཆོས་གཙོ་བོ་ནི་མཐའ་མཚམས་སུ་ལུས་པའི་རིག་གནས་དང་།  རིགས་མཐུན་སྤུན་ཟླ།  རི་ཆུའི་བར་དུ་ལུས་པའི་རྒྱུན་སོགས་འཚོལ་བར་སོང་ཏེ་བསྐོར་སྐྱོད་དམ་རྟོགས་དཔྱོད་ཡང་དག་བགྱི་སྟེ་བརྩམས་པའི་དེབ་ཅིག་རེད།  ཁོང་གི་དེབ་འདི་དག་ནི་བརྗོད་བྱ་གཏིང་ཟབ་མོ་དག །རྗོད་བྱེད་ཚིག་ཡང་མོ་རུ་རྒྱུས་ཏེ་ཀློག་མཁན་གྱིས་རྟོགས་སླ་ཞིང་།  རྗོད་སྟངས་ཚིག་སྦྱོར་ལ་སྐྱོན་མེད་ཅིང་།  སྙན་ངག་གི་ཉམས་དང་ལྡན་པར་བྲིས་ཡོད་ལ།  ཆེད་མཁས་པ་དག་གིས་དཔྱད་དེ་འདི་ནི་རིག་གནས་མིའི་རིགས་རིག་པའི་མཐོང་སྣེ་སོགས་སྤྱད་དེ་བྲིས་པར་འདོད་ལ།  རྩོམ་པ་པོ་བོད་ཀྱི་ས་སྟོད་སྨད་བར་གསུམ་དུ་ཆེད་སྐྱོད་ཀྱིས་རི་ཆུའི་རིག་གནས་འཚོལ་ཞིབ་དང་།  རིག་གནས་དང་ལོ་རྒྱུས་ཀྱི་དྲན་པ་འཚོལ་ཞིབ་བྱས་ཏེ།  མཐོང་སྣེ་དེ་ཉིད་ཡིག་རིས་སུ་ཕབ་ཅིང་རྡོ་རིང་དུ་བརྐོས་ཡོད།   
 
༡༥.《ཆར་ཟམ་ཟིམ།》 མ་བྱན་གྱིས་བརྩམས།  ཤོག་ངོས ༡༢༧ བྱོན།  རིགས་དབྱེ།  ལྷུག་རྩོམ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ ༢༠༢༣་ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།] དེབ་འདི་ནི་མ་བྱན་གྱིས་བརྩམས་ཤིང་དཀར་མཛེས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲིགས་པའི《ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས》ལས་རབས་གཉིས་པར་བདམས་པའི་ལྷུག་རྩོམ་གྱི་དེབ་ཅིག་ཡིན་ལ།  དེབ་འདིར་སློབ་གྲྭ་དང་།  འཚོ་བ།  ནར་སོན་གྱི་ལོ་ཟླ་སོགས་ནས་རྙེད་པའི་གཏམ་རྒྱུད་དང་དོན་དག །བརྗེད་དུ་མེད་པའི་མི་སྣ་སོགས་ལྷུག་རྩོམ་གྱི་བརྗོད་བྱ་རུ་དྲངས་ནས་བྲིས་པའི་དེབ་ཅིག་ཡིན་ལ།  དེབ་འདིར་འཁོད་པའི་ཁོའི་བརྩམས་ཆོས་མང་ཤོས་བརྗོད་བྱ་ཟབ་ལ།  རྗོད་བྱེད་ཉུང་བས་བཀླགས་བདེ་བ་དང་།  རྗོད་བྱེད་ཚིག་དམ་པོར་མ་སོང་ཞིང་།  ལྷོད་ལ་འཇམ་པས་ངལ་མེད་དུ་འགྲོ་ཞོར་འདུག་ཞོར་གྱིས་བཀླགས་ཐུབ་པའི་དགེ་མཚན་ཞིག་འདུག་སྙམ།
 
༡༦. 《རྨི་ལམ་ནང་གི་མེས་པོ།》  ཉི་མ་ནོར་བུས་བརྩམས།  ཤོག་ངོས ༡༣༦ བྱོན།  རིགས་དབྱེ།  སྒྲུང་ཐུང་།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ ༢༠༢༠ ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདི་ནི་ཉི་མ་ནོར་བུས་བརྩམས་ཤིང་དཀར་མཛེས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲིགས་པའི་《ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས》སུ་བདམས་པའི་སྒྲུང་གཏམ་གྱི་དེབ་ཅིག་ཡིན་ལ། དེབ་འདི་ནི་འཚོ་བའི་ཉམས་མྱོང་དང་།  སློབ་གྲྭའི་ཁོར་ཡུག་ནས་རྙེད་པའི་སློབ་མའམ་བྱིས་པའི་སེམས་ཁམས།  བྱིས་པའི་འཚོ་བ་སོགས་ལ་རྒྱུས་ལོན་བྱས་ཏེ།  རྒན་མགོ་དཀར་ནས་ཆུང་བྱིས་པའི་འཚོ་བ་སོགས་བརྗོད་བྱ་བྱས་ནས་སྒྲུང་ཐུང་དང་།  བྱིས་སྒྲུང་སོགས་ཀྱིས་གྲུབ་ཡོད་ལ།  བརྗོད་བྱ་མི་གཅིག་པའི་སྒྲུང་ཐུང་ལྷག་ཏུ་བྱིས་སྒྲུང་དག་ནི་ཆེད་དུ་དུས་ཚོད་དང་།  ཉམས་མྱོང་། བློ་རིག་སྤྱོད་དེ་བྲིས་ཡོད།  དེབ་འདིར་སྒྲུང་གཏམ་བཅུ་དྲུག་དང་།  ཟུར་བཀོད་དུ་བྱིས་སྒྲུང་གཉིས་བསྣན་ཏེ་གྲུབ་ཡོད།
 
༡༧. 《དུས་ཚོད་ཁྲ་ཁྲ།》ཀླད་ཀོར་གྱིས་བརྩམས།  ཤོག་ངོས ༤༤༠ བྱོན།  རིགས་དབྱེ།  སྒྲུང་ཐུང་།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས ༢༠༢༤ ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]   དེབ་འདིར་སྒྲུང་ཐུང་བཅུ་དགུ་ཙམ་བདམས་ཏེ་བཀོད་ཡོད་ལ།  སྒྲུང་གཏམ་མང་ཤོས་ཀྱི་ཁུངས་སྣེ་ནི་ཞིང་གྲོང་ངམ་ཞིང་གྲོང་གི་འཚོ་བ་དྲངས་ཏེ་བརྩམས་ཡོད་ཅིང་།  ཁོང་གི་སྒྲུང་གཏམ་དེ་དག་གཏམ་རྒྱུད་ཙམ་ལས་འགོངས་ཏེ།  མཚོན་ཐབས་དང་རྗོད་བྱེད་སོགས་ཀྱི་ཐད་ནས་དམིགས་བསལ་གྱི་ཁྱད་ཆོས་དང་ཐོལ་བརྒལ་རང་བཞིན་ལྡན་པའི་སྒྲུང་གཏམ་ཞིག་ཡིན།
 
༡༨. 《ལམ་གྱི་ཉི་འོད།》ལྷ་བྱམས་རྒྱལ་གྱིས་བརྩམས།  ཤོག་ངོས ༢༨༠ བྱོན།  རིགས་དབྱེ།  སྒྲུང་ཐུང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས ༢༠༡༠ ལོར་དཔར་གཞི་བསྒྲིགས་ཤིང་།  ༢༠༡༥ ལོར་དཔར་ཐེངས་བཞི་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདི་ནི་ལྷ་བྱམས་རྒྱལ་གྱིས་བརྩམས་ཤིང་དུས་རབས་ཉེར་གཅིག་པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་ཁག་གཉིས་པ་རུ་བདམས་ཤིང་དཔར་སྐྲུན་བྱས་པའི་དེབ་ཅིག་རེད་ལ།  དེབ་འདིར་སྒྲུང་ཐུང་བཅུ་གཅིག་དང་སྒྲུང་འབྲིང་གཅིག་བཅས་སྡོམ་སྒྲུང་གཏམ་བཅུ་གཉིས་བཀོད་ཡོད།  སྒྲུང་གི་ཁུངས་སྣེ་མང་ཤོས་ནི་དབུས་ལྷ་ལྡན་གྲོང་གི་མི་སེར་དཀྱུས་མ་རེ་རེའི་འཚོ་བའི་ཉིན་སྲིབ་ལ་བསྲིངས་ཡོད་ཅིང་།  རྗོད་བྱེད་ཚིག་གི་དམ་ལྷོད་རན་ཞིང་།  ཀློག་མཁན་ལ་ངལ་སྣང་མེད་པའི་དེབ་ཅིག་ཡིན།
 
༡༩. 《ཆག་ལོ་ཙཱ་བའི་རྣམ་ཐར།》འཇུ་བ་སྟོན་པ་ཆོས་དཔལ་དར་བྱང་གིས་མཛད།  ཤོག་ངོས ༧༣ བྱོན།  རིགས་དབྱེ།  རྣམ་ཐར།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས ༢༠༡༨ ལོར་དཔར་གཞི་དང་པོ་བསྒྲིགས་ཤིང་།  ༢༠༡༩ ལོར་དཔར་ཐེངས་གཉིས་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདི་ནི་ཆོས་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར་དང་རྗེ་དེ་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་ཆོས་ཕྱིར་སློབ་སྦྱོང་ལ་ཕེབས་སྐབས་ཀྱི་ལམ་ཡིག་རྣམས་སྦྲགས་མ་ལྟར་དུ་གྲུབ་པའི་དེབ་ཅིག་ཡིན་ལ།  འདིར་མིང་གཞན་དུ《ཆག་ལོའི་ལམ་ཡིག》ཀྱང་ཟེར།  དེབ་འདིར་སྐབས་དེའི་རྒྱ་གར་འཕགས་པའི་ཡུལ་གྱི་ནང་པའི་གནས་ཀྱི་བཀོད་པ་དང་།  ཡུལ་སོགས་གསལ་པོར་བཀོད་ཡོད་པས《རྒྱ་གར་ཆོས་འབྱུང》དང་《ཆག་ལོའི་རྣམ་ཐར》རྣམས་ཀྱིས་རྒྱ་གར་གྱི་ལོ་རྒྱུས་ལ་ཁ་གསབ་ཀྱི་ནུས་པ་ཡོད་པར་གྲགས།
 
༢༠.《རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་བཞུགས་སོ།།》དགེ་འདུན་ཆོས་འཕེལ་གྱིས་མཛད།  ཤོག་ངོས ༢༧ བྱོན།  རིགས་དབྱེ།  ལམ་ཡིག 
 
[ནང་དོན་གནད་བསྡུས།]  དེབ་ཆུང་འདི་ནི་མཁས་དབང་དགེ་འདུན་ཆོས་འཕེལ་རྒྱ་གར་གྱི་གནས་ཆེན་ཁག་ལ་བསྐྱོད་དེ་ལམ་ཡིག་གམ་ཟིན་བྲིས་ཀྱི་རྣམ་པས་བྲིས་ཡོད་ལ།  འདིའི་ནང་དུ་སངས་རྒྱས་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པ་སོགས་ཀྱི་གནས་དང་ཡུལ་དག་བཀོད་དེ་ངོ་སྤྲོད་བྱས་ཡོད།

༢༡.《གཉིད་དུ་ཡུར་བའི་ཆུ།》ལྷ་བྱམས་རྒྱལ་གྱིས་བརྩམས།  ཤོག་ངོས ༢༨༣ བྱོན།  རིགས་དབྱེ།  སྒྲུང་གཏམ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས ༢༠༡༨ ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདིར་སྒྲུང་ཐུང་དྲུག་བསྡུས་ཡོད་ལ།  དེབ་འདི་ནི་རྩོམ་པ་པོས་དབུས་ཀྱི་ལྷ་སའི་དམངས་ཕལ་པའི་འཚོ་བ་བརྗོད་བྱ་བྱས་ཏེ་བྲིས་པའི་དེབ་གཉིས་པ་རེད།  རྩོམ་པ་པོས་ནན་ཏན་གྱིས་འཚོ་བ་རོལ་བཞིན་པའི་ལྷ་སའི་གྲོང་གི་དམངས་ཕལ་པ་རེ་རེའི་འཚོ་བའི་མངར་སྐྱུར་ཁ་བསྐ་དེ་དག་འཚོ་བའི་བདེན་པ་མ་བོར་ཞིང་།  སྒྱུ་རྩལ་རྩོམ་རིག་གི་བདེན་པ་མ་ཤོར་བའི་ཐོག་ནས་བྲིས་ཡོད།

༢༢.《བུད་མེད་རྒྱུས་མེད་ཅིག་གིས་སྤྲིངས་པའི་འཕྲིན།》  སི་ཁྲོན་ཧྥོན་ཚི་ཝེ་ཀེས་བརྩམས།  གཅན་མེ་ཏོག་གིས་བསྒྱུར།  ཤོག་ངོས ༢༠༩ བྱོན།  རིགས་དབྱེ།  སྒྲུང་གཏམ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས ༢༠༡༧ ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདིར《བུད་མེད་རྒྱུས་མེད་ཅིག་གིས་སྤྲིངས་པའི་འཕྲིན་ཡིག》དང་།  《བུད་མེད་ཅིག་གི་མི་ཚེ་གང་བོའི་ཁྲོད་ཀྱི་ཉིན་ཞག་ཅིག》ཅེས་སྒྲུང་གཏམ་གཉིས་བཀོད་ཡོད་ལ།   དེབ་འདི་ཡི་རྩོམ་པ་པོར“འཛམ་གླིང་སྟེང་གི་བུད་མེད་ལ་རྒྱུས་མངའ་ཆེས་ཆེ་བའི་རྩོམ་པ་པོ”ཡི་མཚན་སྙན་ཡོད་པར་བཤད་ལ། དེབ་འདིར་བཀོད་པའི་སྒྲུང་གཏམ་གཉིས་ཀའི་ཁྲོད་བུད་མེད་ཀྱི་སེམས་ཁམས་ཞིབ་འབྲི་དང་།  སྣང་བརྙན་མངོན་པར་གསལ་བ་བཞེངས་སྐྲུན་བྱས་ཡོད་པས།   འཛམ་གླིང་གི་རྩོམ་རིག་ལ་ཤུགས་རྐྱེན་ཆེན་པོ་ཐོབ་པར་གྲགས་སོ།།
 
༢༣.《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས།》བཀྲ་བྷས་བརྩམས།  ཤོག་ངོས ༢༥༠ བྱོན།  རིགས་དབྱེ།  སྒྲུང་གཏམ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས ༢༠༡༦ ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
                     
[ནང་དོན་གནད་བསྡུས།]  འདི་ནི་བཀྲ་བྷས་བརྩམས་ཤིང་།  《གཡུ་དྲུག་དཀར་དཔེ་ཚོགས》སུ་བདམས་ཤིང་དཔར་བསྐྲུན་བྱས་པའི་སྒྲུང་ཐུང་གི་དེབ་ཅིག་རེད་ལ།  དེབ་འདིར་སྒྲུང་ཐུང་བཅོ་བརྒྱད་བསྡུས་ཡོད།  འདིར་འཁོད་པའི་སྒྲུང་ཐུང་དག་ནི་རིག་གནས་ཀྱི་སྣང་ཚུལ་ཞིག་དང་།  སྤྱི་ཚོགས་ཀྱི་སྣང་ཚུལ་དག་བརྗོད་བྱ་རུ་དྲངས་ཤིང་བྲིས་ཡོད་ཅིང་།  《སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་སྒོ》ལྟ་བུའི་རྩོམ་རིག་གཞུང་ལུགས་ལ་སློབ་སྦྱོང་བྱ་དུས་མེད་དུ་མི་རུང་བའི་དཔེར་བརྗོད་དེབ་ཅིག་ཡིན།
 
༢༤.《འཇམ། Mགྲོང་ཚོའི་རྣམ་བཤད།》  ལྷ་བྱམས་རྒྱལ་གྱིས་བརྩམས།  ཤོག་ངོས ༧༨༤ བྱོན།  རིགས་དབྱེ།  རིག་གཞུང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས ༢༠༢༠ ལོར་དཔར་གཞི་དང་པོ་བསྒྲིགས་ཤིང་།  ༢༠༢༡ ལོར་དཔར་ཐེངས་གཉིས་དཔར་སྐྲུན་འགྲེམ་སྤེལ་བྱས། 
 
[ནང་དོན་གནད་བསྡུས།]   འཇམ་ནི་རོང་མ་འབྲོག་གི་གྲོང་ཚོ་ཆུང་ངུ་གཅིག་གི་ཡུལ་སྲོལ་གོམས་གཤིས་ལ་སྦྱར་ཏེ།  མིའི་རིགས་རིག་པའི་གཞུང་ལུགས་ལས་མི་རིགས་ལོ་རྒྱུས་ཀྱི་འབྲི་ཐབས་སྤྱད་ནས་གཞུང་ལུགས་ཀྱི་རྒྱབ་རྟེན་བཙན་ཞིང་བློ་གཟུ་བོར་གནས་པའི་སྒོ་ནས་བོད་ཀྱི་གྲོང་ཚོ་ཞིག་གི་རིག་གནས་ལོ་རྒྱུས་ཞིབ་པར་བྲིས་ཡོད་ལ།  འདི་ནི་གྲོང་ཚོ་ཞིག་གི་ལོ་རྒྱུས་ཙམ་ལས་རིང་དུ་འགོངས་ཏེ་མི་རིགས་ཤིག་གི་འཚོ་བ་དང་།  འཚོ་སྟངས།  དུས་ཚིགས་ཀྱི་འགྱུར་བ་སོགས་ཀྱི་ལོ་རྒྱུས་ཞིབ་ཅིང་ཕྲ་མོའི་ལམ་ནས་བརྗོད་པའི་
 
༢༥.《ནོ་བྷེར་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོའི་བརྩམས་ཆོས་ཕྱོགས་བསྒྲིགས།》 བཀྲ་བྷས་བསྒྲིགས།  ཤོག་ངོས ༢༨༦ བྱོན།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས ༢༠༡༦ ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།] དེབ་འདིར་ཕྱི་རྒྱལ་གྱི་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་བཅུ་དྲུག་གི་སྒྲུང་ཐུང་ཡིག་བརྒྱ་མ་སོ་ལྔ་བདམས་ཏེ་སྒྱུར་སྒྲིག་བྱས་ཡོད་ཅིང་།  སྒྲུང་གཏམ་རེ་རེ་ལ་ཕྲན་དཔྱད་རེ་རེ་སྦྱར་ཏེ་སྒྲུང་གཏམ་ལ་མྱོང་རོལ་དང་།  གསེད་བཀྲོལ་བྱས་ཡོད།
 
༢༦.《རི་མོའི་ནང་གི་ཨ་ཕ།》སྙན་བུས་བརྩམས།  ཤོག་ངོས ༡༨༠ བྱོན།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༢༡ ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདི་ནི《སྨིན་དྲུག་བོད་ཀྱི་ན་གཞོན་སྒྲུང་འབྲིང་གསར་རྩོམ་དཔེ་ཚོགས》སུ་བདམས་ཤིང་དཔར་སྐྲུན་བྱས་པ་ཞིག་རེད་ལ།  སྒྲུང་འབྲིང་འདི་ཨ་ཕ་གྲོངས་པའི་གང་ཟག་ཐམས་ཅད་ལ་དབང་བའི་སྣུམ་ཚོན་རི་མོ་ཞིག་ལས་འདས་གྲོངས་སུ་ཤོར་བའི་ཨ་ཕ་དང་ཨ་ཕའི་འདས་དོན་རྣམས་རི་མོའི་གཟུགས་ཀྱིས་ཤར་འོང་ལ།  ཨ་ཕ་ལ་བལྟས་རྗེས་སླར་ཨ་ཕ་གྲོངས་པའི་མི་རྣམས་ལ་བརྒྱུད་སྤྲོད་བྱ་བ་ལས་རང་ཉིད་ཀྱི་སྒེར་བདག་མི་བྱ་བར།  ཨ་ཕ་གྲོངས་པའི་གང་ཟག་ཐམས་ཅད་ཀྱི་སྐྱོ་གདུང་སེལ་བའི་རི་མོ་དང་འབྲེལ་བའི་གཏམ་རྒྱུད་ཅིག་ལ་བྱུང་རིམ་སྦྱར་ཏེ་བཤད་ཡོད།
 
༢༧.《ཆར་ཁྲོད་ཀྱི་ཁང་རྒན།》མ་ཅིག་འཚོས་བརྩམས།  ཤོག་ངོས ༡༢༩ བྱོན།  རིགས་དབྱེ།  སྒྲུང་འབྲིང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༢༡ ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདི་ནི《སྨིན་དྲུག་བོད་ཀྱི་ན་གཞོན་སྒྲུང་འབྲིང་གསར་རྩོམ་དཔེ་ཚོགས》སུ་བདམས་ཤིང་དཔར་སྐྲུན་བྱས་པ་ཞིག་རེད་ལ།  སྒྲུང་འབྲིང་འདི་ནི་མི་རབས་མང་པོ་བརྒྱུད་པའི་གཡོས་ཚང་ཁང་རྒན་དང་སྦྱར་ཏེ།  བུ་མོ་ཞིག་གི་མི་ཚེའི་ལས་དབང་བརྗོད་ཡོད།
 
༢༨.《ཨ་ཕ་ཆང་།》 ཚེ་དབང་རྣམ་རྒྱལ་གྱིས་བརྩམས།  ཤོག་ངོས ༣༩༦ བྱོན།  རིགས་དབྱེ།  སྒྲུང་ཐུང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས ༢༠༡༩ ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདིའི་ནང་དུ་སྦྲང་ཆར་སྨྱུག་གསར་བྱ་དགའ་ཐོབ་པའི་བརྩམས་ཆོས《གད་སྙིགས》སོགས་སྒྲུང་ཐུང་བཅུ་དྲུག་བསྡུས་ཡོད་ལ།  རྩོམ་པ་པོས་མི་སྣ་དང་པོ“ང”ཡིས་མཐོང་སྣེ་སྤྱོད་དེ་སེམས་ཁམས་ཞིབ་འབྲི་དང་།  མི་སྣའི་སྣང་བརྙན་གསོན་ཉམས་དང་ལྡན་པ་རེ་བཞེངས་སྐྲུན་བྱས་ཡོད།

༢༩.《ལྷ་བྱམས་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས།》ལྷ་བྱམས་རྒྱལ། ཤོག་ངོས ༢༦༧ བྱོན།  རིགས་དབྱེ།  སྒྲུང་འབྲིང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས ༢༠༡༦ལོར་དཔར་གཞི་བསྒྲིགས་ཤིང་།  ༢༠༡༩ལོར་དཔར་ཐེངས་གཉིས་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།] དེབ་དེ་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་གཡུ་དྲུག་དཀར་དཔེ་ཚོགས་སུ་བདམས་ཏེ་དཔར་བའི་དེབ་ཅིག་རེད།  དེབ་འདིའི་ནང་དུ《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པ་དང 《ལོ་དེ་ལ》《དབྱར་རྩྭ་དགུན་འབུ》གསུམ་གྱིས་གྲུབ་པའི་དེབ་ཅིག་རེད། 《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ནི་མི་སྣ་གཙོ་བོ་དཔལ་ལྷ་ཞེས་པ་ཞིག་བཞེངས་སྐྲུན་བྱས་ཏེ།  ཐག་རིང་ནས་ཡོང་བའི་བུ་མོ་ཞིག་གི་སྐྱིད་སྡུག་དང་།  བརྩེ་དུང་།  རེ་སྒུག  ཐོབ་ཤོར་སོགས་འཚོ་བའི་ནང་གི་མི་ཞིག་གི་སེམས་ཁམས་གསོན་ཉམས་དང་ལྡན་ཞིང་།  སྤྱི་ཚོགས་ཤིག་གི་ཟུར་ངོས་ཀྱི་རྣམ་པ་ཞིག་མེ་ལོང་དུ་གཟུགས་བརྙན་ཤར་བ་བཞིན་བསྟན་ཡོད། ཡང་བརྩམས་སྒྲུང་《ལོ་དེ་ལ》རུ་བུ་མོ་ཞིག་གི་རེ་སྒུག་དང་བུ་ཞིག་གི་ཡུལ་གྱར་གྱི་འཚོ་བ་སོགས་བྲིས་ཏེ།  བུ་མོ་དང་བུ་དེ་གཉིས་གཞལ་ཡང་འཛོམས་ཐབས་མེད་པར་བསམ་ཡང་།  ཚོང་པ་ཞིག་གི་སྐད་དང་།  དགེ་རྒན་གྱིས་ལམ་བསྟན་འོག་ཕན་ཚུན་ལ་མཐོང་མྱོང་མེད་པའི་ཕ་བུ་མཉམ་འཛོམས་བྱུང་ཞིང་།  བུ་མོར་ཡང་རེ་སྒུག་གི་དོན་འབྲས་སྨིན་པ།  ཕ་འཆི་ཁར་ཡུལ་གྱར་གྱི་བུ་དང་འཕྲད་དེ་མཇུག་བསྡུས་པའི་གཏམ་རྒྱུད་ཅིག་དང་།  བརྩམས་སྒྲུང《དབྱར་རྩ་དགུན་འབུ》ནི་འཚོ་ཚིས་ཀྱི་ཆེད་དུ་གཞན་ཡུལ་དུ་ཞོར་ལས་ལ་སོང་བའི་མི་གསུམ་གྱི་གཏམ་རྒྱུད་བཤད་དེ།  མི་ཡུལ་དུ་འཚོ་ཚིས་བཙལ་བར་ཡོང་མོད།  མི་ཡུལ་ནས་འཚོ་ཚིས་སམ་ཡོང་སྒོ་ནི་རྒྱ་ཆུང་ལ།  ལྷག་པར་ཆོས་འཛིན་གྱི་རོགས་པ་གཉིས་ནི་འཚོ་ཐབས་ལ་རྨོངས་པས་ཡོང་སྒོ་ཅུང་ཙམ་བྱུང་བ་དག་ཀྱང་།  སྐད་ཅིག་གི་བདེ་བར་བརྗེས་ཏེ་སླར་འུ་ཐུག་ཐབས་ཟད་དང་ལག་སྟོང་ངང་རང་ཡུལ་དུ་ལོག་དགོས་ཐུག་པ་དང་།  དཔའ་སྤོབས་ཀྱིས་ཕྱུག་པའི་ཆོས་འཛིན་ནི་རོགས་པ་ལམ་དུ་འཇུག་ཅིང་།  ཁོ་རང་ཡང་ལམ་དུ་ཞུགས་པའི་མི་སྣ་ཕལ་པ་གསུམ་གྱི་ལས་དབང་ངམ་བླང་དོར་ལ་མཁས་མིན་གྱི་ལམ་ཁ་ཡང་ཁ་ཁར་གྱེས་པའི་གཏམ་རྒྱུད་ཅིག་བརྗོད་དེ་སྒྲུང་གི་མཇུག་བསྡུས་ཡོད།
 ༣༠. 《སྦས་ཡུལ།》 གཡུ་རྔོག་ཚེ་བཀྲས་བརྩམས།  ཤོག་ངོས ༣༣༠ བྱོན།  མི་རིགས་དཔེ་སྐྲུན་ཁང་གིས ༢༠༢༣ ལོར་དཔེ་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]  དེབ་འདིར་སྒྲུང་ཐུང་བཅོ་ལྔ་བསྡུས་ཡོད་ལ།  རྩོམ་པ་པོ་ནི་རྟོག་སྒྲུང་རང་བཞིན་གྱིས་སྒྲུང་གཏམ་འབྲི་བར་འཇོན་ནུས་དང་བྱང་ཆ་ཆེ་བས།  གཙོ་བོ་སྦས་ཡུལ་དང་སྦས་གནས་ཀྱི་སྐོར་གྱི་གཏམ་རྒྱུད་དང་བྱུང་རིམ་བསྒྲིགས་ཏེ《སྦས་ཡུལ་གྱི་ལམ་པ》དང་།  《སྦས་ཡུལ·འཁོར་བའི་སྒྲུང》  《སྦས་ཡུལ•ཕྱོགས་ཆ་མེད་པའི་འཇིག་རྟེན》སོགས་ཕུལ་དུ་བྱུང་བའི་སྒྲུང་གཏམ་ཁོ་ན་བྲིས་ཤིང་།  《ཕྱོགས་ཆ་མེད་པའི་མེད་པའི་འཇིག་རྟེན》ལ་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཡང་ཐོབ།
 
༣༡.  《སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་སྒོ》བཀྲ་བྷས་བརྩམས།  ཤོག་ངོས ༣༦༣ བྱོན།  རིགས་དབྱེ།  རིག་གཞུང་།  སྤྱི་ལོ ༢༠༢༡ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས།   
 
[ནང་དོན་གནད་བསྡུས།]  དེབ་འདི་ནི་སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་ལས་དང་པོ་པ “ལོང་བ་ཐང་དཀྱིལ་དུ་ལུས་པ” ལྟ་བུའི་གསར་རྩོམ་པ་དག་གི་ལམ་སྟོན་མཁན་ཞིག་རེད་།  ༡.སྒྲུང་གཏམ་དང་།  ༢.བློས་སློང་།  ༣.ཁོར་ཡུག  ༤.མི་སྣ།  ༥.བྱུང་རིམ་བཅས་རབ་བྱེད་དམ་ས་བཅད་ཆེན་པོ་ལྔ་དང་།  ནང་གསེས་ས་བཅད་དུ་མར་ཕྱེས་ཏེ།  དོན་རེ་རེ་གསེད་བཀྲོལ་བྱས་ཏེ་བསྟན་ཅིང་།  སྤྱི་དང་བྱེ་བྲག་གི་དོན་རྣམས་ཀྱང་རང་གར་རིག་གཞུང་གི་འཆད་ཐབས་ཙམ་ལས་འགོངས་ཏེ་དོན་རེ་རེ་བཞིན་དཔེར་བརྗོད་ཀྱི་སྒྲུང་གཏམ་དུ་མ་དྲངས་ནས་དཔེ་དང་དཔེ་ཅན་སྦྱར་བའི་སྒོ་ནས་བསྟན་འདུག་ལ།  ད་དུང་དོན་ཚན་ཕལ་ཆེར་ལ “གསལ་འདེབས་ཕྲན་བུ”ཞེས་བརྗོད་ཟིན་གྱི་དོན་དེ་དག་གི་ཕྱོགས་བསྡུས་སམ།  དེ་དག་སྡོམ་དུ་དྲིལ་ནས་རྩོམ་པ་ལ་འཇུག་དུས་ངེས་དགོས་དགོས་ཤིང་དོ་སྣང་བྱ་དགོས་པའི་གནད་དང་། “བརྒྱ་བཤད་སྟོང་གི་རྩ་བ”མདོར་དྲིལ་ཏེ་བརྗོད་པ་སོགས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་དང་།   གཞུང་ལུགས་དང་ལག་ལེན་མཉམ་བསྲེས་ཀྱི་ཁྱད་ཆོས་དང་ལྡན་པའི་ངང་དུ་གསལ་འགྲེལ་བྱས་འདུག
 
༣༢.  《སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།》བཀྲ་བྷས་བརྩམས།  ཤོག་ངོས ༢༧༤ བྱོན།   རིགས་དབྱེ།  རིག་གཞུང་།  སྤྱི་ལོ ༢༠༢༢ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས།
 
[ནང་དོན་གནད་བསྡུས།]   དེབ་འདི་ནི་སྒྲུང་གཏམ་གསར་རྩོམ་སྐབས་གང་ཞིག་འབྲི་བ་དང་།  གང་ཞིག་མི་འབྲི་བ།  ཇི་ལྟར་འབྲི་བ་དང་།  ཇི་ལྟར་མི་འབྲི་བ་སོགས་ཀྱི་དྲི་བ་དང་དཀའ་གནད་མང་པོ་མང་པོ་ཞིག་དང་འཕྲད་སྲིད་པ་དག །སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་མི་ལོ་དུ་མར་གཞོལ་ཞིང་།  གསར་རྩོམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་རྩོམ་པ་པོ་གང་དེས་རང་གི་མྱོང་བ་དང་།  རིག་གཞུང་གི་རྒྱབ་བརྟེན་དུ་མ་ལ་ཁུངས་བཅོལ་ཏེ།  ༡.སྒྲུང་གཏམ་ཐད་ཀྱི་དྲི་བ་དྲིས་ལན།  ༢.བློས་སློང་ཐད་ཀྱི་དྲི་བ་དྲིས་ལན།  ༣.ཁོར་ཡུག་ཐད་ཀྱི་དྲི་བ་དྲིས་ལན།  ༤.མི་སྣའི་ཐད་ཀྱི་དྲི་བ་དྲིས་ལན།  ༥.བྱུང་རིམ་ཐད་ཀྱི་དྲི་བ་དྲིས་ལན།  ༦.རྣམ་པ་ཕྲ་མོའི་ཐད་ཀྱི་དྲི་བ་དྲིས་ལན།  ༧.སྒྲིག་གཞིའི་ཐད་ཀྱི་དྲི་བ་དྲིས་ལན་སོགས་གསར་རྩོམ་གྱི་ལག་ལེན་དངོས་ལ་འཇུག་དུས་འཕྲད་ངེས་པའི་དོན་ཚན་ཆེན་མོ་བདུན་དང་།  དོན་ཚན་དེ་དག་གི་ནང་གསེས་སམ་བྱེ་བྲག་པ་དུ་མར་བཀར་ཏེ་དྲི་བ་རེ་ལ་དྲིས་ལན་རེ་རེ་དང་།  དྲིས་ལན་གྱིས་སྐབས་ཀྱང་ལན་གྱིས་འཐུས་པ་རྣམས་པ་ལན་དང་།  ལན་གྱིས་མ་འཐུས་པ་དག་ལ་དཔེར་བརྗོད་རེ་རེ་དང་སྦྱར་ཏེ་དོན་ཚན་དང་དོན་ཚན་མ་འཁྲུགས་པར་སོ་སོའི་དོན་རྣམས་སོ་སོར་དྲངས་ཏེ་ཁྱོན་དྲི་བ ༣༧༨ ལ་དྲིས་ལན་ཡང ༣༧༨ བཏབ་ཏེ་སྒྲུང་གཏམ་གསར་རྩོམ་གྱི་དཀའ་གནད་སེལ་ཐབས་བྱས་ཡོད།
 
༣༣. 《ཏུན་ཧོང་གི་གནའ་ཡིག་ཕུ་བོས་ནུ་བོར་གཏམས་ཤིང་བསྟན་པའི་མདོ་ཞེས་པའི་རྩ་འགྲེལ།》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་འབྲུ་འགྲེལ་བྱས།  ཤོག་ངོས ༡༡༦ བྱོན།  རིགས་དབྱེ། ཁྱིམ་བསླབ།  མི་རིགས་དཔེ་སྐྲུན་ཁང་གིས ༡༩༩༤ ལོར་དཔར་གཞི་དང་པོ་བསྒྲིགས་ཤིང་།  ༢༠༡༣ ལོར་ཐེངས་གཉིས་པ་དཔར་སྐྲུན་འགྲེམ་སྤེལ་བྱས། 
 
[ནང་དོན་གནད་བསྡུས།]  དེབ་འདི་ནི་ཏུན་ཧོང་གི་གཏེར་ཡིག་ལས་བྱུང་བའི་བོད་ཀྱི་གདོད་མའི་དུས་སུ་ནས་བྱུང་ཞིང་།  བཙན་པོའི་རྒྱལ་རབས་ཡས་མས་སུ་ཡི་གེར་ཕབ་པར་དཔག་པའི་བོད་རང་གི་ཁྱིམ་ཚང་སློབ་གསོའི་དེབ་ཅིག་ཡིན་ལ།  དེབ་འདིའི་ནང་དུ་གཅེན་གཅུང་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་དུ་བོད་རང་གི་གདོད་མའི་གོམས་གཤིས་དང་བསྟུན་ཏེ།  འཇིག་རྟེན་མི་ལུགས་ཀྱི་སྤྱོད་པ་རྣམས་བླང་དོར་མ་འཆོལ་བར་བསྟན་ཅིང་།  གསལ་བར་བཀོད་པའི་དེབ་ཅིག་ཡིན།  དེབ་འདི་ནི་དམ་པའི་ཆོས་རྒྱ་གར་ནས་བོད་དུ་མ་དར་བའི་གོང་རོལ་དུ་བརྩམས་པར་གྲགས་པས།  འདིར་བོད་རང་གི་གོམས་འདྲིས་ལས་ཆོས་དང་མི་རིགས་གཞན་གྱི་རིག་གནས་ལྟ་ཚུལ་དང་།  བསམ་བློ་ཀུན་སྤྱོད་སོགས་མ་འདྲེས་པའི་བོད་ཀྱི་རིག་གཞུང་རྩ་ཆེ་ལ་གལ་འགང་ཆེ་བའི་དེབ་ཅིག་ཡིན།
 
༣༤. 《ཨ་མའི་ལག་པ།》བདེ་སྐྱིད་སྒྲོལ་མས་བརྩམས།  ཤོག་ངོས ༡༨༧ བྱོན།  རིགས་དབྱེ། ལྷུག་རྩོམ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས ༢༠༡༩ དཔར་སྐྲུན་འགྲེམ་སྤེལ་བྱས། 
 
[ནང་དོན་གནད་བསྡུས།]  དེབ་འདིའི་ནང་དུ་ལྷུག་རྩོམ་བཅུ་བདུན་བཀོད་ཡོད་ཅིང་།  རྩོམ་དེབ་འདི་ནི་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་མཐོང་སྣེ་སྤྱོད་དེ།  ཉམས་གུད་དུ་འགྲོ་བཞིན་པའི་རྩིས་ཐང་དང་རིན་ཐང་།  འཚོ་བའི་ཁྲོད་ཀྱི་དོན་བྱ་ཆུང་ངུ་དག་ཀྱང་ཞིབ་འབྲི་དང་གསེད་བཀྲོལ་བྱས་ཏེ།  ཕངས་སེམས་དང་བྲེད་སྔངས་ཀྱིས་ལམ་ནས་བྲིས་ཡོད། 
 
༣༥.《སྨན་བླ་སྐྱབས་ཀྱི་བྲིས་རྩོམ་གཅེས་བཏུས་ལས།  ལྷུག་རྩོམ་འདམ་སྒྲུག་མ།》སྨན་བླ་སྐྱབས་ཀྱིས་བརྩམས།  ཤོག་ངོས ༡༨༧ བྱོན།  རིགས་དབྱེ། ལྷུག་རྩོམ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས ༢༠༢༤ དཔར་སྐྲུན་འགྲེམ་སྤེལ་བྱས། 
 
[ནང་དོན་གནད་བསྡུས།]  དེབ་འདི་ནི《སྨན་བླ་སྐྱབས་ཀྱི་བྲིས་རྩོམ་གཅེས་བཏུས་དེབ་ཕྲེང་》སྟེ་དེབ་དྲུག་གི་བདག་ཉིད་ཅན་ལས་ལྷུག་རྩོམ་གྱི་སྐོར་ཡིན་ལ།  དེབ་འདིར་ལྷུག་རྩོམ་སྙན་ངག་སྐོར་གྱི་ཚན་པ་ཞིག་དང་།  འབོལ་རྩོམ་སྐོར་གྱི་ཚན་པ་ཞིག  བཅར་འདྲིའི་སྐོར་གྱི་ཚན་གཅིག་བཅས་ཚན་པ་གསུམ་གྱིས་གྲུབ་པའི་དེབ་ཅིག་ཡིན་ནོ།།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མཛོད་འཕྲིན་གྱི༢༠༢༤ལོའི་དཔེ་དེབ་བཀླགས་ཐོ།

2025-01-10 མཛོད་རྒུ·ཏིང་འཛིན་འཕྲིན་ལས།དཀར་མཛེས།) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།