དམྱལ་བའི་ཕྱི་མིག
དཀར་ངོགས་སུ་ངའི་གྲིབ་གཟུགས་ཡལ་ཉིན་ནས
བྱེ་ཐང་དུ་ཡང་ངའི་སྐང་རྗེས་བོར་བཞག
འཕོ་བ་འདེབས་མཁས་ཀྱི་བུ་མོ་དེའི་དྲིན་དུ
ངའི་དམྱལ་བའི་ལམ་རིམ་ཐོག་མ་ཟིན་སོང་ལ
ཨ་ལགས་ཚང་གི་ཞག་པ་བསྡམས་ཐོ་འགའ
ADIDASཡི་ཁུག་མར་བཅུགས་རྗེས
ངས་ཕ་ཡུལ་གྱི་གཞི་བདག་ལ་སྐད་ཆ་ཚིག་གཅིག་ལས་མ་ཞུས
ང་དམྱལ་ཁམས་སུ་བཞུད་འགྲོ
ངུ་སྐད་དང་དགོད་སྒྲ་འདུག
ལྷ་ཡུལ་གྱི་ཁུ་སིམ་ཁོ་ན་མི་འདུག
ཚ་གྲང་མངར་སྐྱུར་གྱི་རྒྱ་མཚོ་འདུག
མཐོ་རིས་ཀྱི་བཏང་སྙོམས་ཁོ་ན་མི་འདུག
དམྱལ་བའི་ཁྱམས་ར་ན
སྨག་རིམ་དང་ཐོ་རེངས་བཀྱེ་བའི་མེ་སྟག་འཚུབ་ཅིང
ངར་ཤེད་དང་ཧུ་ཤུ་འཐབ་པའི་འཁུན་ཙི་སྒྲོག
ཕ་ཡུལ་གྱི་མིག་ལྕིབས་ནག་པོར
སྤྲིན་དཀར་དང་འཇའ་འོད་ཀྱིས་བསླུས་པའི་རི་རབ་དག
སུ་ཡི་ལྷུང་བཟེད་ན་གདུ་བའི
འཁོར་བའི་རྒྱ་མཚོ་ལ་བནུབས་བཞག
དེ་རིང
དམྱལ་ཁམས་གྱི་ཀླས་སུ་མགོ་བོ་བཏུད་དེ
ཨ་ཅག་མའི་སྐྲ་གསེང་གི་ཚོན་མདངས་སྔོག་པ་ལྟར
སྨྱོ་ཐག་ཆོད་ཀྱི་ཀི་རིང་འདི་བཏབས་ན
དམྱལ་བའི་ལམ་བར་འདིར
ངའི་ཕ་ཡུལ་ལ་བརྡ་རྟགས་ཨེ་ཡོད་དམ
2011.6.30 འབར་ཁམས་སུ།
རྩོམ་ཁུངས། ངེད་དྲ་བ།