འབར་ཁམས་ཀྱི་མཚན་མོ།(ཞར་བཀོད་གཉིས་ཡོད)
སོ་མང་ཆུ་བོའི་བཞུར་རྒྱུན
ངའི་དྲན་པའི་ལྡོག་ཕྱོགས་སུ་འབབ
འདོད་རྔམས་དང་དྲག་ཤུལ
སྐྱེས་ཕོ་རབ་ཅིག་ལྟར་ལྡན་པའི་སོ་མང་ཆུ་བོ
མཚན་མོ་འདིར
ང་རང་གདུང་སེམས་ཀྱིས་མྱོས་པའི་བུད་མེད་ཅིག་ལྟར
ཁྱོད་ལ་འཁྲེང་དགོས་བྱུང་སོང
བརྗེད་ངེས་ལ་ཅོ་འདྲི་བ་ཡིན་ནམ
ཁམ་ནག་ཏུ་གྱུར་བའི་ཁྱོད་ཀྱི་ངོ་གདོང
ཡར་ཡར་འཕྱོ་བའི་དྲག་ཤུལ་གྱི་རྦ་རླབས
སོ་མང་ཆུ་བོའི་འགྲམ་ངོགས་གཉིས་སུ
གནམ་གྱི་ཀ་བ་འདྲ་བའི་བཙན་རྫོང་རེ་རེ་ཡར་འགྲེངས
མི་རབས་ཤིག་གི་དྲན་པའི་ཁུགས་སོ་རུ
གཡག་རོག་གི་ཟེ་བ་བཞིན་དུ་མཐོན་པོར་འགྲེངས་འདུག
ཆུ་ཆེན་རབ་བརྟན་རྒྱལ་པོ།
ཆུ་ཆེན་རྫོང་དུ་གནས་མལ་གཏོང་པའི་མཚན་མོར
རིམ་པ6.0ཅན་གྱི་ས་ཡོམ་གྱིས
ང་རང་ཐེངས་དང་པོར་སླེབས་སའི
རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི
འབར་ཁམས་བསྒུལ ཚོ་བདུན་དགོན་པ་བསྒུལ
དྲ་བའི་གསར་འགྱུར་བཟོ་མཁན་ཚོའི་ལས་ཀ་ལ
ཁ་དོག་ཅིག་གི་མདངས་བསྣན
འོན་ཀྱང ངས་དོ་ནུབ་བསམ་གཞིག་གཏོང་དོན
ས་འགུལ་དང་རྦད་དེ་འབྲེལ་བ་མེད
ཆུ་ཆེན་རབ་བརྟན་རྒྱལ་པོ
རིའི་འཕང་མནན་པའི་རྡོ་ཕ་བོང་གིས
འགག་དོག་མོ་རེ་ལ
གཉན་གྱི་སོ་མཁར་རྩིག་མཁན
སྐྱེས་པ་ཕོ་ཡི་ཞེ་སྡང་དང་དཔའ་ངར
མི་ལོ་ཉེར་དགུའི་གཡུལ་ས་ནས
ལོ་རྒྱུས་ཀྱི་བྲག་རིར་ངམ་གནག་གིས་བརྐོས
ཆུ་ཆེན་རྫོང་དུ་གནས་མལ་གཏོང་པའི་མཚན་མོར
གཡག་རོ་ལྟ་བུའི་རྡོ་ཕ་བོང་དེ་དག་ངའི་ཡིད་ལ་ཡང་ཡང་འཁོར་བྱུང
གཡུང་དྲུང་ལྷ་སྟེང་དགོན།
གཡུང་དྲུང་ལྷ་སྟེང་དགོན
རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་དུ
ཉི་འོད་ཀྱི་གསེར་ཆུས་བྱུག་པའི་ཞིང་ཚིགས་བཞིན
དར་ལྕོག་གིས་སྤྲས་པའི་ལྕགས་ཟམ་དེ་བརྒྱུད་དུས
ཡང་ཞིང་གཡོ་བ་དེ
ཡར་ཀླུང་རྩེད་ཐང་གི་སྙེ་རླབས་ལ་འཁྲུལ
ཁྱོད་ལ་ཆགས་འཇིག་ལན་གསུམ་བྱུང་ཟེར
ཁྱོད་ཀྱིས་དར་རྒུད་ཐེངས་གསུམ་བརྒྱུད་ཟེར
དོམ་ནག་འཕྲེད་ལ་ཉལ་འདྲའི་རྡོ་རིང་གི་ངོས་སུ
གཡུང་དྲུང་ལྷ་སྟེང་དགོན
དགེ་ལྡན་བསྟན་འཕེལ་གླིང
སྙན་ངག་འདི་གསུམ་ནི། གུས་པས་རྒྱལ་རོང་ཁོག་ནས་བྲིས་པའི་སྙན་ཚོམ"ཞང་ཞུང་ཤར་མཐའ་རྒྱལ་མོ་ཚ་བ་རོང་།"ཞེས་པ་ལས་ཚན་བཤུས་ཡིན།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།