ཡུམ། དྲན་པ་ནི་འཇའ་ཚོན་གྱིས་བཏེགས་པའི་སྤྲིན་ཕུང་ཞིག་རེད། (སྙན་ཚོམ།)
༡ མཚན་མོ་དེར། ཁྱོད་རང་གང་ན་ཡོད།
ཉི་ཟླ་རྙིད་དུ་ཤོར་བའི་ལོ་དེར
ང་རང་མུན་པ་ཁོ་ན་འཚོས་ཏེ་ཡོད་དམ
དུས་ཚོད་ཉེར་བཞི་ཟད་པའི་བརྒྱུད་རིམ་དེ
ང་རང་མུན་པ་ཁོ་ནར་གསོན་ཡོད
ཁྱོད་ཀྱི་དུས་ཚོད་འདི་ཡིས
མཚན་ཐུན་ཞིག་ཀྱང་མ་གཅོག་པར་གས་ཆག་ཤོར་དུས
འཇམ་མཉེན་པའི་བདག་གི་མི་ཚེ་འདི་ལ
ཡིད་རྟོན་རུང་བའི་གནས་ལུགས་ཅི་ཡང་མ་རྙེད
ནག་པོ་ཁོ་ནས་བསྡུ་བཟུང་བྱས་པའི་མཚན་ལམ་རིང་མོ
འུག་པ་ཞིག་གིས་ཀྱང་མི་ཐེག་པའི་སྨག་ནག་འདིའི་ཁྲོད་དུ
རྦབ་ཆུ་ཡང་ཡང་བབས་པའི་ང་ལ
དྲོད་རྟེན་རུང་བ་ནི་རྒྱབ་ཀྱི་རྫ་རི་ལས་མི་འདུག
ཁྱོད་རང་ཚོ་ས་ཕྱོགས་གཞན་དུ་སོང་རྗེས
ང་ལ་སྡུག་བསྔལ་ཆག་པའི་སྟ་གོན་མི་འདུག
འཇིག་རྟེན་ན་བདེ་སྐྱིད་གསལ་བར་མངོན་ཡང
སེམས་པའི་མིག་གིས་ཟིན་པའི་ཐབས་ཤེས་ཡེ་མ་བྱུང
མིའི་མཐོང་ས་ན་མེད་པའི་དུག་རླངས་དེས
ཁྱོད་ནི་ཉི་ནུབ་དང་འདྲ་བར་རྒྱང་ལ་ཁྲིད
ང་ལ་ལུས་པ་ནི་མཚན་ལམ་རིང་མོ་རིང་མོ་ཞིག་གོ
༢༠༢༢ ༩ ༣
༢ སླར་ཡང་ཁྱོད་དང་ཐུག་འཕྲད་སྲིད་དམ།
དུས་ཚོད་ཀྱི་ལྕེ་ཡིས་ཚེ་སྲོག་གི་མུ་ཏིག་བལྡགས
ཡུན་མི་རིང་པའི་ཚེ་སྲོག་གི་ཉིང་ཁུ
ལོ་ཟླའི་རྗེས་སུ ང་རང་ཁྱོད་དང་ཐུག་འཕྲད་སྲིད་དམ
ཡང་ན ཚེ་རབས་མང་པོ་བརྗེས་ཀྱང་བརྗེད་གསོ་མེད་པ་ལགས
ཡི་གེས་མཚོན་པའི་ནང་སེམས་ཀྱི་ཁ་དོག་འདི་དག
ངའི་ཤེས་རབ་ཀྱིས་འགྲེལ་ཐབས་ཡེ་མ་བྱུང
ཉིན་དེ་ནས་བཟུང ནམ་ཟླ་འགྱུར་བའི་འགོ་བརྩམས་པས
འཁྱག་སིབ་སིབ་ཀྱི་འཇིག་རྟེན་ལ་འགྲེལ་བཤད་གསར་དུ་རྒྱག་དགོས
གལ་ཏེ་ཆོག་ན “ཁྱོད་རང་ང་ཡི་ཉེ་སར་སྤྱོན་དང
འཁྱག་སིབ་སིབ་ཀྱི་འཇིག་རྟེན་འདི་རུ
ང་རང་གཅིག་པུ་འཚོ་བའི་དཔའ་གདེང་ཡེ་ནས་མི་འདུག”ཅེས་བཤད་འདོད
དུས་ཚོད་ཀྱི་ཕོ་བྲང་དུ་སྒྱུ་འཕྲུལ་གྱི་གསེར་སྒོ་བརྒྱབ
ལོ་ཟླ་ག་ཙམ་སོང་ཡང
སེམས་པའི་ཁོ་ལག་དང་སྦྲེལ་བའི་གྲང་ངར་འདི
ང་ཡི་རྒྱང་རིང་དུ་འགྲོ་བའི་གོམ་པ་འགུལ་ཙམ་མ་བྱས
ཁྱོད་ཀྱིས་ཤེས་སྲིད་དེ དྲན་གདུང་གི་ཉི་མར་ཅེར་ནས་འདུག་མཁན་ང་རང་ཡིན་ལ
ལྷ་ཚོགས་ཀྱི་ཞིང་བཀོད་དུ་མཆོད་པའི་སྤོས་མེ་སྒྲོན་མཁན་ཡང་ང་རང་ཡིན
ཁྱོད་རང་ང་ཡི་རྒྱང་རིང་ན་བཞུགས་ཀྱང་ང་ཡིས་ཁྱོད་རང་ཉེ་ས་ནས་སྒོམ
རྒྱུ་མཚན་ཅི་ཡང་མི་དགོས་ཏེ
དོན་པ་གསུམ་གྱིས་བརྩིས་ཟིན་ཙམ་བྱུང་ན་འཐུས་སོ
༢༠༢༢ ༨ ༣༡
༣ ཁྱོད་དང་འབྲེལ་བ་དག
དལ་ཅག་གེར་ལྷུང་འོང་བའི་མིག་ཆུ་རྡོག་པོ་འདི
ཁྱོད་ཀྱིས་སྡིག་ཉེས་བསགས་པའི་རྐྱེན་གྱིས་མིན་ནའང
ཤེས་རབ་ཀྱིས་གཞལ་བས་མི་ཆོད་པ་དེའི་རྐྱེན་པས་སོ
ཉིན་དེ་ནས་བཟུང
ལྷིང་འཇགས་ཀྱིས་མི་ཟིན་པའི་འཇིག་རྟེན་ཧྲིལ་པོ་དང
རྒྱུ་མཚན་མེད་པར་འདུག་པའི་སེམས་ཀྱི་ཕ་བོང་ཆེན་པོ་འདི
སྤྲིན་པ་ལེབ་མོ་གཅིག་ལྟར་ང་ཡི་ནམ་མཁའ་ན་འཚང་འོང
༢༠༢༢ ༩ ༣
༤ དུས་ཚོད་ཀྱིས་ཁྱེར་བའི་ཁྱོད་རང་།
དུས་ཚོད་ལི་ཐོ་བཞིན་ཕྱིར་སློག་ཆོག་པ་ཞིག་ཡིན་ན
ཁྱོད་དང་འབྲེལ་བའི་སྙན་ངག་གི་ཡིད་བརྙན་འདི་དག་ཀྱང
ཕ་བོང་དང་མཚན་མོ་ཞིག་ཏུ་འགྱུར་དོན་སུ་ཡིས་འཁུམ
༢༠༢༢ ༩ ༣
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།