རྨི་ལམ་དུ་སྙན་ངག་འབྲི་བཞིན་འདུག
ཅི་ཡང་མི་བསམ་པར་གཉིད་དུ་ཡུར་ན་འདོད
རླུང་གི་ཤེད་ཤུགས་དང་མེ་ཡི་དྲོད་ཚད་ཀྱང་མྱངས་མི་འདོད
མིག་གཉིས་བཙུམ་ནས
རང་ཉིད་འོད་སྣང་དང་ཡུན་ཙམ་ཁ་བྲལ་བར་བྱ
དེའི་རྗེས་ནས
སྙིང་གི་འཕར་ལྡིང་ཞི་ལྷོད་དུ་བཏང་ནས
གཉིད་ཀྱི་ཞིང་ཁམས་འགྲིམས་པར་བྱེད
འཇིག་རྟེན་རེ་ཞིག་ལྷིང་འཇགས་སུ་གནས་ཀྱང
རྨི་ལམ་ལྟ་བུའི་ཞིང་ཁམས་ཤིག་ནས་སླར་ཡང་འཕྲད་སྲིད་པ་འདི
ཆོས་ཉིད་ཀྱི་ལྕགས་ཀྱུ་བདག་གི་མགུལ་བར་བསྒྲོན་ནས
གཏིང་མཐའ་མི་མངོན་པའི་སྒྲུང་ཞིག་སླར་གསོས་བྱུང་ཏེ
བསྐལ་བའི་མེ་དཔུང་ལས་ཚྭ་དྲོད་ལྟ་བུ་ཞིག་མངོན་པར་གྱུར་བའོ
ཕལ་ཆེར་རྨི་ལམ་ཞིག་ཡིན་པ་འདྲ
རྨི་ལམ་དུ་སྙན་ངག་འབྲི་བཞིན་འདུག
མི་ཞིག་གི་ནང་སེམས་འབྲི་བཞིན་འདུག
ཐོག་མར་མིག་ཟུང་དང་དེ་ནས་རྐང་མཐིལ
མཐའ་མར་ཁོག་པ་དང་རུས་པ་སོགས
ཞིབ་ཅིང་ཕྲ་བར་འབྲི་བཞིན་འདུག
སྙན་ངག་བྲིས་ནས་མཚམས་ཤིག་ལ་སླེབས་རྗེས
ཟླ་བ་གཟའ་ཡིས་ཟོས་པ་བཞིན
ནང་སེམས་ཀྱི་ལྷུ་ཚིགས་ཤིག་ལྷོད་ཆགས་སེ
དམར་ཐིང་ངེར་གྱུར་བ་ནི
“རྨི་ལམ་ལས་བྲིས་པའི་སྙན་ངག་དེ
གོ་ལ་གཞན་ཞིག་ལས་ལུས་སོང་བ་དང་འདྲའམ”
2022/11/16ཉིན།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།