རྟ་ཕོ་ཁམ་པ།(ཞར་བཀོད་གཅིག་ཡོད)
མེ་འཁོར་ནང་གི་མཛེས་མ་དེ
གློག་བརྙན་འཁྲབ་གཞུང་རྩོམ་མཁན་ཞིག་ཏུ་གྱུར་སོང
གནམ་མཁར་ཟི་ལིང་ནས
མོ་དང་མཉམ་དུ་ཆང་དམར་མཆོད་པའི་སྐལ་བར་བསྒུགས
མོའི་མཛེས་པའི་བཞིན་རས་དང
མཆུ་ཡི་འདབ་མ་དེ
ཁ་བའི་མེ་ཏོག་དྭངས་ཤིང་གཙང་བ་ཞིག་ཏུ་གྱུར་ཏེ
ང་ཡི་སྙིང་ཁར་ལྷུང
ཚངས་མགུར་ཚན་པ་གཅིག་བཀླགས་རྗེས
ང་། ཕོ་བྲང་དམར་པོ་དང
བར་སྐོར་གྱི་ཉེ་སར་འབྱོར
ཕྱག་སྐོར་བྱེད་པའི་དད་ལྡན་དག་གི་ཉེ་སར་འབྱོར
རྟ་མཆོག་ཁམ་པ་རྔོག་རིང་དེའི
སྒ་སྲབ་དངུལ་གྱིས་ཤན
འབྲོང་སྙིང་རི་རྒན་གྱི་མགུལ་དུ་སྐྱེས་པའི
འབྲོང་ཚ་འབྲུག་མིང་བའི
བློ་རྟ་རུ་གྱུར
འབྲོང་རྭའི་ཕོར་པ་ཐོགས་པའི
ལ་གཞས་ཀྱི་གཟུངས་སྔགས་རྩོམ་མཁན་དེའི་བློ་རྟར་གྱུར་སོང
0971 མ་ལག་དེའི་ནང
ང་དགའ་ཤོས་ཀྱི་བོད་སྐད་གློག་བརྙན་བརྒྱ་ལྷག་འདུག
ཧྥན་རན་སིའི་གློག་བརྙན་དང
ཨ་རིའི་གློག་བརྙན
ཀྲུང་གོའི་འཁྲབ་སྟོན་པ་ཁྲིན་ཀྲིན་གྱི་དྲག་རྩལ་གློག་བརྙན་དག་འདུག
ངས་ལོ་གཅིག་གི་རིན་ཡོན་སྒོར་སུམ་བརྒྱ་སྤྲད་ནས
དེ་དག་ལ་རེ་རེ་བཞིན་བལྟས་ཟིན
འོན་ཀྱང་ངས་རྟ་ཕོ་ཁམ་པ་དེས་ཉེ་ས་ན་འཚེར་སྐད་སྒྲོག་པ་མ་གཏོགས
མེ་འཁོར་ནང་གི་མཛེས་མ་དེའི་སྙུག་འོག་ནས་ཡོང་བའི
དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་དག་མཐོང་མ་སོང
གཞོན་ནུ་མ།
1
ཨ་མྱེས་སྲིན་པོའི་ནགས་ཚལ་དང
བྲག་རིའི་ཕོ་བྲང་དུ་ཤྭ་བ་དག་ཇེ་མང་དུ་ཕྱིན
ཡུ་མོ་དག་ཇེ་མང་དུའང་ཕྱིན་སོང
ཤྭ་དང་ཡུ་མོ་དེ་དག་གི་ཆགས་སྤྱོད་བྱས་ཏེ་ཕྲུ་གུ་བཙས
རྔོན་པའི་མེ་མདའི་འཇིགས་སྐུལ་གྱིས
ཁ་ཁར་བཏང་རྗེས
ཁེར་རྐྱང་དུ་རྩྭ་ཟ་འདོད་དང་ཆུ་འཐུང་འདོད་མེད་པར
དྲན་པའི་ན་ཟུག་སྐྱེས་ཤིང
སླར་ཡང་ཐུག་འཕྲད་བཙལ
ངས། དེ་དག་དཔེ་དྲངས་ནས
ལ་གཞས་ཀྱི་ཚིག་བྲིས
2
པད་མ་ཚེ་བརྟན་གྱི་བརྩམས་སྒྲུང་དང
ལྷན་ཅིག
སྙན་ངག་དང་རི་མོའི་ལས་ཀ་ལ་ཧུར་བརྩོན་གནང་གིན
མི་ཚེའི་ཕུགས་བསམ་འཚོལ
རྨི་ལམ་འཚོལ
དུས་ཚོད་མཐའ་དག
སྙན་ངག་དང་རི་མོ་ལ་འབུལ་བཞིན་འདུག
སྙན་ངག་དང་རི་མོ་ལ་དགའ་བར་གྱུར་ཚེ
དེ་ལ་འབད་པ་བྱེད་པར
དཀའ་མོ་ཞིག་ཏུ་སྣང་གི་མེད
ལུག་ཤ་སྙི་མོ་དང་ཤ་མོ་ཞིམ་པོ
ཕག་ཤ་བསྲེགས་མའི་དགོང་ཟས་ཟོས་རྗེས
གླག་དང
རྒོད་པོ་དག
རི་མོར་བྲིས་ཤིང་བརྩམས་ཆོས་ཀྱི་སྒྲོམ་གཞི་བཟོ་བཞིན་འདུག
རི་མོ་ངོས་ཀྱི
འདབ་ཆགས་ཀྱི་ཕྲུ་གུ་དེ་དག
སྙིང་ཉེ་ཞིང
དེ་ལ་འོ་ཞིག་སྦྱོར་སྙིང་སྐྱེས
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།