བསེ་རུ་སྐྱ་བོ།
ཁ་སང་ཕྱི་དྲོ་གཉིད་ལས་སད་མ་ཐག ང་ནི་ཡུན་ཙམ་ལ་དྲན་པ་ཉམས་སོང་། དེ་དུས་འཇིགས་སྣང་ཕྲན་བུ་ཟམ་མི་ཆད་པ་དང་། ཅི་བྱ་ཆ་མི་འཚལ་བར་རེ་ཞིག་ལུས། དེ་རིང་སྔ་དྲོ་ངས་དོན་དག་དེ་ཚེ་ལ་ཞུས་པ་ན། མོ་ནི་ངའི་ལག་ཟུང་ལ་འཇུས་ནས། སྙིང་སྡུག་སྐྱག་སྒོང་འདྲ་བོ། མཚན་མོའི་ཆ་བཅུ་ལས་གཅིག་ནི་འུ་གཉིས་འདོད་པའི་དཔལ་ལ་རོལ་དགོས་པ་དཀོན་མཆོག་གིས་གཏན་འབེབས་གནང་འདུག དེ་ལས་ཆ་དགུ་བོ་ནི་རྨི་ལམ་གྱི་ཞིང་ནས་རྟོག་པ་ལྷོད་དེ་སྒྱུ་འཕྲུལ་གྱི་འཇིག་རྟེན་གསང་བའི་བདག་ཉིད་ཅན་གཞན་ཞིག་ལ་འགྲིམ་རྒྱུ་དེ་རེད། མི་མཇེད་འཇིག་རྟེན་ཞེས་པ་ནས་འདི་ལ་ཚེ་རབས་ཕྲེང་བ་ཞེས་ཀྱང་ཟེར། དཀོན་མཆོག་ལ་མི་མཆོད་ཅིང་། ལྷ་ཆོས་ལ་མི་གུས་པའི་ཁྱེད་ཀྱིས་གཟིགས་དང་། གུས་མོའི་མིག་ཟུང་འདི་ཆེས་ཆེར་བགྲད་དེ་ཁྱེད་ཞལ་དཀྱིལ་འཁོར་ལ་མཇལ་བ་ལས་གཞན་ཅི་ཡང་བལྟ་མི་བཟོད། ངའི་དབུགས་ཀྱི་རྒྱུ་བ་ཉག་ཕྲ་མོ་འདིའང་ཁྱེད་ཀྱི་སྙིང་དམར་པོའི་འཕར་ལྡིང་དང་མཉམ་གཤིབ་བྱས་ཡོད། འོ། དམྱལ་བ། ། གློ་བུར་དུ་སྨྱུག་མིང་ལ་གཟུགས་མེད་ཀྱི་གཏུབ་གྲི་ཟེར་བ་ཞིག་གིས་ང་ལ་ཁ་པར་ཐོན། ཚེ་ནི་གང་ཞིག་ལ་ཡིབ་སོང་བ་དང་གང་ཞིག་གིས་བཅད་སོང་བ་ལྟར་མཐོང་ལམ་ནས་ཡལ། དང་མ་ངས་མོ་རང་ཁ་པར་ལས་རྙེད་མེད་ཚེ། ཁང་སྟོང་འདི་ན་ང་ལ་ཁ་མི་གྲགས་པའི་ཅ་ལག་དང་། ཁུ་སུམ་གྱི་མུན་པ། རང་ཉིད་མཚམས་མཚམས་སུ་གློ་ལུ་བའི་སྒྲ་སྟོང་ལས་ཅི་ཡང་ཡོད་མི་སྲིད། མོས་ང་ལ་མཚམས་སྦྱོར་གནང་པའི་སྙན་ངག་པ་སྨྲ་ར་ཡང་ཡོད་མི་སྲིད། དེར་མ་ཟད། སྒྲུང་འདིའི་གྲིབ་མའི་ཆ་ཤས་ཙམ་ཡང་འུ་ཅག་གི་མིག་ཟུང་ལ་རྒྱུན་མི་ཐུབ་ཅིང་། དེ་ནས་སེམས་ཀྱི་མེ་ལོང་གི་ཟོལ་ལ་བརྟེན་ནས། སླར་ཡང་ཉི་འོད་འཁྱག་པོ་ཞིག་གི་འོག་ནས་རང་ལུས་ཀྱི་གྲིབ་མའི་ནང་ནས་གྲིབ་མ་འཕར་མ་ཞིག་འཕོ་མི་སྲིད་པ་རེད། ང་ལ་མཚོན་ན་དེ་ནི་གཞིར་བཞག་རེད། །
དེ་ལྟར་བསམ་ཞིང་། མི་འདོད་པའི་སྐྱོ་བ་དང་ངལ་དུབ་ཅིག་གི་དབང་དུ་གྱུར་ཡོད་ཀྱང་། ངས་ཁ་པར་གྱི་འཕྲིན་དེ་བསུས་ནས་མིག་རྡེབ་གཉིས་ཙམ་བྱས་པ་དང་། ངག་ཐོག་ནས། ཧི་མ་ལ་ཡའི་ཁ་བ། གངྒཱའི་ཀློང་གི་བྱེ་མ། མུ་སྟེགས་པ་ནི་རང་སོ་སོ་ཡིན། ཞེས་བཟློས་བ་ན། བར་དོ་ཚོགས་འདུ་ཁང་དུ་ལས་གྲོགས་ཚང་མས་ཁ་རོག་གེར་ང་གཅིག་པུ་བསྒུག་འདུག མདུན་ཅོག་རེ་རེའི་སྟེང་ན་གཟུགས་ཕྱི་གསལ་ནང་གསལ་གྱི་རྩིས་འཁོར་རེ་བཀོད་འདུག ངས་མཐེབ་མཛུག་གིས་བཤེར་རིས་དེ་པར་ལོག་བརྒྱབ་ནས་ཚོགས་འདུ་ལ་དངོས་སུ་ཐོ་ཞུགས་བྱས། ཐེངས་འདིའི་ས་མཁན་རྟགས་ཀ་བ -༡༧NB ཅན་དེས། ངེད་ཅག་གི་ཚོགས་དབུས་སུ་བརྙན་ཕབ། དེར་ང་རང་ཆུང་དུས་གྱི་པར་རྙིང་ཐེད་པོ་དང་ཡིག་ཚགས་ཆུ་རིས་དོད་པ་ཅན་འགའ་ཤས་རེ་རེ་བཞིན་བསྟན་རྗེས། བཀྲ་ཤིས་དཔལྡན་གྱི་དྲན་པ་ཨང་རྟགས་AC-BT༡༣༣ ཅན་ལ་སླར་གསོ་བྱེད་རྒྱུ་ཡིན་ཟེར། དེ་ནས་རྩིས་འཁོར་ནང་ལ་གཟུངས་གཞུག་གང་གང་དགོས་པ་དང་། སྟོང་སང་གི་འཕོ་བའི་གོ་རིམ་སོགས་སྣ་ཚོགས་པ་ཞིག་བཤད་རྗེས། ལས་གྲོགས་ཚང་མས་ཤེས་བྱ་དེ་དག་མ་ལུས་པར་རང་གི་རྩིས་འཁོར་ནང་ཅིག་ཅར་དུ་བཅུག་པ་མ་ཟད། འགའ་ཤས་ཀྱིས་ཤེས་བྱ་དེ་དག་རང་གི་དྲན་པའི་ནང་བསྐྱར་དཔར་བྱས། དེའི་རྗེས་སུ་ཚོགས་འདུ་གྲོལ་ནས་རང་རང་གི་གནས་སྐབས་ལ་ཕྱིར་ལོག
ང་རང་ལས་ཁུངས་འདིར་ཞུགས་ནས་བགྲང་བྱ་བཅུ་དགུ་ཙམ་འདས་ཟིན། འོ། ངས་ཁྱེད་ལ་དེ་ད་དུང་གསལ་བཤད་བྱེད་དགོས་པ་རེད། བུམ་པའི་ནམ་མཁའ་ཞེས་བྱ་བའི་ཁམས་འདི་ནས་བགྲང་བྱ་བཅུ་དགུ་ནི་ཀློག་པ་པོ་ཁྱེད་རང་གནས་བའི་མི་མཇེད་འཇིག་རྟེན་ཞེས་པ་ནས་ལོ་སྟོང་དང་དགུ་བརྒྱ་ཡིན། ང་རང་བུམ་པའི་ནམ་མཁའ་ཞེས་བྱ་བའི་ཁམས་སུ་གནས་མ་སྤར་བའི་སྔ་རོལ་དུ། ང་ནི་མིའི་རིགས་ཀྱི་གྲོང་ཁྱེར་ཁུ་བྱུག་རྫོང་ཟེར་བ་ཞིག་ནས་གནས་སྐབས་ཀྱི་སྡོད་དམངས་ལག་ཁྱེར་རྫུན་མ་ཞིག་ལ་བརྟེན་ནས་འཚོ་བ་རོལ། ཡང་འཚོ་བ་རོལ་ཟེར་ན། དང་མ་དེ་ནི་ཅི་ཞིག་ཡིན་པ་ངས་ཤེས་མ་སོང་། དེ་རུ་མཚན་མོའི་ཆ་ནི་གཅིག་ལས་མེད་ཅིང་། ཆ་གཅིག་པུ་དེ་ནས་མིའི་རིགས་ཀྱིས་ཉིན་མོའི་གསང་བ་མཐའ་དག་ཉར་ཚགས་བྱེད་ཚར་དགོས། དཀོན་མཆོག་གིས་དང་མ་ཁྱེད་ཅག་གི་མཚན་མོ་ཇུས་འགོད་བྱེད་དུས་སུའང་། སྲིད་པའི་དངུལ་ཊམ་གཅིག་གིས་རྒྱུ་བ་བྱས་ནས་བཟོས་པས། དུས་ཚོད་ཟེར་བ་ནི་ཁྱེད་ཅག་ལ་ཤིན་ཏུ་ནས་ཀྱང་ལྐོག་གྱུར་ཞིག་ཡིན་ཚོད་རེད། དཔེར་ན་དུས་གསུམ་ཞེས་འདས་མ་འོངས་ད་ལྟ་གསུམ་ལ་དབྱེ་ཡོད་ཀྱང་། དོན་དུ་དུས་སམ་ངོས་ནི་གཉིས་ལས་མེད། དེ་ནི་དྲན་པ་དང་ད་ལྟ་གཉིས་སོ། །དེ་ལས་ད་ལྟ་ཟེར་བའང་ལྐོག་གྱུར་ཞིག་ཡིན། ངས་དེ་ནི་མིའི་རིགས་ཀྱི་སྐད་ནས་གསལ་བཤད་བྱེད་མི་ཤེས། ལྷག་པར་ད་སྐབས་མིའི་རིགས་ལ་ཡོངས་སུ་གྲགས་པའི་བོད་སྐད་ཅེས་པ་འདིས་ང་རང་སྨྲ་བསམ་བརྗོད་འདས་ཀྱི་རྒྱ་རུ་འཚུད་པར་བྱེད། དེ་བས་ད་ལྟ་ཉིད་སྒོམ་པ་ནི་དཀོན་མཆོག་གི་ཐུགས་རྗེའི་མཁའ་རླུང་གཏོང་ལེན་བྱེད་པ་ལགས། ། འོན་ཀྱང་། དྲན་པ་ནི་ནམ་མཁའ་ཇི་བཞིན་རྟག་བརྟན་གྱི་མི་རྟག་པ་ཉིད་དོ། །
ད་ལྟ་ང་རང་སླར་ཡང་རང་གི་གནས་སྐབས་སུ་གྲོང་འཇུག་བྱས་ཡོད། ངས་མུ་མཐུད་དུ་ཚེ་ཡི་ཁ་པར་ལ་ཉན་པ་ན། མོ་ནི་ད་དུང་ངའི་ལག་ཟུང་ལ་འཇུས་ནས་ཡོད། ང་རང་བཏང་མི་འདུག གལ་ཏེ་ང་རང་མི་མཇེད་འཇིག་རྟེན་ན་ཡོད་ཚེ། གང་ཟག་པར་མའི་ཚེ་ཞིག་གིས་ང་རང་སྔ་མོ་ནས་ལག་པས་ལྷོད་ཡོད་པ་མ་ཟད། མོ་རང་ཡང་གཞི་བདག་གཞན་ཞིག་གི་འཁོར་གཡོག་ལ་སྐྱེས་ཡོད་ངེས། སྐབས་འདིར་ཚེ་ཡིས་སྔ་མའི་འཕྲོར་མཐུད་ནས་བཤད་རྒྱུར། ངའི་དྲན་པ་ནི་ཆོས་ཉིད་ལྡན་པའི་སྣང་སྲིད་ཀྱི་རྙོག་འཛིང་ཡིན། ངེད་གཉིས་ཀྱང་རྩེད་དགར་རོལ་བའི་རྒྱུ་སྐར་གྱི་ཕུང་བོ་རེ་རེ། ངེད་གཉིས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྨི་ལམ་ཡོད། སྐད་ཆ་འདི་ནི་མིའི་རིགས་ཀྱི་སྐད་ལས་བྱེ་བྲག་བོད་སྐད་དུ་སྒྲ་བསྒྱུར་བྱས་ཚེ་འདི་ལྟ་སྟེ།
ཁ་རོག་གེར་སེམས་ནས་འཁང་ར་ཇི་ལྟར་བརྒྱབ་ཀྱང
མིག་མདུན་གྱི་ཁྱེད་ནི་ང་ལས་ཀྱང་སྨྲ་བ་མེད་པར་ལུས
མིག་བཙུམ་ནས་ཁྱེད་ལ་བཤད་འདོད་ཀྱི་སྐད་ཆ་བློས་བསླངས་བྱས
ཇི་ལྟར་ཡིན་ཡང་ཁྱེད་ནི་ང་དང་ལྷན་དུ་སྡོད་མི་ཚུགས
ཁ་བ་བབས་རྗེས་ངས་གངས་ནང་དུ་བྲིས་པའི་རི་མོ་ནི
ང་རང་གི་རྐང་རྗེས་དང་ཐང་ལ་འགྱེལ་བའི་ཤུལ་ཙམ
སྙན་ངག་པ་སྨྲ་ར་ཡིས་གུས་མོའི་འགྱུར་འདི་ལ་ཞུ་དག་རབ་དང་རིམ་པ་གནང་བ་མ་ཟད། ངེད་གཉིས་ཀྱིས་ཀྱང་བགྲང་བྱ་དུ་མའི་རིང་ལ་བསེ་རུ་སྐྱ་བོ་ཞེས་བྱ་བའི་མུ་སྟེགས་པའི་ཟློས་གར་དང་དེའི་གཞུང་ལ་ཐོས་བསམ་དང་ཉམས་ལེན་བྱས་པ་ཡིན། ཞེས་ཟེར། །
དེ་ནས་ངས་སླར་ཡང་མཚན་མོའི་རྣམ་པ་ཕབ་ལེན་བྱས། ཚེ་དང་ངེད་གཉིས་འདོད་པའི་དཔལ་ལ་རོལ་བའི་ཆ་གཅིག་གི་ལྗོངས་སུ་འཛུལ། ལྗོངས་དེ་རུ་ཞུགས་པ་ན། རི་འདབས་སུ་ཁ་བ་དཀར་བོ་མ་ཞུས་པར་ལུས། སྤང་ཁུག་ལ་སྟོན་རླུང་བར་མེད་དུ་རྒྱུ། དར་ལྕོག་རླུང་གིས་བསྐྱོད་པའི་འདར་སྒྲ་ནི་མུ་ནས་མུ་རུར་འབྱིན། ཉི་འོད་ནི་ཤུལ་ཙམ་ཡང་མེད་པར། མུན་པ་དང་ཟླ་འོད་འདྲེས་པའི་ཁ་དོག་ཅིག་གིས་གང་བར་བྱས་འདུག ང་རང་ཡང་འཁྱག་སྣང་གིས་དེད་ཡོང་། དེ་མ་ཐག་མགོ་བོ་སྒུར་ཙམ་བྱས་ནས་སྦྲའི་ནང་ལ་འཛུལ་བ་ཡིན། བྱི་ལ་ནག་པོ་ཞིག་ནི་ཚེ་ཡིས་པང་ལ་བླངས་ནས་བྱིལ་བྱིལ་བྱེད་བཞིན་འདུག སྐབས་དེར་ཚེ་ཡིས་ང་རང་མཐོང་མ་ཐག་ངའི་སར་བརྒྱུགས་ཡོང་། ངེད་གཉིས་ཕན་ཚུན་ལ་དམ་པོར་འཐམས། མཆི་མ་དྲོན་པོས་མོའི་མིག་ཟུང་ནི་བརླན་འདུག་པ་དང་དེ་ངའི་གདོང་ལ་བསྒོས་བས་ང་རང་ཡང་སྐྱོ་ཤས་ཀྱི་མདོག་སྔོན་པོ་ཞིག་གིས་ཡོངས་སུ་བསྣུན། ངས་མོའི་འགྲམ་པ་སྨུག་མདངས་ཅན་དེ་ལག་ཟུང་གིས་བསྐྱོར་ཏེ། ངའི་མཆུ་ནི་མོའི་མཆུར་སྦྱར། ངེད་གཉིས་ནི་མ་གྲོས་གཅིག་མཐུན་གྱིས་ཐང་ལ་འགྱེལ་བ་ན་སྐད་ཅིག་གི་རིང་མཐིལ་མེད་པ་ཞིག་ལ་ལྟུང་བར་གྱུར། དུས་དེར་ངས་བརྙན་དུམ་འདི་ཁ་པཪ་ནང་ཉར་ཚགས་བྱས་མོད། རྗེས་སུ་ཙི་ཙི་ཟེར་བའི་གཞས་པ་ཞིག་གིས་བརྙན་འདི་རྐུན་མ་བརྐུས་ནས་ཁོའི་MVརུ་བཟོས་འདུག དེར་མ་ཟད། ཁོ་རང་རྡོ་རྗེ་དཀྱིལ་དཀྲུངས་སུ་བསྡད། ལག་གཡས་ནི་རྣ་རྒྱབ་ལ་བཞག་ནས་མི་ལ་རས་པས་མགུར་བཞེངས་བའི་ཕྱག་རྒྱར་ལད་ཟློས་བྱེད། འོན་ཀྱང་གཡོན་ལག་ནས་ཁུ་ཚུར་ཕྱར་ཏེ་གོང་མཛུབ་གཅིག་པུ་གྱེན་དུ་འགྲེང་བར་བྱེད། གླུ་སྤེལ་མ་ལྟ་བུ་ཞིག་ལེན་བཞིན་ཡོད་པ་དེ་ལས་གླུ་ཚིག་གཅིག་ནི་གཤམ་ལྟར།
ང་ནི་གཟེབ་ནང་གི་སྦལ་བ་བཙོག་པོ་ཞིག་ཡིན།
ངའི་སྟོང་བསམ་ཁོ་ན་མཛེས་ཤིང་ལྟ་ན་སྡུག
ཆུ་ཚོད་ཅི་ཙམ་འགོར་མ་སོང་བ་ནི་མ་ཤེས་མོད། ཆར་དུས་ཤིག་ལ་རས་གུར་ནང་ཉལ་ནས་ཆར་སྒྲར་ཉན་སྐབས། སྒྲུང་འདི་ལ་མཇུག་སྐྱོང་བའི་ཐབས་ནི་སྣ་ཚོགས་པ་ཞིག་ཡོད་པ་ཤེས་ཀྱང་། ཚེ་ནི་རང་སེམས་ནས་དུས་རྟག་པར་དྲན་པ་དང་། དུས་དང་ཚེ་ནི་དབྱེར་མེད་དུ་གྱུར་བའི་སྐད་ཅིག་གི་ཕྲེང་བ་རེ་རེར། ངའི་ངག་ནས་སེམས་སྲུང་གི་སྔགས་བཞིན་བཟློ་བར་གྱུར་བ་ནི། ཧི་མ་ལ་ཡའི་ཁ་བ། གངྒཱའི་ཀློང་གི་བྱེ་མ། མུ་སྟེགས་པ་ནི་རང་སོ་སོ་ཡིན།།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།