ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་གསར་པ། 《གཉེན་སློང》

ཚེ་རིང་དོན་གྲུབ།(ཟི་ལིང) 琼迈文学网 2023-02-13

  ང་ནི་ངོ་བསྟོད་བྱས་ན་དམྱལ་བའི་འཕྲང་ལའང་རྒྱུག་མཁན་དེའི་རིགས་ཡིན། དེ་སྔ་བྱིས་པ་ཡིན་དུས་གཞན་གྱིས་འདི་དྲང་མོ་ཡིན། འདི་མགྱོགས་པོ་ཡིན་ཟེར་ན་དབུགས་འཆད་ལ་ཁད་ཀྱིས་རྔ་མ་དྲུག་སྟེང་དུ་བཟུང་ནས་ཞོགས་འགྲོ་བའི་ནོར་ཁྱུའི་རྗེས་བསྙེགས་ཏེ་ཕྱིར་དེད་ཡོང་། དེ་ནས་སློབ་གྲྭར་སོང་དུས་དགེ་རྒན་གྱིས་གཟེངས་བསྟོད་རེ་བྱས་ཚེ་སྲོག་བསྡོས་ནས་སློབ་སྦྱོང་བྱེད་པ་དང་མི་བཟང་དོན་བཟང་གང་མང་བསྒྲུབས་མྱོང་། དཔེར་ན་ཁངས་བབས་དུས་ཉལ་ཁང་ནས་ཟ་ཁང་བར་དང་། སློབ་ཁང་ནས་སྤྱོད་ཁང་བར་གྱི་ལམ་ཕྱགས་མྱོང་བ་ལྟ་བུ་རེད། རྗེས་སུ་བྱ་བར་ཞུགས་རྗེས་ཀྱང་མགོ་གཙོས་གཟེངས་བསྟོད་རེ་བྱས་པ་དང་། ལྷག་པར་དུ་སྔོན་ཐོན་མི་སྒེར་ཟེར་བའི་ཤོག་ལེབ་ཅིག་གི་བྱ་དགའ་ཐོབ་ཚེ་ལས་ཁུངས་དེའི་ལས་ཀ་མང་ཤོས་ཉིན་ལ་མཚན་མཐུད་ནས་ང་གཅིག་པོས་བསྒྲུབས་པ་ཡིན། ད་དུང་སུ་ཞིག་གིས་འདི་ལ་གཏོང་ཕོད་ཆེ། སྒོར་མོ་ནི་ཤོག་ཆད་ཙམ་ལའང་མི་རྩི་ཟེར་ན་ངས་དེ་ལ་ཟས་ཆང་གིས་མགྲོན་ཡག་པོ་བྱེད་ངེས་ཡིན། གྲོགས་པོ་གསར་བརྗེ་ནི་ནམ་རྒྱུན་ང་ལ་ངོ་བསྟོད་བྱས་ནས་མགྲོན་བྱེད་དུ་འཇུག་མཁན་གཙོ་བོའི་གྲས་ཡིན། དེ་རིང་ཁོས་ང་ལ་ཁ་པར་བཏང་སྟེ་འབྲོག་ཁྱིམ་ཟ་ཁང་དུ་ཤོག་དང་ཁོས་མགྲོན་བྱེད་ཟེར་བ་ན་ང་ལ་ངོ་བསྟོད་མི་བྱེད་མཁན་གཅིག་པུ་སྟེ་ངའི་སློབ་གྲོགས་ཁ་སེར་གྱིས་ང་ལ་དོན་དག་ཅིག་བཅོལ་ཡོད་པ་དེ་རང་ཤུགས་ཀྱིས་སེམས་ལ་དྲན།

  ལོ་འགའི་སྔོན་ནས་གསར་བརྗེ་ལ་ཚོ་བུད་པའི་དུས་མཚུངས་སུ་ཁྲད་ཤེད་ཇེ་མཐོར་སོང་། ངོ་མདོག་སྔོ་ནག་ཏུ་གྱུར། མིག་རྩ་དམར་པོར་གྱུར་འདུག ཡིན་ནའང་ཁོ་ནམ་ཡང་འཛུམ་དམུལ་དམུལ་དུ་འདུག་པས་སེམས་ཁམས་སྐྱིད་པོ་ཡིན་པ་འདྲ། ང་ལ་ངོ་བསྟོད་འགྲོ་བའི་རང་གཤིས་འདི་གསར་བརྗེ་ལ་ཧ་ཅང་རྒྱུས་མངའ་ཡོད་པས་ཁོས་ངོ་ཕྲད་མ་ཐག་ནས་འཛུམ་དམུལ་དམུལ་གྱིས་ང་ནི་ཁོའི་མ་གཅིག་གི་སྤུན་དང་འདྲ་བའི་གྲོགས་པོ་ཆེས་འདང་ཅན་ཡིན་རབས་ཟེར་ནས་སེམས་འགུལ་ཐེབས་སུ་བཅུག་པ་དང་། དེ་ནས་ང་ལ་ཁ་ལྕེ་ཡོད་རབས་དང་ནུས་པ་ཆེ་རབས། སྒེར་གཞུང་གི་ལས་ཅི་ཞིག་ཡིན་ནའང་ངས་བསྒྲུབས་ན་མི་འགྲུབ་པ་གཅིག་ཀྱང་མེད་རབས་གང་མང་བཤད་ནས་གནམ་ལ་འཕུར་དུ་བཅུག་སྟེ་ས་ལ་འབབ་ཐབས་མེད་པ་ཙམ་བཟོས། མཇུག་མཐར་ཁོའི་བུའི་དགའ་རོགས་དེ་ངའི་སློབ་གྲོགས་ཁ་སེར་གྱི་བུ་མོ་ཡིན་པས་ང་བུ་མོ་དེ་མནའ་མར་སློང་དུ་འགྲོ་དགོས་ཟེར་བ་དང་། ད་དུང་ང་ལ་སྐད་ཆ་བཤད་དབང་མ་བྱིན་པར་ཁ་སེར་ནི་ངས་ཤར་ནུབ་གང་ལ་འཁྲིད་བསམ་ནའང་ཚེགས་མེད་དུ་ཁྲིད་ཐུབ་རབས་བཤད། གཞན་ཡང་ངའི་འགྲོ་རོགས་ཁོའི་སྐུད་པོ་ཡིན་ལ། དེར་ཡང་གཏམ་ཁ་ལྕེ་ཡོད་རབས་ཟེར་བས་ང་དེ་མ་ཐག་ཡིད་ཆད་སོང་། གང་ཡིན་ཟེར་ན་ཁོའི་སྐུད་པོ་དེ་ནི་གློས་ཁ་ནག་ཅིག་ཡིན་པ་དང་། ལྷག་པར་དུ་མི་ཤེས་ཤེས་མདོག་བྱེད་མཁན་ཞིག་ཡིན་པར་མ་ཟད་ད་དུང་དོན་སྙིང་མེད་པའི་གཏམ་དཔེའི་རྒྱུན་མཐུད་དེ་དོན་གྱི་འབྲས་བུ་འཛིན་མི་ཤེས་པ་དེའི་རིགས་ཡིན། ད་དེ་དག་གླེང་ན་དགོས་པ་མེད། གཙོ་བོ་སློབ་གྲོགས་ཁ་སེར་གྱིས་དེ་སྔོན་ང་ལ་བཅོལ་བའི་ལས་དེ་འགྲུབ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན།

  སྤྱིར་ན་ངའི་ཕ་ཡུལ་དུ་གཉོད་དགོས་ཟེར་མཁན་ཕལ་ཆེར་མེད་མོད། འོན་ཀྱང་དེ་ནི་གཏན་ནས་མེད་པའང་མིན་པར་མ་ཟད་ལོ་འདི་གར་གཉོད་ལེན་མཁན་ཇེ་མང་དང་གཉོད་ཀྱི་གྲངས་ཀ་ཇེ་མཐོར་འགྲོ་བཞིན་ཡོད་ལ། དེ་ལ་ད་རུང“ཉེ་རྟགས”ཟེར་ནས་ཡག་བཤད་བྱེད་བཞིན་ཡོད་པས་ངས་གྲོགས་པོ་གསར་བརྗེ་ལ“རེད། འུ་གཉིས་མ་གཅིག་གི་སྤུན་དང་འདྲ་བས་ཁྱོད་ཀྱི་བུ་ལ་མནའ་མ་སློང་དུ་ང་མི་འགྲོ་སུ་འགྲོ། ཡིན་ནའང་གལ་ཏེ་དེ་ཚང་གིས་རིན་དགོས་ཟེར་ན་སྟེར་རམ་མི་སྟེར། སྟེར་ན་ཅི་ཙམ་སྟེར། འདི་ལ་སྔོན་ནས་གྲ་སྒྲིག་ཡོད་ན་འགྲིག”ཅེས་བཤད།

  “ཨ། དེ་འདྲ་མི་བཤད་པཱ།”གསར་བརྗེའི་ངོ་མདོག་སྔར་ལས་ཇེ་ནག་ཏུ་གྱུར་སོང་། ཁོ་པར་སེར་སྣ་ཆེ་བའི་ལོ་རབས་ཉིན་མཚན་དགུ་ལའང་བཤད་མི་ཚར། དཔེར་ན་ད་ཐེངས་ཁོས་རང་གི་དོན་དག་དེ་བསྒྲུབ་ཕྱིར་ང་ཟ་ཁང་འདིར་བོས་པར་མ་ཟད་ཁ་ནས་ཁོས་མགྲོན་བྱེད་ཟེར་ནའང་མཇུག་མཐར་ཟས་རིན་རྩིས་རྒྱག་ལ་ཉེ་དུས་ཁོས་ཇ་འཐུང་མཚམས་མི་འཇོག་པར་ངས་ཟས་རིན་སྤྲོད་ཚར་རག་བར་དུ་ཡར་ལང་མི་སྲིད། ནམ་རྒྱུན་ཁོའི་ཉེ་འཁོར་གྱི་མི་རྣམས་ཀྱིས་ཀྱང་ཟ་མ་ཟོས་ཚར་རྗེས་གསར་བརྗེའི་ཇ་དེ་ཇེ་ཞིམ་ལ་བུད་འགྲོ་ཟེར་ནས་ཟུར་ཟ་བྱས་ནའང་ཁོས་དེ་དག་མ་གོ་ཁུལ་གྱིས་དོན་དག་གཞན་ཞིག་གླེང་བར་བྱེད།

  “ངས་གལ་ཏེ་ཟེར་བ་ཡིན།”

  “……”

  “ད་རུང་གཉེན་སྒྲིག་བྱས་རྗེས་བཟའ་ཚོ་གཉིས་ཀ་ཁེར་བུར་འདུག་དགོས། ཁང་བ་ཉོ་དགོས། རླངས་འཁོར་ཉོ་དགོས་ཟེར་ན། དེང་སང་དེ་འདྲའི་ཆ་རྐྱེན་འདོན་མཁན་མང་པོ་ཡོད།”

  “རེད་ཡ། ད་ཅི་བྱེད།”

  “ད་རུང་ཁང་པ་སྨི་གྲུ་བཞི་མ་ག་ཚོད་ཀྱི་ཡན་དང་། རླངས་འཁོར་སྒོར་ཁྲི་ཚོ་ག་ཚོད་ཀྱི་ཡན་ཟེར་མཁན་ཡོད།”ངས་བསམ་གཟས་ནས་དེ་ལྟར་བཤད་པ་ན་གྲོགས་པོའི་ངོ་མདོག་མངོན་གསལ་གྱིས་ཇེ་ནག་དང་ཇེ་བཙོག་ཏུ་གྱུར། ཐོག་མའི་འཛུམ་དེ་ནི་ཤུལ་ཙམ་ཡང་མཐོང་རྒྱུ་མི་འདུག མཚམས་ཤིག“གལ་ཏེ་དེ་འདྲ་བཤད་ན་ད་ཁྱོད་ཀྱི་རྩལ་ལ་ཐུག ཁྱོད་ཀྱི་སློབ་གྲོགས་ཁ་སེར་དེ་ཁྱོད་ཀྱིས་ཅི་ལྟར་བསྐོར་བསམས་ན་དེ་ལྟར་བསྐོར་ཐུབ་པ་མིན་ནམ།”ཟེར།

  “དེ་ངས་བསྐོར་ཐུབ་ན་ཐང་། ཡིན་ནའང་དེའི་ཨ་ཕ་བློ་བཟང་ཁ་ཡག?དོན་དག་འདི་འདྲ་ཁོས་ཨ་ཕ་ལ་གྲོས་མ་བྱས་པར་གཅིག་ཐག་གཅོད་མི་སྲིད་པཱ?དེས་ན་བློ་བཟང་ཁ་ཡག་གིས་ཁ་དགོད་ཞོར་མི་གསོན་པོར་བཞུས་འཇོག་ཟེར་བ་ཁྱོད་ཀྱིས་གོ་མ་མྱོང་ངམ། ང་དེའི་དོ་ཟླ་གང་ནས་ཡིན། ཁྱོད་ཀྱི་སྐུད་པོས་ཀྱང་གཏམ་དཔེ་འགའ་བཤད་ཤེས་པ་མ་གཏོགས་དོན་དངོས་སུ་བློ་བཟང་ཁ་ཡག་གི་དོ་ཟླ་མིན་པ་ཁྱོད་ཀྱིས་ཀྱང་ལོས་ཤེས།”

  བློ་བཟང་ཁ་ཡག་ལ་གཏམ་ཁ་ལྕེ་རྒོད་ཅིང་བློ་རིག་པ་མྱུར་བས་སྔོན་ཆད་རྩྭ་ས་རྩོད་གླེང་གི་གྱོད་ཆེན་བཤད་སྐབས་ཀྱང་གཟུ་བར་བདམས་མྱོང་བས་ང་ངོ་མ་དེའི་དོ་ཟླ་ག་ལ་ཡིན།

  གྲོགས་པོའི་ངོ་མདོག་ཇེ་བཙོག་ནས་ཇེ་བཙོག་དང་སྐད་ཆ་ཇེ་ཉུང་ནས་ཇེ་ཉུང་དུ་སོང་། དང་པོ་ཁོས་ང་འཕུར་དུ་འཇུག་སྐབས་ཀྱི་ལྟ་སྤྱོད་རྦད་དེ་ཤོར་ནས་ཕལ་ཆེར་སེམས་སྡུག་ནང་ལ་ལྷུང་། སྐབས་དེ་དང་བསྟུན་ནས་ངས་ཀྱང་མུ་མཐུད་དུ“གལ་ཏེ་ཁྱོད་ཀྱིས་རང་གི་བུ་མོ་མནའ་མར་སྟེར་ན་རིན་ལེན་ནམ་མི་ལེན། ལེན་ན་ག་ཚོད་ལེན། དྲང་མོར་ཤོད།”ཅེས་བཤད།

  “དེར་ངས་འདང་རྒྱག་མ་མྱོང་།”

  “ཡང་ན་གལ་ཏེ་ཁྱོད་ཀྱི་ཞི་ལི་ཁོ་ཚང་ལ་མག་པ་བྱིན་ཟེར་ན?”

  “དེ་དཔེ་མི་སྲིད།”

  “དེ་དཔེ་ལོས་སྲིད། ཁ་སེར་ལ་བུ་མོ་གཅིག་པོ་མ་གཏོགས་ཕྲུ་གུ་གཞན་ཡོད་ནི་མ་རེད། ཁྱོད་ལ་ད་དུང་བུ་མོ་གཉིས་ཡོད་པ་མིན་ནམ།”

  “……”

  “ཡང་ན་གལ་ཏེ་སུ་ཚང་ལའང་སྟེར་མི་དགོས། བར་བྱེད། སྟོན་མོའང་བར་ནས་བྱེད། ཁང་པ་དང་ཅ་ལག རླངས་འཁོར་སོགས་ཀྱང་ཁྱིམ་ཚང་གཉིས་ཀས་ཉོས་ནས་སྟེར་ཟེར་ན། དེང་སང་འདི་ལྟར་བྱེད་མཁན་ཇེ་མང་རེད།”

  “མིན་མིན། ཡིན་གཅིག་མིན་གཉིས་ངེད་ཚང་ལ་མནའ་མར་སྟེར་དགོས། ང་ལ་བུ་མོ་གཉིས་ཡོད་ནའང་བུ་གཅིག་པོ་མ་གཏོགས་མེད་པས་བུ་གཅིག་པོ་མག་པར་སྟེར་སྲོལ་གང་ན་ཡོད།”

  “བུ་གཅིག་པོ་མག་པར་མི་སྟེར་ཟེར་བ་འདི་སྲོལ་རྒྱུན་རྙིང་བ་རེད། ལྷག་པར་དུ་ཁྱོད་ཀྱི་མིང་ལ་གསར་བརྗེ་ཟེར་ན་དོན་ལའང་གསར་བརྗེ་བ་ཞིག་ཡིན་དགོས། ཧེ་ཧེ། དེ་ཀུ་རེ་ཡིན། ཡིན་ཡང་བུ་གཅིག་པོ་མག་པར་སྟེར་སྲོལ་མེད་ཟེར་ན་གནས་ལུགས་མེད། དེ་བས་བུ་བུ་མོ་གང་ཡིན་ཡང་ཕྲུ་གུ་གཅིག་མ་གཏོགས་མེད་ན་དེ་གཞན་ལ་སྟེར་སྲོལ་མེད་ཟེར་ན་གནས་ལུགས་དང་མཐུན་པ་མིན་ནམ།”

  “མིན་མིན།”

  “ཁྱོད་ཀྱིས་ཨུ་ཚུགས་མ་བྱེད། རང་སྟེང་ལ་དཔེ་ལོངས།”

  “དེ་ལ་བཤད་རྒྱུ་གཏམ་རྒྱུ་མེད།”

  “དེས་ན་ཁ་སེར་གྱིས་ཀྱང་དེ་ལ་བཤད་རྒྱུ་གཏམ་རྒྱུ་མེད་ཟེར་ན་ཅི་བྱེད།”

  “……”

  “དེས་ན་གལ་ཏེ་རིན་དགོས་ཟེར་ན་སྟེར་རམ་མི་སྟེར། སྟེར་ན་ག་ཚོད་སྟེར།”

  “གལ་ཏེ་དེ་འདྲ་བཤད་ན་ད་གཟོད་ཁྱོད་ཀྱིས་རྩལ་འདོན་དགོས། ང་ལའང་མི་གཞན་མངགས་རྒྱུ་མེད་པ་མིན་ཡང་ངེས་པར་དུ་ཁྱོད་མངགས་དོན་ཡང་དེ་ཡིན།”

  “འུ་གཉིས་ཀ་མ་གཅིག་གི་སྤུན་དང་འདྲ་བས་ངས་རྩལ་ལོས་འདོན། ཡིན་ནའང་ང་བློ་བཟང་ཁ་ཡག་གི་དོ་ཟླ་མིན་པ་ཁྱོད་ཀྱིས་ཀྱང་ལོས་ཤེས། ལྷག་པར་དུ་ཁ་སེར་ལ་བུ་མོ་གཅིག་པོ་མ་གཏོགས་མེད་པས་དེ་མནའ་མར་བྱིན་ཟེར་ན་ང་ཚོར་གནས་ལུགས་མེད་པ་ཤེས་དགོས།”

  “ད་ཅི་བྱས་ན་དགའ།”

  “གལ་ཏེ་མི་གཞན་པ་ཞིག་ཡིན་ན་ངས་འདི་ལྟར་བཤད་མི་འོས་ལ་བཤད་ཀྱང་མི་སྲིད། འོན་ཀྱང་ཁྱོད་ཀྱིས་ད་སོ་མ་བཤད་པ་ལྟར་འུ་གཉིས་མ་གཅིག་གི་སྤུན་དང་འདྲ་བས་ངས་ཁྱོད་ལ་དྲང་མོར་བཤད་དགོས། དྲང་མོར་བཤད་ན་ཁྱོད་ཀྱིས་སྒོར་མོ་སྐར་མ་གང་ཡང་གཏོང་མི་ཕོད་པ་ངས་གསལ་པོར་ཤེས། འདི་ནི་ཁྱོད་ཀྱི་རང་གཤིས་རེད། རང་གཤིས་ལ་བསྒྱུར་རྒྱུ་མེད། དེའི་ཕྱིར་གལ་ཏེ་ཁ་སེར་ཚང་གིས་རིན་པ་དགོས་ཟེར་ན་སོ་སོས་ཕྲུ་གུ་ལ་ཁ་བརྡ་བྱས་ནས་གཉེན་དེ་གཡུག་ཞོག”ངས་འདི་ལྟར་དམར་རྗེན་དུ་བཤད། གསར་བརྗེ་ལ་སེར་སྣ་ཆེ་རབས་ཚང་མས་རྩེད་ཞོར་དགོད་ཞོར་དུ་བཤད་དུས་ཁོས་ངས་རྐུ་མ་མྱོང་། འཕྲོག་མ་མྱོང་། ཐ་ན་རང་ཉིད་ལས་ཁུངས་ཀྱི་མགོ་ཁྲིད་ཡིན་དུས་ཀྱང་གཞུང་གི་སྒོར་མོ་ཟ་མ་མྱོང་། ངས་ནམ་རྒྱུན་གྲོན་ཆུང་བྱེད་པ་ནི་གཟི་བརྗིད་ཅིག་ཡིན་པ་ལས་ངོ་ཚ་ཞིག་མིན་ཞེས་འགྲེལ་བཤད་བྱེད།

  “ཨེ——ཐེའུ་ཕྲུག་དེ་གཉིས་ཁ་དགར་མི་ཐུབ་པ་འདྲ། ཉིན་མཚན་གཉིས་ཀར་མཉམ་དུ་བསྡད་འདུག གོ་ཚུལ་ལྟར་ན་ཞི་མོར་མངལ་ཡང་ཆགས་འདུག་ཟེར།”

  “དེས་ན་ངོ་མ་དཀའ་མོ་རེད། བཙན་གྱིས་ཁ་གཏོར་ནའང་ཕྲུ་གུར་གསོ་རིན་བྱིན་ཟེར་དུས་ཁྱོད་ཡང་འདར་རྒྱུ་རེད།”

  “རེད་ཡ།”

  “དེས་ན་རང་གི་ཞི་ལི་ཕར་ལ་མག་པར་བྱིན་ཡ།”

  “ཧིན་ཧིན། དེ་དཔེ་མི་སྲིད།”

  “གལ་ཏེ་དེ་དཔེ་མི་སྲིད་ན་ཁ་སེར་ཚང་གི་བུ་མོ་གཅིག་པོ་མནའ་མར་སྟེར་རྒྱུ་ནི་དེ་བས་ཀྱང་དཔེ་སྲིད་རྒྱུ་མ་རེད།”

  “དེས་ན་ད་ཅི་བྱས་ན་དགའ།”

  ངས་ཁོ་ལ་ད་དུང་བུ་མོ་གཉིས་ཡོད་པས་བུ་གཅིག་པོ་མག་པར་བྱིན་ན་མི་འགྲིག་པ་མེད་རབས་དང་། གལ་ཏེ་མནའ་མ་ཚུར་བྱིན་ནའང་ཁོ་ཚང་ལ་ད་དུང་བུ་མོ་གཉིས་ཡོད་པས་འགྲིག་མཐུན་ཡོང་དཀའ་བས་སྔ་ས་ནས་ཞི་ལི་གནའ་མ་གཉིས་ཀ་ངེས་པར་དུ་གཞི་གསར་འཛུགས་དགོས་ལ། དེས་ན་ཁང་པ་དང་ཅ་ལག། རླངས་འཁོར་སོགས་མ་མཐའ་ཡང་སྒོར་ཁྲི་བརྒྱ་ཙམ་གཏོང་དགོས་རབས་བཤད་པ་ན་གསར་བརྗེ་ཧ་ཅང་སེམས་ཕམ་ནས་སྐད་ཆ་བཤད་རྒྱུ་མེད་པར་གྱུར་པ་དང་། ཁ་ཤ་ནི་ནག་པོ་རྡོ་སོལ་ལྟ་བུར་གྱུར་པས་ངས་ཀྱང་ཁོའི་ཁྲག་ཤེད་ཇེ་མཐོར་འགྲོ་བཞིན་པ་གསལ་པོར་ཚོར་ནས་ཅུང་སེམས་ཁྲལ་བྱས། འོན་ཀྱང་ཁ་སེར་གྱི་དོན་དག་དེ་ངས་ཉིན་འགའི་སྔོན་ནས་བསྒྲུབ་རྒྱུ་ཁས་བླངས་ཡོད་པས་གོ་སྐབས་དམ་འཛིན་བྱས་ནས་མུ་མཐུད་དུ་གལ་ཏེ་ཞི་ལི་མག་པར་བྱིན་ན་དེ་ཚང་གིས་ཉེ་རྟགས་ལ་སྒོར་ཁྲི་འགའ་སྟེར་སྲིད་ཅེས་བཤད་དེ“དཔེར་ན་ཁ་སྔོན་ཀུན་དགའ་མཆུ་དྲུད་ཚང་གི་བུ་མཁའ་འགྲོ་སྐྱབས་ཚང་ལ་མག་པར་བྱིན་པར་ཉེ་རྟགས་སྒོར་ཁྲི་བཅུ་བྱིན་རབས་ཟེར།”ཞེས་བཤད།

  གསར་བརྗེས་དེ་མ་ཐག“ངོ་མ་ཡིན་ནམ། དེས་ན་ངས་ནང་མི་ཚོར་གྲོས་ཤིག་བྱེད།”ཟེར།

  ངའི་དམིགས་ཡུལ་གཞི་ནས་འགྲུབ་སོང་། ང་ཡར་ལངས་ཏེ་ཟས་རིན་རྩིས་བརྒྱབ་ཚར་རྗེས་གསར་བརྗེས་ཀྱང་ཤ་མོག་གཅིག་ལྷག་ཡོད་པ་དེ་བཟུང་ནས་ཡར་ལངས། ངེད་གཉིས་མཉམ་དུ་སྒོར་བུད། དེ་ནས་ངེད་གཉིས་སོ་སོར་གྱེས། དེ་ནས་ངས་ཁ་སེར་ལ་ཁ་པར་བཏང་སྟེ་དོན་དག་འགྲུབ་སོང་། ཡིན་ནའང་ང་གསར་བརྗེའི་སར་གཉེན་སློང་དུ་འགྲོ་མི་འོས། མི་གཞན་ཞིག་མངགས་པས་ཆོག་ཅེས་བཤད།

                   ——2022ལོའི《མང་ཆུ》ལས་བདམས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་གསར་པ། 《གཉེན་སློང》

2023-02-13 ཚེ་རིང་དོན་གྲུབ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།