ནད་ཀྱི་ཁ་བ།

དགོས་འདོད་ནོར་བུ།(ཁྱུང་མཆུ) 琼迈文学网 2023-03-27

  ཕྱི་ལོ་༢༠༡༩ཡི་དབྱར་ཁའི་ཕྱི་དྲོ་ཞིག་ལ། ཕྱི་རོལ་ན་ཆར་བ་ཤག་ཤག་ཏུ་འབབ་ཅིང་། ངས་སྒེའུ་ཁུང་ཅུང་ཙམ་ཕྱེས་ནས་ཐ་མག་རྐང་གཅིག་འཐེན་བཞིན་བསྡད།

  ཕྱི་ལོ་༢༠༢༤ལོར། སླར་ཡང་སྒེའུ་ཁུང་དེ་ནས་ཡར་ལངས་འདུག་དུས། ཕྱི་རོལ་གྱི་ནམཁའ་ནི་སྐྱ་བོ་དང་། ས་གཞི་ནི་ཁ་བ་དཀར་པོ་ཞིག་གིས་ཡོངས་སུ་བཀབ་འདུག སླར་ཡང་ཕྱི་དྲོའི་དུས་ལ་བབ་པ་ན། གྲོང་ཁྱེར་ཆུང་ཆུང་འདི་ནི་སྐད་ཅིག་གི་རིང་ལ་འུར་གྱི་ཀློང་ནས་བཅོམས་སོང་བ་ནང་བཞིན། ལམ་འགྲོ་བ་མང་ཕྱོགས་ཀྱིས་སྐེ་དཀྲིས་དང་། ཞྭ་མོ། ཁ་ཐུམ་སོགས་གྱོན་ནས་སེམས་ཆུང་ངང་གོམ་པ་ཆུང་ཆུང་རེ་སྤོས་བཞིན་འདུག མོ་ཊ་དག་གི་དུང་བརྡ་ནི་སྐབས་སྐབས་སུ་རྣ་བར་ཟུག་འགྲོ་བ་ཞིག་འོང་། འོན་ཀྱང་དེའི་སྒྲ་ནི་རྣམ་ཀུན་དང་བསྡུར་ན་ཤིན་ཏུ་ཡུན་ཐུང་བ་ཞིག་རེད། ལམ་འགྲམ་གྱི་གསོམ་སྡོང་གི་ངོས་སུ་འབྱར་བའི་ཁ་བ་དག་ནི་ད་ལྟ་མཚམས་མཚམས་སུ་སར་ལྷུང་བ་དང་། དེ་ཡང་ཨཪ་འདམ་སྟེང་དུ་བརྒྱབ་ཚེ་རྡོག་པོ་དེ་གང་ཞིག་ལ་སོ་སོར་མཆེད། ཤུལ་ཏུ་ལྷག་པ་རྣམས་ནི་ཡུན་ཅུང་ཙམ་གྱི་རིང་ལ་ཆུ་རུ་ཞུ་བར་བྱེད། མི་རྣམས་ཀྱིས་དེའི་སྟེང་དུ་རྡོག་པས་ཐེངས་དུ་མ་རེ་བརྫིས་རྗེས་རྐང་རྗེས་རེ་འགའ་དཔར་འགྲོ། དེ་ཡང་ཡུན་ཐུང་ཐུང་གི་རིང་ལ་ཡལ་བར་གྱུར།

  འདི་ལྟར་ཆུ་ཚོད་ཅི་ཙམ་འགོར་སོང་བ་མ་ཤེས་མོད། དཔལྡན་མཚོ་མོ་ནི་ལས་ཀ་གྲོལ་ནས་ཁྱིམ་གྱི་ཐབ་ཚང་དུ་ནུབ་ཇ་སྐོལ་བཞིན་འདུག ང་ནི་སྒེའུ་ཁུང་ཁ་ནས་ད་དུང་སྲང་བར་གྱི་གློག་ཞུ་ཁྲ་ཆིལ་ཆིལ་དེ་དག་ལ་ཅེར་ནས་བསྡད། བར་སྐབས་ཤིག་ལ་དཔལྡན་མཚོ་མོས་ངའི་མིང་གིས་འབོད་བཞིན་པ་འདྲ་མོད། ང་ནི་གློ་བུར་དྲན་མེད་དུ་བརྒྱལ་ནས་མིག་ལམ་གྱི་ཆོས་ཡོད་དོ་ཅོག་ནག་དུབ་བེར་གྱུར་སོང་།

  ཉིན་གསུམ་གྱི་རྗེས་སུ། དཔལྡན་མཚོ་མོས་མོ་ཊ་བཏང་ནས་ང་རང་སྨན་ཁང་ནས་ཁྱིམ་ལ་བསུས། ཉིན་མོ་དེར། ཁ་བ་ནི་སླར་ཡང་བབ་འདུག མོ་ཊའི་ནང་དུ་བཏང་བའི་རོལ་མོ་ནི་ང་རང་ཆུང་དུས་ནས་ཉན་ཡོང་བའི་དཔའ་བརྟན་གྱི་རྡུང་ལེན་ཅུང་ལྷོད་ཅིང་སྤྲོ་ཉམས་ལྡན་པ་ཞིག་ཡིན་འདུག

  སྨན་ཁང་ནས་བུད་པའི་མཚན་མོ་དེར། ང་ལ་གཏན་ནས་གཉིད་མ་ཁུགས་པས། མལ་ལས་ལངས། དུ་བ་རྐང་གཅིག་བསྒྲོན་ནས་སྒེའུ་ཁུང་གམ་ནས་བསྡད། ཁ་བ་ནི་ད་དུང་འབབ་བཞིན་འདུག བར་སྐབས་ཤིག་ལ་དཔལྡན་མཚོ་མོས་ཨག་སྐད་ཅིག་བཏབ་ནས་མལ་ལས་མགོ་བཀྱགས་བྱུང་། ང་རང་མོའི་གམ་དུ་སླེབས་དུས། མོའི་ལུས་པོ་ནི་རྔུལ་ཆུས་བརླན། ཞལ་རས་ནི་མིག་ཆུས་བརླན། ངས་རྨི་ལམ་ནང་ནས་ཁ་བ་ཆེན་པོ་ཞིག་གྲོང་ཁྱེར་འདིར་བབ་པ་རྨིས་ཤིང་། གྲོང་མཐའི་འབྲོག་པ་རྣམས་ནི་སྒོ་ཁྱི་སྒོ་ཟོག་དང་བཅས་མཚན་གཅིག་གི་རིང་ལ་གར་སོང་ཆ་མེད་དུ་གྱུར་ཞིང་། ཁོང་ཚོའི་རྗེས་ཤུལ་ཡོད་ཚད་ཁ་བ་ཆེན་པོ་དེས་བསུབ་ཚར་འདུག ངའི་ཕ་ཡུལ་གྱི་གློ་ཤུལ་རུ་བའི་རྒད་པོ་འཇིགས་མེད་སྣ་ཆེ་ཟེར་བ་དེ་ཁོ་ན་ལྷག་ཡོད་ཅིང་། ཁོའང་སྨྱོན་པ་ལྟ་བུར་གྱུར་ཡོད། ཁོས་སྦག་སྦག་ཅིག་ཞོན་ནས་ངེད་བཟའ་ཟླ་གཉིས་གསོད་པར་ཡོང་བཞིན་འདུག ད་དུང་། ཁོའི་ཏ་ལེན་ནང་དུ་སྟ་རེ་ཞིག་དང་མ་ཎི་འཁོར་ལོ་ཞིག་བཅུག་འདུག སྐབས་དེར་ངའི་རྣ་ལམ་ལ་མཆེད་ཡོང་བ་ནི། 道具དེ་གཉིས་ངེས་པར་འཁྲབ་ཚན་འདི་ནས་ལེན་དགོས་ཞེས་པའི་སྐད་ཅིག་གོ་བ་དང་། དེ་མ་ཐག་འཇིགས་མེད་སྣ་ཆེས་ང་ལ་ཁ་པར་བཏང་ནས་སྐད་ཆ་མཚར་པོ་ཞིག་བཤད་བྱུང་། དེ་ངས་རྗེས་བཟློས་ཙམ་བྱས་ན་ཕལ་ཆེར་འདི་ལྟ་སྟེ།

  བཀའ་འགྱུར། དེང་སང་མིའི་རྩིས་ཐང་ཟེར་བ་དེ་ནི་རྡོག་རྫིས་བྱེད་ཡུལ་ལྟ་བུ་ཞིག་ཡིན་འདུག ཀླ་ཀློས་འགའ་ཤས་ཁོ་ནས་འཇིག་རྟེན་ཉི་ཚེ་བ་འདི་ཉིད་ལ་ཁ་ལོ་སྒྱུར་བཞིན་འདུག དེ་བས་ཀྱང་ཀླ་ཀློ་ཡིན་པ་ནི། འཇིག་རྟེན་འདི་ཉིད་ལ་འགྱུར་བ་ཏོག་ཙམ་ཡང་བྱུང་གི་མི་འདུག མྱི་ཟེར་བ་འདི་དག་གི་ངག་ནི་ལྐུགས་པར་གྱུར་བ་དང་། ལུས་ནི་སྦྲིད། སེམས་ཟེར་བ་དེ་ཉིད་ཀྱང་ལྐོག་གྱུར་གྱི་དམྱལ་ཁམས་བཅུ་དགུའོ། །ཞེས་ཟེར། །

  ངས་མོ་རང་ངའི་ཕྲག་པར་ཁེན་དུ་བཅུག་ནས་མོའི་དཔྲལ་བར་འོ་ཞིག་བྱས་ནས། རྨི་ལམ་ནང་དུ་རྨིས་པ་དག་ནི་དོན་དུ་རྦད་དེ་ལྡོག་ནས་ཡོད་ཅེས་ང་རང་ཆུང་དུས་སུ་ཨ་ཡེ་ཡིས་བཤད་མྱོང་། དེ་དུས་ངས་རྨི་ལམ་ནང་ནས་ཨ་ཕ་དང་ངེད་གཉིས་ཁལ་འགེལ་བའི་ལམ་བར་ཁོང་ནི་ཤི་སོང་བ་རྨིས་པ་རེད། ངའི་ཨ་ཕ་ནི་ད་དུང་བདེ་མོ་འཚམ་པོ་བྱས་ནས་བསྡད་ཡོད་པ་མིན་ནམ། ཞེས་བཤད། །

  དེ་ནི་དུས་ནམ་ཞིག་གི་སྐབས་རེད། ཅེས་མོ་རང་ཅུང་ཙམ་ལྷོད་ལ་བབ་ནས་དྲིས་བྱུང་།

  ཕལ་ཆེར་ང་རང་ཞག་སྡོད་སློབ་གྲྭར་བསྐྱལ་མ་ཐག་གི་བར་སྐབས་དེ་ཡིན་པ་འདྲ། ངས་དེ་ལྟར་ལན་བཏབ་མ་ཐག་མོས་གཤམ་གྱི་སྐད་ཆ་དེ་བཤད་བྱུང་།

  ཉིན་འདི་དག་གི་རིང་ལ་ཁ་བ་ནི་བསྟུན་མར་འབབ་ཅིང་། ངའི་རྨི་ལམ་ཡོད་ཚད་འཇིགས་སུ་རུང་བ་ཏག་ཏག་རེད། ལྷག་པར་ཁྱེད་རང་དྲན་མེད་དུ་བརྒྱལ་སོང་བའི་མཚན་མོ་དེ་ནས་བཟུང་། དུས་དེར་ཁྱེད་ཀྱིས་ཅི་ཞིག་དྲན་གྱིན་ཡོད། ང་ཁྱིམ་ལ་སླེབས་མ་ཐག་ཁྱེད་ལ་བོས་ཀྱང་ཁྱེད་ཀྱིས་ལན་བྱིན་མ་སོང་།

  མཚན་མོ་དེར། ངས་བར་དོའི་མེ་ཏོག་ཅེས་པའི་སྒྲུང་ཞིག་བཀླགས་པ་དང་། ཡིད་ལ་རང་དབང་མེད་པར་དབྱར་མགོར་ཕ་ཡུལ་གྱི་ནེའུ་ལ་བཞད་པའི་མེ་ཏོག་གློ་ཁ་དེ་འཁོར་ཡོང་། ད་ལྟ་ནི་མེ་ཏོག་དེའི་མིང་ཙམ་ཡང་དྲན་གྱི་མི་འདུག་མོད། སྐད་ཅིག་མ་དེའི་རིང་ལ་ངའི་དབུགས་ཀྱི་རྒྱུ་བ་ནི་གློ་བུར་ཁེགས། སྙིང་གི་འཕར་ལྡིང་ནི་ཤིན་ཏུ་མགྱོགས་པོར་ཕྱིན། ངག་ནས་གདངས་མཐོན་པོའི་ངང་དཔལྡན་མཚོ་མོ་ལ་འབོད་པར་བརྩམས་ཀྱང་། འཇིག་རྟེན་འདི་ཉིད་ནི་སྒྲ་མེད་ཚོར་མེད་དུ་གྱུར་བ་དང་། ངའི་འཕག་འཚག་དེ་ཉིད་ཀྱང་རྣམ་སྨིན་ཁོ་ནར་གྱུར། དེ་ལྟར་འཇིགས་དངངས་ཆེན་པོ་ཞིག་གི་རྗེས་སུ། ཡོད་ཚད་ནི་གློ་བུར་འཇམ་ཞིང་ལྷོད་པ་ཞིག་ཏུ་གྱུར། ངས་མཉམ་ཅུང་ཙམ་འཇོག་ཐུབ་དུས་སུ། ཕྱི་རོལ་གྱི་ཆོས་ཡོད་དོ་ཅོག་ནི་ཧ་ཅང་འགྲོས་མགྱོགས་པོ་ཞིག་གི་ཁྲོད་དུ་འཁོར་ཞིང་བསྐྱོད་ཀྱིན་འདུག ང་རང་ཉིད་ཁོ་ན་ཞི་བར་གནས་པ་ལྟ་བུར་གྱུར། གནས་སྐབས་དེར། ང་རང་ནི་བྱིས་དུས་ཀྱི་མཚན་མོ་རེ་རེ་ཅེར་མྱོང་བའི་ནམཁའི་འོག་ཏུ་འགྲེང་འདུག ཟླ་འོད་ནི་མུན་པ་དང་འདྲིས་ནས་ངའི་བྱིས་དུས་ཀྱི་འཇིག་རྟེན་ཁོ་ནར་དབང་བའི་ཚོན་ཞིག་བྱུགས་འདུག ཡང་ཁྱི་ཟུག་པའི་སྐད་ཅིག་ཐོས་འཕྲལ། སྐར་ཚོགས་ཁྲི་མ་འབུམ་ནི་གློ་བུར་ངའི་ཕྱོགས་སུ་ལྟུང་བར་གྱུར་བ་དང་། ནམཁའ་དེ་ཉིད་ཀྱང་ས་གཞི་དང་བཅས་རལ་ནས་ང་ལ་ཐོགས་རེག་དང་རྟེན་ཡུལ་ཅི་ཡང་མེད་པར་གྱུར། ང་རང་སྟོང་སང་ཁོ་ན་ཞིག་གི་ཁྲོད་དུ་འཕྱོ་ཞིང་གཡེང་ལ། ངའི་ཡིད་ངོས་སུའང་རང་གི་འདས་སོང་ཡོད་དོ་ཅོག་ནི་འགྲོས་མྱུར་མོའི་ངང་ཕྱིར་ལྡོག་བྱེད་ཀྱིན་འདུག་སྟེ། ང་རང་文明ཞེས་བྱ་བའི་གཞུང་ལས་ཁང་ཞིག་ནས་སྒོར་བུད་རྗེས། ཞག་སྡོད་སློབ་གྲྭ་ཟེར་བ་ཞིག་ལ་ཐོན་པ་དང་། དེ་དུས་སྐད་དུང་ཆེན་མོ་ཞིག་ལས། ངའི་མིང་ལ་རྨ་ཁ་བཟོ་རན་སོང་བ་རེད། ལས་བྱ་འབྲི་དེབ་ངོས་སུ་ཚེ་ཕྱི་མ་གཞན་ཞིག་འགྲིམ་དགོས་ཟེར། དེ་ནས་ང་རང་སླར་ཡང་སྤང་ཁུག་ན་ཕུབ་པའི་སྦྲ་ནག་ཅིག་གི་ནང་ལ་ཐོན། དུས་དེར་ང་རང་སྐད་ཆེན་པོས་ངུས་པ་དང་། ངའི་ལྟག་རྒྱབ་ཀྱི་ཡུལ་ལྗོངས་ཡོད་ཚད་ནི་སྐད་ཅིག་གི་རིང་ལ་ཐལ་དང་རྡུལ་བཞིན་ཡོངས་སུ་འཇིག་པར་གྱུར། མ་གཞི་ཡོད་ཚད་ནི་བསང་དུད་ལང་ལོང་ཞིག་གི་ནང་དུ་འཐིམས་ཀྱིན་འདུག

  དེའི་འཕྲོར་ཅི་ཞིག་བྱུང་ངམ་སྙམ་ནས་ཧྲག་བར་ནས་སྦྲ་མཐར་གོག་པར་བརྩམས་པའི་ཚེ། ང་ཡང་སྨན་ཁང་ཞིག་གི་ནང་ནས་སད་པ་དང་། གནམ་ཁབ་ཀྱི་ཐིག་པ་རེ་རེ་བཞིན་འཛར་ཞིང་ངའི་ལུས་སུ་རྒྱུགས་བཞིན་འདུག དཔལྡན་མཚོ་མོ་ནི་ངའི་ལག་ཡས་ལ་འཇུས་ནས་ནད་ཁྲིའི་གམ་ན་གཉིད་དུ་ཤོར་འདུག སྒེའུ་ཁུང་ཕྱི་རོལ་ན་ཁ་བ་འབབ་བཞིན་འདུག །

                                          ཕྱི་ལོ་༢༠༢༣ལོའི་ཟླ་༡པོའི་ཚེས་༧ཉིན་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ནད་ཀྱི་ཁ་བ།

2023-03-27 དགོས་འདོད་ནོར་བུ།(ཁྱུང་མཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།