ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་གསར་པ། 《ཁ་ཐུམ》
རྩོམ་སྒྲིག་པའི་གཏམ། བརྩམས་སྒྲུང་མཁན་ཚེ་རིང་དོན་གྲུབ་ནི་འཚོ་བའི་ཁྲོད་ཀྱི་དོན་ཕྲན་ཚེགས་ཤིག་གམ་ཅ་ལག་ཆུང་ཆུང་ཞིག ཡང་ན་སྤྱི་མཚན་གྱི་དོན་གང་ཞིག་ལ་བརྟེན་ཏེ་དོན་གྱི་བྱུང་བ་རིང་མོ་ཞིག་དང་བརྗོད་བྱ་རྒྱ་ཆེན་པོ་ཞིག་སྟོན་པར་རབ་ཏུ་མཁས་ཏེ། འདི་ལས་སྒྲུང་མཁན་ཁོང་ཉིད་དོན་ཐམས་ཅད་ལ་ཞིབ་ཏུ་འཇུག་ཅིང་དཔྱད་པར་མཁས་ལ་དེ་ལས་རྟོག་པའི་སྒོ་མོ་ཆེས་ཆེར་ཕྱེ་སྟེ་ངོ་མཚར་བའི་གཏམ་རྒྱུད་ཅིག་འཆད་པར་རབ་ཏུ་མཁས་པ་ཞིག་ཡིན་པ་ཤེས་ཐུབ། གཤམ་དུ་དགོད་འགྱུར་གྱི《ཁ་ཐུམ》ནི་འཚོ་བའི་ཉེར་སྤྱད་ཆུང་ཆུང་ཁ་ཐུམ་ཞིག་གིས་རླངས་འཁོར་འབབ་ཚིགས་ནས་སྟེས་དབང་གིས་འཕྲད་པའི་རྩོམ་པ་པོ་ཞིག་དང་གཞོན་ནུ་མ་ཞིག་གི་བར་ཐག་ཆེས་ཆེར་ཕྱེ་ཞིང་། དེ་ཉིད་ནད་འགོག་པའི་བྱེད་ནུས་ལས་ཆེས་ཆེར་འདས་ཏེ་མི་དང་མིའི་བར་གྱི་གྱང་ར་ལྟ་བུ་ཞིག་ཏུ་གྱུར་ཚུལ་བརྗོད་ཡོད། སྤྱིར་སོ་སོ་ཐུན་མོང་བའི་ལུགས་སུ་མངོན་སུམ་འཚོ་བའི་ཁྲོད་ཀྱི་རྫས་དང་ཅ་ག་དག་ལ་དེའི་བྱེད་ནུས་ཙམ་ལས་གོ་བ་གཞན་མེད་མོད་སྒྱུ་རྩལ་གསར་རྩོམ་གྱི་ཐུན་མོང་མ་ཡིན་པའི་ལུགས་སུ་དེ་ལ་བསྡུས་བརྗོད་དང་ཤུགས་བསྟན་གྱི་གོ་བ་སྣ་ཚོགས་ཡོད་ཅིང་། གོ་བ་རྒྱ་སྐྱེད་པ་དེས་རྩོམ་མཁན་གྱི་འཆར་སྒོའི་ཀློང་ཡངས་པོར་དབྱེ་ཐུབ་པ་དང་། ཀློག་མཁན་ལའང་ཚོར་བ་སྣ་ཚོགས་སྟེར་ཐུབ་པ་སྒྲུང་ཐུང་འདིས་ར་སྤྲད་ཐུབ་བོ།།
མོའི་ཁ་ཐུམ་སྔོ་སྐྱའི་གོང་གི་ཁྲ་ཆིལ་ཆིལ་གྱི་མིག་གཉིས་འཛུམ་དམུལ་དམུལ་བྱེད་བཞིན་ཚུར་ཡོང་གིན་འདུག མོའི་མདུན་ཕྱོགས་ན་ང་གཅིག་པོ་མ་གཏོགས་མི་གཞན་མེད་པས་ང་ལ་གཟས་ནས་འཛུམ་དམུལ་བྱེད་བཞིན་པ་གསལ་པོ་རེད། མོ་སུ་ཡིན་ནམ་བསམ་བཞིན་ང་རང་མུ་མཐུད་དུ་མདུན་ལ་སོང་། མོས་མུ་མཐུད་དུ་འཛུམ་དམུལ་དམུལ་བྱེད་བཞིན་གཡས་ལག་ཚུར་བསྲིངས་ཡོང་། དེ་ནི་ཕྲ་ཞིང་རིང་ལ། ཧ་ཅང་འཇམ་པའི་མཛུ་གུ་དག་རེད། ང་ལ་མཛུ་གུ་དེ་དག་ནམ་ཡང་གློད་འདོད་མེད་པའི་ཚོར་སྣང་ཡ་མཚན་ཞིག་སྐྱེས། དུས་མཚུངས་སུ་མོ་ནི་རྣོ་སྦྲེང་རྡུང་མཁན་ཞིག་དང་ཡང་ན་ཕྱི་ཚན་སྨན་པ་ཞིག་ཡིན་འོས་ལ། གཅིག་བྱས་ན་ཡིན་ཡང་སྲིད་སྙམ་བྱུང་།
“བདེ་མོ།”མོས་ཐོག་མར་ཁ་གྲགས་བྱུང་།
“བདེ་མོ།”
མོས་སྔར་བཞིན་འཛུམ་དམུལ་དམུལ་གྱིས“ཁྱོད་ཀྱིས་ཁ་ཐུམ་བརྗེད་སོང་ངམ།”ཟེར་བཞིན་མཆན་འོག་གི་ཀོ་ཁུག་ལྗང་ཁུ་དེ་མདུན་ལ་འདེད་ཙམ་བྱས་རྗེས་མོ་རང་གི་གདོང་གི་ཁ་ཐུམ་དེ་དང་གཉིས་སུ་མེད་པའི་ཁ་ཐུམ་སྔོ་སྐྱ་འགྱིག་ཐུམ་ཅན་ཞིག་བླངས་ནས་ང་ལ་གཏད། ཕར་བལྟས་ན་ངེད་གཉིས་སྔར་ནས་ཧ་ཅང་འདྲིས་ལོབས་ཡོད་པ་འདྲ། ཡིན་ནའང་མོ་སུ་ཡིན་ནམ།
ང་ནི་ཁ་ཐུམ་རྒྱག་རྒྱུར་ཆེས་དགའ་བའི་མི་མང་པོ་ཡོད་པའི་ནང་ན་ཁ་ཐུམ་རྒྱག་རྒྱུར་ཆེས་མི་དགའ་བའི་མི་ཉུང་ཤོས་ཡོད་པ་དེའི་གྲས་ཡིན། ངའི་སེམས་ལ་ཁ་བཏུམ་པ་ལས་ནད་བྱུང་ན་དགའ་བསམ་བཞིན་ཡོད། ཏག་ཏག་དེ་འདྲའི་བསམ་བློ་ཡོད་པས་སྟོན་མཇུག་གི་ནངས་འཁྱག་འདིར་ཡང་གླ་འཁོར་དང་སྤྱི་སྤྱོད་རླངས་འཁོར་དུ་མ་བསྡད་པར་སྤྱི་ལེ་བཅུ་ཙམ་གྱི་སར་རྐང་ཐང་དུ་འགྲོ་བཞིན་པ་མིན་ནམ།
ངས་ཁ་ཐུམ་དེ་ལག་ལ་བཟུང་ནས་སྡོད་སྐབས་མོས“ཉེ་ལམ་བརྩམས་ཆོས་གསར་བ་ཨེ་ཡོད།”ཟེར་ནས་སྔར་ལྟར་འཛུམ་དམུལ་དམུལ་བྱས། ངས་ཏག་ཏག་མོ་ལ་ལན་ཅི་ལྟར་འདེབས་པར་བསམ་བློ་གཏོང་སྐབས་མོས“ཡ་ད་རླངས་འཁོར་སླེབས་བྱུང་། རྗེས་མར་ཐུག”ཟེར་ཞོར་ཕྲ་ཞིང་རིང་ལ། ཧ་ཅང་འཇམ་པའི་མཛུ་གུ་དེ་དག་གིས་ཧ་ཅང་མཛའ་བརྩེའི་ངང་ངའི་དཔུང་བ་གཡོན་པར་རྡེབ་ཙམ་བྱས་རྗེས་སྤྱི་སྤྱོད་རླངས་འཁོར་དུ་འཛུལ་སོང་། མ་གཞི་ངེད་གཉིས་ཐུག་ས་འདི་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚིགས་ཤིག་ཡིན་འདུག
རླངས་འཁོར་འབབ་ཚིགས་ལས་བྲལ་རྗེས་ངས་གཞི་ནས་མོ་སུ་ཡིན་བསམ་བློ་བཏང་། དོན་དངོས་སུ་མོའི་ཁྲ་ཆིལ་ཆིལ་གྱི་མིག་གཉིས་འཛུམ་དམུལ་དམུལ་ངང་ཚུར་ཡོང་བཞིན་པ་རིག་མ་ཐག་ནས་ངས་མོ་སུ་ཡིན་ནམ་བསམ་བློ་བཏང་བ་ཡིན། མོ་སུ་ཡིན་ནམ། ངས་མོ་སུ་ཡིན་མི་འདྲི་དོན་ཅི་ཡིན། ངས་མོའི་སྐད་འཕྲིན་ཞིག་བསྣན་ཡོད་ན་ཅི་མ་རུང་། ཡང་ན་ངེད་གཉིས་ཀས་སྔ་མོ་ནས་སྐད་འཕྲིན་སྦྲེལ་ཡོད་ཀྱང་སྲིད། གལ་ཏེ་མོས་ཀྱང་ང་ལྟར་ཁ་ཐུམ་བརྒྱབ་མེད་ཚེ་ངས་མོ་མཐོང་མ་ཐག་ནས་ངོས་ཟིན་ཡོད། ཕངས་པ་ཞིག་ནི་“གལ་ཏེ”ཟེར་དགོས་དུས་ཡོད་ཚད་ཚར་སོང་བ་རེད།
ང་རང་གནས་དེར་ལངས་ནས་ཅི་བྱ་གཏོལ་མེད་ངང་མོ་དང་ཕྲད་པའི་སྐད་ཅིག་མ་དེར་ཕྱིར་དྲན་ཞིག་བྱས། གཟུགས་ཀྱི་རིང་ཚད་ཕལ་ཆེར་ང་དང་མཉམ་སྟེ་མ་མཐར་ཡང་སྨི1.70ཡོད་པ་འདྲ། སྐྲ་ལོ་སེར་སྐྱ་ཐོར་ཅོག་ཏུ་བཅིངས་ཡོད་པ་དང་སྨིན་མ་ཕྲ་མོར་བཅོས་ཡོད་པ། སྐྱེས་ཐོབ་ཀྱི་གཟི་མ་རིང་པོའི་དཀྱིལ་ན་ཁྲ་ཆིལ་ཆིལ་དང་འཛུམ་དམུལ་དམུལ་གྱི་མིག་ཟུང་ཡོད་པ། བལ་སྐུད་དཀར་པོའི་སྟོད་ལྭ་ཐུང་ཐུང་། རྒྱུ་ཅི་ཡིན་མ་ཤེས་པའི་སྨད་གཡོག་ནག་པོའི་འོག་གི་དཔྱི་བཀན་མོ། སྨད་གཡོག་གི་འདབས་ཀ་ས་དང་མཉམ་པས་ལྷམ་ཅི་འདྲ་ཡིན་པ་མཐོང་མ་སོང་། བོད་ཀྱི་བཟོ་ལུགས་ཅན་གྱི་གསེར་གྱི་ཕྲ་གོང་ལ་གཡུ་ཡི་ཕྲ་རྒྱན་བཏབ་པའི་རྣ་ཏོག་ཆུང་ཆུང་དེ་ཁོ་ན་ནི་མོའི་ཐོབ་ཐང་ལག་ཁྱེར་དང་འདྲ་བར་བོད་མོ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།
“མོ་སུ་ཡིན་ནམ། ཨེ——ད་དེ་སུ་ཡིན་ན་ཡིན་དུ་ཆུག”ངའི་སེམས་ལ་དེ་ལྟར་དྲན་ཏེ་རང་ཉིད་འགྲོ་འོས་པའི་ཕྱོགས་སུ་འགྲོ་རྩིས་བྱས་ནའང་གཟུགས་འདས་རིགས་ཤིག་གིས་ང་ཕྱིར་འཐེན་བཞིན་པ་དང་འདྲ་བས་མུ་མཐུད་དུ་གནས་དེར་བསྡད།
འདི་ནི་སྤྱི་སྤྱོད་རླངས་འཁོར་ལམ2པ་དང5པའི་འབབ་ཚིགས་ཤིག་རེད། འབབ་ཚིགས་འདིའི་མིང་ལ་ཆུ་མིག་འབབ་ཚིགས་ཟེར། ངས་མོ་སྤྱི་སྤྱོད་རླངས་འཁོར་ལམ2པའི་ནང་ལ་བསྡད་དམ5པའི་ནང་དུ་བསྡད་པའང་མ་ཤེས། ངས་ལམ་ཐིག་རི་མོ་ལ་ལྟ་བཞིན་སྤྱི་སྤྱོད་རླངས་འཁོར་འདི་གཉིས་གནས་གང་དུ་འགྲོ་བ་དང་། ལམ་བར་དུ་བོད་མི་འདུས་སྡོད་ཅན་གྱི་གཞིས་ཁུལ་དང་ཡང་ན་བོད་ཡིག་གི་ལས་ཀ་ལས་སའི་ལས་ཁུངས་རེ་ཡོད་མེད་བལྟས།
འབབ་ཚིགས་འདིར་མི་ཚོགས་ཇེ་མང་དུ་སོང་བ་དང་། ཚང་མས་ང་ལ་ཡ་མཚར་དང་མ་རངས་པའི་མིག་མདངས་ཀྱིས་ལྟ་བཞིན་འདུག དེ་ནི་ངས་ཁ་ཐུམ་བརྒྱབ་མེད་པའི་རྐྱེན་གྱིས་ཡིན་པ་གསལ་པོ་རེད། ང་རང་ཐབས་ཟད་དེ་འབབ་ཚིགས་དང་ཁ་གྱེས། ངས་མོས་བྱིན་པའི་ཁ་ཐུམ་དེར་ལྟ་བཞིན་ཡང་བསྐྱར་མོ་སུ་ཡིན་ནམ་སྙམ་པ་དང་། དེ་མ་ཐག་གློ་བུར་དུ“མོ་སུ་ཡིན་ན་ཡིན་དུ་ཆུག ད་ནས་འདིའི་སྐོར་ལ་བསམ་བློ་མི་གཏོང་།”ཞེས་སེམས་ཐག་བཅད་ནའང་མོ་མིག་ལམ་ནས་ཡལ་རྒྱུ་མེད་པར་མ་ཟད་དེའི་མུར་མཱ་ཨར་ཁེ་ཟིའི《ཁཱོ་ལེར་དུས་ཀྱི་བརྩེ་དུང》ཞེས་པའི་བརྩམས་སྒྲུང་དེ་ཡིད་ལ་ཤར། དེ་ནི་དུས་རབས་ཕྱེད་ལྷག་གི་རིང་ལ་རྒྱུན་བསྲིངས་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན་ཏེ། བརྩམས་སྒྲུང་གི་མི་སྣ་ཕོ་མོ་གཉིས་ཀ་ལོ་ན་ཉི་ཤུ་ཡིན་དུས་གཞོན་དྲགས་པའི་དབང་གིས་གཉེན་སྒྲིག་མ་ཐུབ། མི་ཚེའི་ཀྱག་ཀྱོག་གང་མང་བརྒྱུད་ནས་ལོ་ན་བརྒྱད་ཅུར་སླེབས་དུས་རྒས་དྲགས་པའི་དབང་གིས་གཉེན་སྒྲིག་མ་ཐུབ་པའི་གཏམ་རྒྱུད་ཅིག་བཤད་པའི་ཞོར་དུ་ཁཱི་རོམ་པི་ཡཱའི་ལོ་རྒྱུས་མཚོན་ཡོད་པ་དང་། དམག་འཁྲུག་དང་ཁཱོ་ལེར་གྱིས་མི་རྣམས་ཀྱི་ཚེ་སྲོག་ལ་འཇིགས་སྐུལ་བཟོས་པ་སོགས་བཤད་ཡོད།
ད་ལྟ་ཏག་ཏག་ཨུ་ཡུག་དམག་འཁྲུག་དང་ཏོག་དབྱིབས་ནད་ཡམས་ཀྱིས་མི་རྣམས་ཀྱི་ཚེ་སྲོག་ལ་འཇིགས་སྐུལ་བཟོ་བཞིན་ཡོད་པ་མིན་ནམ། ལྷག་པར་དུ་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་བའི་དྲིལ་བསྒྲགས་སྣ་ཚོགས་ཀྱིས་ནི་དམག་འཁྲུག་དང་ནད་ཡམས་ལས་ཀྱང་མི་རྣམས་ལ་སུན་པོ་བཟོ་བཞིན་ཡོད་པ་མིན་ནམ། ད་དུང་ནད་ཡམས་འདིས་མ་གཞི་ནས་འབྲེལ་འདྲིས་ཉུང་བའི་མི་རྣམས་སྔར་ལས་ཁ་བཀར་ཏེ་གྲོགས་མེད་ཁེར་རྐྱང་བཟོས། མ་གཞི་ནས་ཕན་ཚུན་ལ་སེམས་པ་མི་སྟོན་པའི་མི་རྣམས་ད་ལྟ་ངོ་གདོང་ཡང་མི་མཐོང་བ་བཟོས་སོང་། འཇིག་རྟེན་ན་དམག་འཁྲུག་དང་ནད་ཡམས་རྒྱབ་ལྗོངས་བྱས་ཤིང་། མིག་ཆུ་འཐོར་བར་བྱེད་པའི་བརྩེ་དུང་གི་གཏམ་རྒྱུད་ཅི་འདྲའི་མང་པོ་ཞིག་ཡོད་པ་རེད་ཨང་། ཡིན་ནའང་ཡུལ་དུས་ཀྱི་དབང་གིས་དེ་དག་ལས་སྐོར་ཞིག་དབང་སྒྱུར་མཁན་གྱི་དྲིལ་བསྒྲགས་ཀྱི་ལག་ཆར་བསྒྱུར་འདུག་པས་ཕན་པ་ལས་གནོད་པ་ཆེ་བ་མིན་ནམ། སྒྱུ་རྩལ་གསར་རྩོམ་ནི་བླ་ན་མ་མཆིས་པའི་ལས་ཤིག་ཡིན་ནའང་དབང་སྒྱུར་མཁན་གྱི་དྲིལ་བསྒྲགས་ཀྱི་ལག་ཆར་གྱུར་ཚེ་དེ་ལས་རྫོབ་པོ་ཞིག་མི་འདུག ད་ལྟའི་ནད་ཡམས་ཀྱི་དུས་འདིར་དེ་འདྲའི་ལྷད་མ་འདྲེས་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་བྲིས་ན་ཅི་འདྲ་ཡིན་ནམ། དཔེར་ན་ད་སོ་མའི་བུ་མོ་འདི་དང་རང་ཉིད་མི་སྣ་གཙོ་བོ་བྱས་ནས་བྲིས་ན། ཧ་ཧ། བརྩེ་དུང་ཟེར་རམ། དགོད་བྲོ་བ་ལ། གཅིག་བྱས་ན་བུ་མོ་དེ་རང་གི་གཉེན་ཉེ་ཞིག་ཡིན་ཡང་སྲིད། ཡིན་ནའང་གྲོང་ཁྱེར་ཆུང་ཆུང་འདི་ན་རང་ལ་སྲིང་མོ་གཅིག་པོ་མ་གཏོགས་གཉེན་ཉེ་མཐེ་བོང་ཙམ་ཞིག་མེད་པ་གསལ་པོ་མིན་ནམ། དེས་ན་མོས་ང་ལ་དེ་འདྲའི་དུངས་དུངས་བྱེད་དོན་ཅི་ཡིན། ཡང་གཅིག་བྱས་ན་མོ་ནི་ངའི་ཕ་ཡུལ་ནས་འདིར་ཡོང་བ་ཡིན་ཡང་སྲིད། མ་རེད། ཐེ་ཚོམ་མེད་པ་དང་བྱང་ཆ་ལྡན་པའི་ངང་སྤྱི་སྤྱོད་རླངས་འཁོར་དུ་འཛུལ་བའི་ཚུལ་ལ་བལྟས་ན་མོ་ནི་གྲོང་ཁྱེར་འདིར་རྒྱུན་སྡོད་བྱེད་མཁན་ཞིག་ཡིན་པ་ཐག་གིས་གཅོད་ཐུབ། ཡང་ན་མོས་ང་མི་གཞན་ལ་ནོར་སོང་བ་ཡིན་ནམ། མ་རེད། མོས་ང་རྩོམ་འབྲི་མཁན་ཞིག་ཡིན་པའང་ཤེས་འདུག་པ་མིན་ནམ། རེད། མོས་ངའི་འདྲ་པར་རིག་མྱོང་ཡོད་པ་མིན་ནམ། དེ་ཡང་མ་རེད། རང་གི་བརྩམས་སྒྲུང་དེབ་གཅིག་པོའི་སྟེང་ལ་འདྲ་པར་ཕར་ཞོག རྩོམ་པ་པོའི་ངོ་སྤྲོད་ཙམ་ཡང་བཞག་མེད་པ་མིན་ནམ། འོ་རེད་ཡ། སུ་ཞིག་གིས་ངའི་བརྩམས་སྒྲུང་དེ་དྲ་ཐོག་ཏུ་སྤེལ་ཡོད་པར་མ་ཟད་ངའི་འདྲ་པར་ཞིག་ཀྱང་བཞག་འདུག་པ་མིན་ནམ། དེ་འདྲ་ཡིན་ཡང་འདྲ་པར་རིག་མྱོང་བ་ཙམ་གྱིས་མོས་དེ་འདྲའི་དུངས་དུངས་བྱེད་མི་སྲིད། ཡང་ན་མོ་ནི་ངའི་གྲོགས་པོ་ཞིག་གི་དགའ་རོགས་སམ་ཆུང་མ་ཡིན་ནམ། གལ་ཏེ་དེ་འདྲ་ཡིན་ན་ངོ་གདོང་ཡོངས་རྫོགས་མ་རིག་ནའང་ཁྲ་ཆིལ་ཆིལ་གྱི་མིག་དེ་གཉིས་ལས་ཀྱང་ངས་ལས་སླ་བོས་མོ་ངོས་ཟིན་ཐུབ་པ་མིན་ནམ། གང་ལྟར་མོ་ནི་ངའི་བརྩམས་སྒྲུང་ལ་བལྟས་མྱོང་མཁན་ཞིག་ཡིན་ལ། གཅིག་བྱས་ན་ངའི་བརྩམས་སྒྲུང་ལ་ཞེ་དྲག་དགའ་བོ་ཡོད་པ་ཞིག་ཡིན་ཡང་སྲིད……
མོའི་ཁ་ཐུམ་སྔོ་སྐྱའི་གོང་གི་ཁྲ་ཆིལ་ཆིལ་གྱི་མིག་གཉིས་འཛུམ་དམུལ་དམུལ་བྱེད་བཞིན་ཚུར་ཡོང་གིན་འདུག མོས་གཡས་ལག་ཚུར་བསྲིངས་ཡོང་། དེ་ནི་ཕྲ་ཞིང་རིང་ལ། ཧ་ཅང་འཇམ་པའི་མཛུ་གུ་དག་རེད། ང་ལ་མཛུ་གུ་དེ་དག་ནམ་ཡང་གློད་འདོད་མེད་པའི་ཚོར་སྣང་ཡ་མཚན་ཞིག་སྐྱེས། མོས་ང་ལ་ཁ་ཐུམ་སྔོ་སྐྱ་འགྱིག་ཐུམ་ཅན་ཞིག་བྱིན། ངས་ཁ་ཐུམ་དེ་གཡོན་ལག་ཏུ་བཟུང་ཞིང་གཡས་ལག་གིས་མོའི་ལག་པ་བཟུང་སྟེ་ཆུའི་འགྲམ་གྱི་ནགས་ཚལ་གླིང་གར་སོང་། འདིར་རྩེ་མོ་གནམ་ལ་ཟུག་ཅིང་ཟོ་བ་ལྟར་སྦོམ་པའི་ལྕང་དཀར་གྲངས་མེད་སྐྱེས་ཡོད་ནའང་གང་སར་གད་སྙིགས་བླུགས་ཤིང་གཅིན་སྐྱག་བཏང་ནས་རྐང་པ་སྤོ་ས་མེད་པས་“ལྕང་མ་སྐྱེ་སྟོབས་ཆེ་རུང་སྐྱེ་ས་སྐྱག་དོང་ནང་རེད། སུ་རུ་སུག་ཐག་ཐུང་ཡང་སྐྱེ་ས་རི་གསུམ་རྩེ་རེད།”ཅེས་པའི་གཏམ་དཔེ་དེ་ཡིད་ལ་ཤར། གད་སྙིགས་མེད་པ་དང་ཡང་ན་ཅུང་ཙམ་ཉུང་བའི་ས་རུ་ཁ་ཐུམ་བརྒྱབ་པའི་མི་མང་པོ་ཡོད་ལ། དེ་ཚོས་ང་ལ་ཡ་མཚར་དང་མ་རངས་པའི་མིག་མདངས་ཀྱིས་ལྟ་བཞིན་འདུག དེ་ནི་ངས་ཁ་ཐུབ་བརྒྱབ་མེད་པའི་རྐྱེན་གྱིས་ཡིན་པ་གསལ་པོ་རེད། དེའི་ཕྱིར་མོས་ང་ལ་ཡང་ཡང་ཁ་ཐུམ་རྒྱག་དགོས་པའི་དྲན་སྐུལ་བྱས་ནའང་ངས་ཁ་ཐུམ་མ་བརྒྱབ། ངེད་གཉིས་ཀས་ལག་གདང་སྦྲེལ་ཏེ་ནགས་གསེང་དུ་ཡུན་རིང་བར་ཕར་འགྲོ་ཚུར་འོང་གིས་འཆམ་འཆམ་བྱས། མཚམས་རེར་གད་སྙིགས་མེད་སའི་སྡོང་བོའི་བསིལ་འོག་ཏུ་བསྡད་ནས་ཁ་བརྡ་བྱས། དེ་ལྟར་ཕལ་ཆེར་ཆུ་ཚོད་གསུམ་བཞི་ཙམ་སོང་ནའང་མོས་ཁ་ཐུམ་མ་བླངས་པས་ངས་མོ་སུ་ཡིན་ངོས་མ་ཟིན། ང་རང་ཐབས་ཟད་དེ་མོའི་ཁ་ཐུམ་དེའི་རིགས་ལ་ཆུ་ཚོད་བཞིའི་རིང་མ་གཏོགས་ནུས་པ་མེད་རབས་ཟེར་ཞེས་དྲན་སྐུལ་བྱས་ཏེ་མོའི་ཁ་ཐུམ་དེ་ཐེངས་གཅིག་ལེན་པའི་རེ་བ་བཅངས། ཕངས་པ་ཞིག་ལ་མོས་ད་སོ་མ་གསང་སྤྱོད་ཁང་དུ་འགྲོ་སྐབས་ཁ་ཐུམ་གསར་པ་བརྗེས་ཟིན་ཟེར། གླིང་ག་འདིར་ཇ་ཁང་ཞིག་ཡོད། ངའི་སེམས་ལ་ཇ་ཁང་དུ་སོང་ན་མོས་ཁ་ཐུམ་མི་ལེན་ཐབས་མེད་ཡིན་བསམས་ཏེ་ཇ་འཐུང་བའི་གྲོས་བཏབ། ཡ་མཚན་ཞིག་ལ་མོས་ཇ་ཁང་དུའང་ཁ་ཐུམ་མི་ལེན། ཕར་བལྟས་ན་མོས་ཁ་ཐུམ་མི་ལེན་པ་དེ་ངས་ཁ་ཐུམ་མི་རྒྱག་པ་དང་ཡོངས་སུ་མཚུངས།དེའི་ཕྱིར་མཚམས་ཤིག་ངའི་སེམས་ལ་མོ་ཁ་ཤོ་ཞིག་མིན་ནམ། ཡང་ན་ཁ་ཆེན་པོ་སྐེ་ལ་བསྐོན་ཐུབ་པ་ཙམ་ཡོད་པ་མིན་ནམ། ཡང་ན་ཁ་ཤ་མཐུག་པོ་སོར་གང་ཙམ་ཡོད་པ་མིན་ནམ། ཡང་ན་ཁ་རུལ་སྡུག་པོ་བྲོ་མཁན་དེའི་རིགས་མིན་ནམ་སྙམ་པ་དང་ན་ནིང་དུས་ཐུང་ཙམ་ལ་འགྲོགས་པའི་བུ་མོ་དེ་ཏག་ཏག་དེ་འདྲ་ཡིན་པས་ཁ་མི་གྱེས་ཐབས་མེད་བྱུང་བའི་ངང་ཚུལ་སྐྱོ་བོ་དེ་ཡིད་ལ་དྲན།
“ཇ་མི་འཐུང་ན་ཆུ་འགྲམ་དུ་སོང་ན?” “ཆོག་གི”
ངེད་གཉིས་ཆུ་འགྲམ་དུ་སོང་། ཆུ་བོ་འདི་ལའང“ཆུ་ལམ་བཅོས་སྐྱོང”ཟེར་བའི་རྡོ་རགས་མཐོན་པོ་རྩིག་བཞིན་ཡོད། དེང་སྐབས་རྩྭ་ཐང་གི་ཆུ་བོ་ཆེ་འབྲིང་ཚང་མར་འདི་ལྟར་རྡོ་རགས་རྩིག་བཞིན་ཡོད་ལ། འབྲོག་པ་ཚོས་ཕྱུགས་ཟོག་གིས་ཆུ་འཐུང་ཐབས་མེད་ཟེར་ནས་འཁང་ར་བྱེད་བཞིན་ཡོད་པ་ཡིད་ལ་དྲན།
“做核酸啦,做核酸啦……”སུན་སྣང་སྐྱེ་བའི་སྐད་སྒྲ་མཐོན་པོ་འདིས་ང་རང་གཉིད་ལས་བསླངས་པ་དང་མཉམ་དུ“འདི་ཡང་ཁེ་ཕན་གྱི་ཆེད་དུ་སྲིབ་གཤིས་གདགས་གཤིས་སུ་བཅོས་མཁན་དེའི་རིགས་ཀྱི་ཉིང་སྐྱུར་ཀུང་ཟི་ཞིག་ཡིན་ཡང་སྲིད”བསམ་ནས་རང་དབང་མེད་པར་ཁོང་ཁྲོ་ཞིག་ལངས།
ཨ་ཙི། གདོན་རྫས་འདི་མ་གཞི་རྨི་ལམ་ཡིན་འདུག གཅིག་བྱས་ན་ཡོད་ཚད་རྨི་ལམ་ཡིན་ཡང་སྲིད། མ་རེད། ཁ་སང་མོ་དང་ཕྲད་པ་དེ་རྨི་ལམ་མ་རེད་མངོན་སུམ་རེད། སྔས་འགྲམ་གྱི་ཁ་ཐུམ་སྔོ་སྐྱ་འགྱིག་ཐུམ་ཅན་འདིས་མངོན་སུམ་ཡིན་པ་ར་སྤྲོད་བྱས་ཡོད་པ་མིན་ནམ། ངས་ཉལ་སའི་ནང་དུ་རང་དབང་མེད་པར་ཁ་ཐུམ་དེ་ལག་ཏུ་བླངས་ཤིང་། དེའི་སྟེང་གི “医用外科口罩”ཞེས་པའི་རྒྱ་ཡིག་དག་ངག་ལས་ཤོར། མོ་སུ་ཡིན་ནམ། མོའི་ལས་ཀ་ཅི་ཞིག་ཡིན་ནམ། རྣོ་སྦྲེང་རྡུང་མཁན་ཞིག་དང་ཡང་ན་ཕྱི་ཚན་སྨན་པ་ཞིག་ཡིན་ནམ། གཅིག་བྱས་ན་མོའང་ངའི་སྲིང་མོ་དང་འདྲ་བར་སློབ་མཐར་ཕྱིན་རྗེས་གཞུང་ཞབས་པ་དང་ཡང་ན་དགེ་རྒན་སོགས་ཀྱི་ལས་གནས་ལ་རྒྱུགས་མ་འཕྲོད་པར་ཏང་སྲིད་ལས་ཁུངས་གང་ཞིག་ཏུ་ཟླ་ཕོགས་སྒོར་ཉིས་སྟོང་ཙམ་གྱི་ལག་རོགས་མི་སྣ་ཞིག་ཡིན་སྲིད། གལ་ཏེ་དེ་འདྲ་ཡིན་ན་སྙིང་རེ་རྗེ་ལ། ཡང་མཚམས་རེར་དེའི་རིགས་ནི་སྙིང་ལངས་པ་ཞིག་ཀྱང་རེད། དཔེར་ན་ངའི་སྲིང་མོ་ནི་ནམ་རྒྱུན་ང་དང་ཕ་མའི་ཁ་ལེན་ཚིག་བརྩི་བྱེད་མཁན་གྱི་བུ་མོ་ཡ་རབས་ཤིག་ཡིན། ཡིན་ནའང་སློབ་མཐར་ཕྱིན་རྗེས་ལས་གནས་འགའ་རེར་རྒྱུགས་སྤྲད་ཀྱང་མ་འཕྲོད་པས་ངས་མོ་ལ“རྒྱུགས་མ་འཕྲོད་ན་མ་འཕྲོད། ཕྱིར་ཕ་མ་གཉིས་ཀའི་གམ་ལ་སོང་ནས་ཕྱུགས་ཟོག་འགའ་བོ་འཚོ་སྐྱོང་བྱོས། ཁོམ་པ་རེ་ཡོད་དུས་དཔེ་ཆར་ལྟོས།”ཅེས་བཤད་པ་ན་མོ་ངུ་ཞོར་བཤད་ཞོར་གྱིས་ཕྱིར་རྩྭ་ཐང་ལ་མི་འགྲོ་ཁོ་ཐག་ཡིན་ཟེར། དེ་ནས་ངའི་སེམས་ལ“དཀའ་ངོ་མ་འབྲོག་པ་དཀའ། ཁངས་བབས་ན་ལྷག་ཏུ་དཀའ།”ཟེར་བ་ལྟར་མོ་ལས་ཀ་དང་གྲང་ངར་ལ་སྐྲག་པ་ཡིན་སྲིད། ཆུང་དུས་ནས་སློབ་གྲྭར་སོང་བས་འབྲོག་ལས་མི་འདོད་པར་ཡང་ཁག་མེད་བསམས་ཏེ“དེས་ན་ཕ་མ་གཉིས་ཀའི་གམ་ལ་གླ་བ་ཞིག་འཇོག ཁྱོད་ཀྱིས་གྲོང་ཁྱེར་འདི་རུ་ཞོ་འོ་མ་ཚོངས།”ཞེས་བཤད་པ་ན་མོས་དེའང་མིན། འབབ་རྒྱུ་མེད་ན་མེད། ངེས་པར་དུ་ལས་ཁུངས་ཤིག་གི་ནང་ལ་འགྲོ་རྒྱུ་ཡིན་ཟེར།
དེ་ལྟར་མོ་ལས་ཁུངས་ཤིག་གི་ལག་རོགས་མི་སྣ་བྱས། རྒྱུན་དུ་ཕྱི་ཚོང་ཟས་རིགས་ཟ་ཞིང་སྒོར་ཉིས་སྟོང་ཙམ་དེས་ཟས་རིན་དང་ཁ་པར་གྱི་གླ་ཡང་འདང་གིན་མེད། ཟླ་ཕོགས་ཉུང་བའི་ཁར་ནམ་བདའ་ཆ་མེད་ཡིན། གཞུང་ཞབས་པ་ངོ་མ་ལ་ལས་ཚིག་ཟུར་ནས་མར་ཞབས་ལ་གཅོད། ད་རུང་འགོ་ཁྲིད་ཀྱི་ངོ་འཚོ་དགོས། དེའི་ཕྱིར་ཕྱི་ནས་བལྟས་ན་གྱོན་པ་མིག་འགྲོ་རེ་གོན། རིན་གོང་སླ་བའི་ཚོང་རྟགས་གྲགས་ཅན་རྫུས་མའི་ཁུག་མ་སྙིང་རྗེ་རེ་ཁུར་ནས་འགྲོ་བཞིན་ཡོད་ནའང་ནང་སེམས་ཧ་ཅང་གཉོམ་པོ་ཡིན་པས་སྙིང་རེ་རྗེ། ཡང་ལས་ཀ་སྐྱོ་བོ་དེ་གཡུག་ཞོག་ཟེར་ན་ཁ་མི་ལེན་པས་སྙིང་ལངས་པ་ཞིག་ཀྱང་རེད། ཡང་མང་ཤོས་སློབ་མཐར་ཕྱིན་རྗེས་ལག་རོགས་མི་སྣའི་ལས་གནས་ཤིག་ཀྱང་མ་རྙེད་པས་ཉིན་ལྟར་བར་དོ་བ་ཞིག་དང་འདྲ་བར་དམིགས་ཡུལ་མེད་པས་ཡར་འཁྱམ་མར་འཁྱམ་བྱེད་པའམ་ཡང་ན་ཁ་པར་ངོས་ལ་ཅེར་ནས་ཉི་མ་འཁྱོལ་ཐབས་བྱེད། འདི་དག་དྲན་བཞིན་ངའི་མིག་མཐའ་རློན་པར་གྱུར།
ངས་ལག་གི་ཁ་ཐུམ་དེ་ཕྱིར་སྔས་འགྲམ་དུ་བཞག་ནས་སྔས་འགྲམ་གྱི་ཁ་པར་ལག་ཏུ་བླངས། ངའི་སྐད་འཕྲིན་དུ་མི་1242ཡོད་པ་ལས་ངོ་རིག་མ་མྱོང་བ་མང་ཤོས་ཡིན། དེ་ཚོ་ཕལ་ཆེར་རྩོམ་རིག་གི་དབང་གིས་སྦྲེལ་བ་ཡིན་ཏེ། དེ་ཚོའི་ནང་ན་དང་ཐོག་ཧ་ཅང་དུངས་དུངས་ཀྱིས་མི་དང་མི་བརྒྱུད་ནས་སྐད་འཕྲིན་སྦྲེལ་པའི་རེ་བ་འདོན་མཁན་ཡོད་ལ། སྦྲེལ་ཚར་རྗེས་ནམ་ཡང་འབྲེལ་བ་མི་བྱེད་མཁན་ཡང་མང་པོ་ཡོད། ཡང་ངོ་རིག་མྱོང་བ་དང་ངོ་ཤེས། ཐ་ན་གཉེན་ཉེ་དང་གྲོགས་པོ། སློབ་གྲོགས་ཡིན་ནའང་མིང་ངོ་མ་བྲིས་མེད་ན་སུ་ཡིན་མི་ཤེས་པ་མང་པོ་ཡོད། གང་ལྟར་མོ་འདིའི་ནང་ན་ཡོད་དམ། གལ་ཏེ་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ“ཁ་སང་སྔ་དྲོར་ཆུ་མིག་སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་སུ་ང་ལ་ཁ་ཐུམ་སྟེར་མཁན་དེས་ངའི་སྒེར་ལ་འབྲེལ་གཏུག་ཅིག་བྱེད་རོགས།”ཞེས་བོད་ཡིག་རྒྱ་ཡིག་གཉིས་ཀ་བྲིས་ནས་སྤེལ་ན་ཅི་འདྲ་ཡིན་སྲིད། གང་ལྟར་ཚོད་ལྟ་ཞིག་བྱེད་དགོས་བསམས་ཏེ་ཡི་གེ་དེ་དག་གི་འོག་ཏུ་ཁ་ཐུམ་དེའི་འདྲ་པར་བཞག་ནས་སྤེལ་ནའང་འབྲེལ་གཏུག་བྱེད་མཁན་མ་བྱུང་། དེ་ལས་ལྡོག་སྟེ་ཀུ་རེ་དང་ཟུར་ཟ་བྱེད་མཁན་མང་པོ་བྱུང་བའི་ཁྲོད་ན“ཁ་སང་དེ་འདྲའི་སྔ་མོ་ནས་བཟི་སོང་ངམ།”ཟེར་མཁན་ཡང་འགའ་རེ་བྱུང་།
གལ་ཏེ་མོ་ལས་ཀར་འགྲོ་མཁན་ཡིན་ན་ཁ་སང་གི་དུས་ཚོད་དེའི་ཡས་མས་ལ་ཆུ་མིག་འབབ་ཚིགས་སུ་སྤྱི་སྤྱོད་རླངས་འཁོར་དུ་འདུག་ངེས་ཡིན་སྲིད་པས་ང་སྔ་ཙམ་ནས་ཆུ་མིག་འབབ་ཚིགས་སུ་སོང་སྟེ་བསྒུགས་བསྡད། ཁ་ཐུམ་བརྒྱབ་པའི་མི་རྣམས་ཀྱིས་ཡ་མཚར་དང་མ་རངས་པའི་མིག་མདངས་ཀྱིས་ང་ལ་ལྟ་བཞིན་འདུག དེ་ནི་ངས་ཁ་ཐུམ་བརྒྱབ་མེད་པའི་རྐྱེན་གྱིས་ཡིན་པ་གསལ་པོ་རེད། རྩྭ་ཐང་གི་གྲོང་ཁྱེར་ཆུང་ངུ་འདིར་ནད་ཡམས་བྱུང་མ་མྱོང་ནའང་དུས་ངེས་མེད་དུ་ཡང་ཡང་བཀག་སྡོམ་བྱས་པ་དང་། དྲིལ་བསྒྲགས་སྣ་ཚོགས་ཀྱིས་མི་རྣམས་རི་དྭགས་རྨས་མ་བཞིན་དུ་གྱུར་འདུག དེའི་ཕྱིར་ངས“ཁྱོད་ཚོ་དོན་དམ་ཅི་ཞིག་ལ་སྐྲག་གི་ཡོད། ནད་ལ་སྐྲག་གི་ཡོད་དམ་གཞན་ཞིག་ལ་སྐྲག་གི་ཡོད། ”ཅེས་ཁེར་བཤད་ལྟ་བུ་བྱས་ནའང་མཐའ་འཁོར་གྱི་མི་རྣམས་ཀྱིས་གོ་མི་སྲིད། ཁ་སང་གི་དུས་ཚོད་ལས་ཆུ་ཚོད་གཅིག་གིས་བརྒལ་ནའང་མོ་སླེབས་མ་སོང་། ད་ནི་མོ་ཡོང་རྒྱུ་མིན་པ་ཁོ་ཐག་རེད། གཅིག་བྱས་ན་ཁ་སང་མོ་སྟེས་དབང་གིས་འདི་རུ་རླངས་འཁོར་དུ་བསྡད་པ་ཡིན་སྲིད། གལ་ཏེ་དེ་ལྟར་ཡིན་ན་ད་ནས་བཟུང་མོ་ནམ་ཡང་འདིར་མི་ཡོང་བའང་སྲིད། དེས་ན་ད་ནས་བཟུང་ནམ་ཡང་མོ་དང་འཕྲད་མི་སྲིད་པ་དང་། གལ་ཏེ་མོ་དང་མ་ཕྲད་ན་ངས་ནམ་ཡང་མོ་སུ་ཡིན་ཤེས་མི་སྲིད། ཡང་ན་མོ་སང་ཉིན་འདིར་ཡོང་སྲིད་ལ། དེ་ནས་མོ་དང་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་ཀྱང་སྲིད། ཡང་ན་ལོ་ངོ་ལྔ་བཅུའི་རྗེས་སུ་མོ་དང་འཕྲད་སྲིད། དེ་ལྟར་བསམ་བཞིན་ཡང་བསྐྱར《ཁཱོ་ལེར་དུས་ཀྱི་བརྩེ་དུང》ཡིད་ལ་ཤར་བ་དང་། ལྷག་པར་དུ་དེའི་ནང་གི་བློ་ཡུལ་ལས་འདས་པའི་བརྩེ་དུང་གི་གཏམ་རྒྱུད་སྣ་ཚོགས་ཡིད་ལ་གསལ་ལེར་ཤར……
ང་ཕྱིར་འགྲོ་ཞོར་ཁ་སང་མོ་གང་དུ་འགྲོ་བ་ཙམ་ཡང་མ་དྲིས་པ་དེར་འགྱོད་པ་སྐྱེས། ད་དུང་སང་ཉིན་རང་ཉིད་འདིར་ཡོང་མིན་ལ་བསམ་བློ་བཏང་། མཇུག་མཐར་དེ་རིང་བཞིན་ཡོང་ནས་བསྒུག་རྒྱུ་ཐག་བཅད།
དེའི་རྗེས་སུ་བསྟུད་མར་ཉིན་བདུན་གྱི་རིང་དུས་ཚོད་ལྟར་ཆུ་མིག་འབབ་ཚིགས་སུ་སོང་ནས་མོ་ཨེ་མཐོང་ལ་རེ་སྒུག་བྱས། ད་ནི་ཐུག་རྒྱུ་མེད་པ་ཁོ་ཐག་ཡིན་ནའང་མུ་མཐུད་དུ་དུས་ལྟར་དེར་སོང་། འགྱུར་ལྡོག་ཉག་གཅིག་ནི་ང་ལ་ཡ་མཚར་དང་མ་རངས་པའི་མིག་མདངས་ཀྱིས་ལྟ་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དེ་རེད།
དེ་ལྟར་ཟླ་གཅིག་ཙམ་སོང་རྗེས་འགོ་ཁྲིད་ཀྱིས་གཞི་ནས་སྔ་དྲོར་ནམ་རྒྱུན་གཞུང་ལས་ཁང་དུ་མེད་པ་ཅི་ཡིན་ཟེར། ངས་ཀྱང་གཞི་ནས་རང་གི་བྱ་སྤྱོད་འདི་གླེན་རྟགས་ཡ་མེད་ཅིག་ཡིན་པ་ཁས་བླངས་ཏེ་མོས་བྱིན་པའི་ཁ་ཐུམ་སྔོ་སྐྱ་འགྱིག་ཐུམ་ཅན་དེ་གད་སྙིགས་སུ་གཡུག་རྩིས་བྱས། ཏག་ཏག་སྐབས་འདིར་སང་ཉིན་ཆེས་མཇུག་མཐར་ཆུ་མིག་འབབ་ཚིགས་སུ་ཐེངས་གཅིག་སོང་རྗེས་ད་གཟོད་ཁ་ཐུམ་འདི་གད་སྙིགས་སུ་གཡུག་རྒྱུའི་སེམས་ཐག་བཅད།
ཕྱི་ཉིན་སྔ་དྲོར་ང་ཆུ་མིག་འབབ་ཚིགས་སུ་ཐོན་ལ་ཉེ་དུས་མོའི་ཁ་ཐུམ་སྔོ་སྐྱའི་གོང་གི་ཁྲ་ཆིལ་ཆིལ་གྱི་མིག་གཉིས་འཛུམ་དམུལ་དམུལ་བྱེད་བཞིན་ཚུར་ཡོང་གིན་འདུག
2022.11.26
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།