རྐུན་མའི་སྤྱང་གྲུང་།
སྔ་མོ། འབྲོག་ཁུལ་དུ་རྐུན་མ་མང་དྲགས་པས། འབྲོག་མི་དག་གིས་དགོང་མོ་ཕར་ཞོག ཉིན་མོ་ཡང་རྐུ་འགོག་བྱ་ཐབས་སྣ་མིན་སྣ་ཚོགས་སྤྱད་ཀྱིན་ཡོད།
དུས་སྐབས་དེར་ཡ་ཆེན་ཞེས་པའི་འབྲོག་ས་དེ་ནི་རྐུན་མ་ཆེས་མང་བའི་གནས་ཤིག་ཡིན། ཡ་ཆེན་རྩྭ་ཐང་ཐོག་ཏུ་ཟླ་བཀྲ་ཟེར་བའི་རྒས་པོ་ཕོ་ཧྲེང་ལོ་ལྔ་བཅུ་བྱས་པ་ཞིག་ཡོད་དེ། མི་འཐམ་མེ་འཐོམས་མེ་ཅུང་ཡོད་རུང་། རང་གཤིས་གཏུམ་ལ་ང་རྒྱལ་ཆེ་བས། ལོ་གཞོན་སྐབས་མིའང་རེ་གཉིས་བསད་མྱོང་ཡོད་པར་གྲགས།
ནམ་རྒྱུན། ཟླ་བཀྲས་དགོང་མོ་གཉིད་ལོག་ནས་རྐུ་འཆོར་བ་ལ་དོགས་ཏེ། ཁྲོ་སྣོད་ནང་དུ་ཆུ་བླུགས་ནས་སྦྲའི་སྒོ་ཁར་བཞག མཚན་ལ་རྐུན་མ་རེ་ཡོང་ཚེ་རྐང་པ་འཁོན་ན་སྒྲ་འབྱུང་བས་ཁོ་རང་གཉིད་ལས་སད་ཐབས་བྱེད་ཀྱིན་ཡོད།
ཉིན་ཞིག་ན་ལུང་མདའི་རྐུན་མ་ཧེ་ཧེ་ཡིས། རྐུ་རོགས་དག་ལ། ཝ་ཡེ། དེང་སང་དབྱར་ཁ་ཚེས་པས་འབྲོག་མི་དག་དགོང་མོ་མཚན་ནོར་ལངས་དགོས་པས་གཉིད་སྲུང་བྱས་ནས་རྐུ་ལ་འགྲོ་ཐབས་དཀའ། ཕྱིན་ཡང་འཇུ་ཉེན་ཆེ་བས་གནས་སྐབས་མ་ཕྱིན་ན་བཟང་ཟེར་རུང་། ཁོའི་རྐུ་རོགས་སྦུ་ལུ་ཟེར་བ་ཞིག་ཡོད་པ་དེས་ཟླ་བཀྲ་ཕོ་ཧྲེང་གཉིད་ལོག་བསྟུད་མར་ཤོར་བས། མཚན་ནོར་ཡང་ནམ་སྨད་ལས་ལངས་ཀྱིན་མ་རེད་ཟེར། དེ་བས་ཁོའི་ཁྱིམ་དུད་ཚང་གཞན་དང་རྒྱང་རིང་བས། ང་ནི་ཁོའི་ནང་རྐུ་བར་འགྲོ་གི་ཡིན་ཟེར་ནས། ཁོས་དེ་དགོང་འགྲོ་རྒྱུའི་བློ་ཐག་བཅད།
མཚན་ཟོས་པ་དང་ཁོས་བཀྲེས་ལྟོགས་ཀྱིས་མནར་བའི་ལོང་ག་བཞིན་ནག་ཧོར་རེར་གནས་པའི་སྦྲ་སྒོ་ནས་འཛུལ་མ་ཐག ཏག་ཏག་སྒོ་འགྲམ་ལ་བཞག་པའི་སྣོད་ལ་རྐང་པ་ཐུག་པས། ཆང་ཆང་ཆང་་་་་ ཞེས་པའི་སྒྲས་ཟླ་བཀྲ་གཉིད་ལས་དཀྲོག ཟླ་བཀྲས་མུ་ནག་གི་ངོས་སུ་ལག་གཡུག་འགའ་བྱས་ནས། སུ་ཡིན་སུ་ཡིན་ཟེར་བས། རྐུན་མས་“མེའུ་”ཞེས་ཞི་ལའི་སྐད་ལ་བརྫུན་པས། ཟླ་བཀྲས།"འོ་་་་དའ་བྱེད་དུས་ཞི་མི་ཡིན་པ་རེད།"ཟེར་ནས་སླར་ཡང་གཉིད་དུ་ཡུར། རྐུན་མས་ཤ་དང་མར་སོགས་གྱ་ནོམ་ཞིག་བརྐུས་ནས་མར་ཐོན་སྐབས། ཡང་ཏག་ཏག་ཆུ་བླུགས་པའི་སྣོད་ལ་རྐང་པ་འཁོན་པས། སླར་ཡང་ཆང་ཆང་ཆང་་་་ ཞེས་པའི་སྒྲས་རྒས་པོ་གཉིད་ལས་དཀྲོག ཟླ་བཀྲས་ཡང་སུ་ཡིན་སུ་ཡིན་ཞེས་སྐད་རྒྱབ་པས། རྐུ་མ་སྦུ་ལུ་དངངས་འཚབ་ཁྲོད་རིག་པའང་ལྡབ་ལྡིབ་ཏུ་གྱུར་བས། སྣང་བ་ཟ་ཟི་ངང་ཁོས། "ང་ད་གིན་ཞི་མི་དེ་ཡིན།"ཞེས་ལབ་པས། ཟླ་བཀྲ་མལ་ལས་བྱ་གླག་གིས་ལུ་གུ་མཐོང་བ་ཇི་བཞིན་མཆོངས་ཡོང་ནས། ཁོའི་ལྟག་པ་ནས་བཟུང་སྟེ། གན་རྐྱལ་དུ་ནམ་ལངས་པ་འདྲ་བ་གཅིག་དང་། ཁ་སྦུབ་ཏུ་ས་རུབ་པ་འདྲ་བ་གཅིག་བརྡབས་ནས། ཁོས་བརྐུས་པའི་གཡག་ཤ་རྐང་ཡས་དེ་དང་། མར་ར་རྐོ་གང་ཕྱུར་རྩམ་སྒྱེ་མོ་གང་ཡོད་པ་དག་ཀྱང་ཕར་སྤྲད་དགོས་བྱུང་བའི་ཁར། ཟླ་བཀྲའི་ནོར་རྫི་ལ་ཞག་མ་༡༥ཙམ་འགྲོ་དགོས་བྱུང་ངོ་།།
དམངས་ཁྲོད་གཏམ་དཔེ་ལས་བཅོས་བསྒྲིགས་བྱས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།