ལག་དམར་ང་ཡིན།
གཅིག
ནམ་ཟླ་སྟོན་ཁ་ཡིན་པ་འདྲ། ངེད་ཚང་གི་རུ་དབྱར་ས་ནས་སྤོས་ཏེ་སྟོན་མཚེར་དུ་སླེབས་འདུག སྦྲ་སྒོའི་དར་ལྕོག་རླུང་གིས་ཤག་ཤག་ཏུ་བསྐྱོད་ཚུལ་ལ་བལྟས་ན་དོ་ནུབ་ཆར་བ་འབབ་མི་ཐུབ་པ་འདྲ། ཕ་མེས་ཚོའི་ངག་རྒྱུན་ལྟར་ན་གནམ་ངོ་ཇི་ལྟར་སྡུག་ཀྱང་རླུང་བུའི་ལྡང་ཤུགས་ཆེ་ན་ཆར་བ་འབབ་མི་ཐུབ་ཟེར་དཔེ།
ས་ཡུན་གྱིས་རུབ་སོང་། ང་སྦྲ་སྒོར་བུད་ནས་ཡར་མར་ལ་མིག་ཉུལ་ཞིག་བྱས་མོད། མུན་ནག་གིས་རྒྱང་རིང་གི་རི་ལུང་ཐང་གསུམ་ཁྱུར་མིད་དུ་བཏང་ནས་ཡོད་ཚད་རབ་རིབ་ཏུ་སྣང་། ཁྱིམ་མཚེས་རུ་སྐོར་གྱི་སྦྲ་ནང་ནས་མཆོད་མེ་རྐང་རེ་ལྷབ་ལྷུབ་ཏུ་འབར་བཞིན་པ་ནི་ཅི་ཞིག་ལ་མི་འདོད་པའི་སྡུག་ཡུས་འདོན་གྱིན་པ་དང་ཀུན་ནས་མཚུངས། དར་ལྕོག་རླུང་གིས་བསྐྱོད་པའི་ཤག་སྒྲ་དང་སྒོ་ཁྱིའི་ཟུག་སྐད་གཉིས་ཀྱིས་ཀྱང་ང་ལ་ཅི་ཡིན་འདི་ཡིན་མེད་པར་མི་བདེ་བའི་སྣང་བ་ཞིག་སྦྱིན།
ང་ལ་གློ་རྡེག་ཏུ་དོན་རྐྱེན་ངན་པ་ཞིག་མི་འབྱུང་ངམ་སྙམ་པའི་ཚོར་སྣང་ཞིག་སྐྱེས་པས། ཕྱིར་སྦྲ་ནང་དུ་འཛུལ་ནས་སྡོད་བཟོད་མ་བྱུང་བར་ཐད་ཀར་སྦྲ་སྒོ་ནས་བྲལ་ཏེ་མདུན་ཕྱོགས་སུ་སོང་། འདི་ལ་འགྲོ་དགོས་སྙམ་པ་ཞིག་ཅི་ཡང་མི་འདུག་མོད། ང་ངེད་ཚང་གི་དགུན་སའི་ཕྱོགས་སུ་འགྲོ་བཞིན་ཡོད་པ་གསལ་པོ་རེད། ངེད་ཚང་གི་སྟོན་མཚེར་ནི་དགུན་ས་དང་ཤིན་ཏུ་ཐག་ཉེ་བས་ཉིན་དཀར་ཡིན་ན་སྦྲ་སྒོར་ལངས་ཏེ་མར་བལྟས་ན་ཁང་པའི་རྒྱབ་དང་གཡས་གཡོན་ས་གྱང་གིས་བྱས་ཤིང་སྔུན་ཤིང་བཟོས་གྲུབ་པའི་ཁང་མིག་གྱན་གསུམ་ཅན་དེ་གསལ་པོར་མཐོང་ཐུབ། དེའི་བར་དུ་འབྲོག་པ་ཚོས་སྒོ་ཕྱུགས་ཚྭ་ཁར་འདེད་སའི་ས་ལམ་ཆེ་ཆུང་རན་པ་ཞིག་ཡོད་ཅིང་། ལམ་དེའི་འོག་ཕྱོགས་ནི་དགུན་ས་དང་སྟེང་ཕྱོགས་ནི་སྟོན་མཚེར་ཡིན་ལ། དེའི་མཐའ་གཉིས་ལ་ལྕགས་ར་འཐེན་ནས་ཡོད།
ང་རང་སྤྲིན་པའི་ཡང་སྟེང་དུ་ཅི་ཞིག་གིས་སྤུར་བཞིན་ཡོད་པ་ལྟར་གོམ་པ་འཁྱར་འཁྱོར་དུ་སྤོས་ནས་དགུན་ས་དང་སྟོན་སའི་མཚམས་ཀྱི་ལམ་ཁ་དེར་སླེབས་དུས། གློ་བུར་དུ་སུ་ཞིག་གིས་འབོད་བཞིན་ཡོད་པ་ཐོས། འོན་ཀྱང་མུན་ནག་གི་མཚན་མོ་དེར་ངས་གཡས་གཡོན་གྱི་བྱ་དངོས་ཅི་ཡང་མི་མཐོང་ལ། སྐད་ལ་ཉན་ནའང་འདི་རེད་སྙམ་པའི་ངོས་ཟིན་གང་ཡང་མ་ཐོབ་པས་ངང་ངམ་ཤུགས་ཀྱིས་དངངས་སྐྲག་སྐྱེས་ཤིང་ལུས་སེམས་གཉིས་ཀ་ཚ་བེར་བེར་དུ་གྱུར།
“སུ་ཡིན།” ངས་སྤོབས་པ་མཐོ་རུ་བཏེགས་ནས་དེ་ལྟར་དྲིས་ཀྱང་། ངའི་སྐད་གདངས་ཀྱི་ཁྲོད་ན་འདར་བའི་ཆ་ཞིག་ཡོད་པ་ང་རང་གིས་གསལ་པོར་ཚོར་ཐུབ།
འོན་ཀྱང་། ང་ལ་ལན་འདེབས་མཁན་གཅིག་ཀྱང་མ་བྱུང་།
ངས་རང་ཉིད་ལ་རྣ་འཁྲུལ་བྱུང་བ་ཡིན་སྲིད་སྙམ་ནས་མུ་མཐུད་དུ་མདུན་དུ་བསྐྱོད་མོད། ཡང་བསྐྱར་སྐད་སྒྲ་སྦོམ་པོ་ཞིག་གིས་བོས་བྱུང་།
“སུ་ཡིན། བུ་རྒོད་པོ་ཡིན་ན་སྐད་ཆ་གསལ་པོ་ཤོད། ང་འདི་ན་ཡོད།” ངས་སྔར་བཞིན་སུ་ཡིན་གསལ་ཐག་མ་ཆོད་ཀྱང་། ཁྱིམ་མཚེས་རུ་སྐོར་གྱི་ངོ་ཤེས་ཤིག་གིས་ཚོད་བགམ་བྱེད་བཞིན་པ་ཡིན་ཡང་སྲིད་སྙམ་སྟེ་སྤོབས་པ་ཆེན་པོས་དེ་ལྟར་བཤད།
ཡང་བསྐྱར་འཇམ་ཅག་གེར་གྱུར་སོང་། ང་ལ་ལན་འདེབས་མཁན་གཅིག་ཀྱང་མ་བྱུང་།
ངས་རྣ་བ་གསེང་པོ་དང་མིག་ཟུང་རྣོན་པོས་ཡར་མར་ལ་གཟབ་ཀྱིས་ཉན་ཞིང་བལྟས་མོད། ཅི་ཡང་མ་ཚོར་ལ་གང་ཡང་མ་མཐོང་བས། ཡང་བསྐྱར་མདུན་དུ་འགྲོ་རྩིས་བྱས་པ་ན་སླར་ཡང་སྐད་སྒྲ་སྦོམ་པོ་ཞིག་གྲག་བྱུང་།
“དོ་ནུབ་ངས་ཁྱོད་ཀྱི་སྲོག་ལེན་མ་ཐུབ་ན་ང་སྐྱེས་པ་ཕོ་ཞིག་མིན་རྟགས་ཡིན།”
བསྒྲགས་ཚིག་ལྟ་བུའི་སྐད་ཆ་དེ་ངའི་རྣ་ལམ་དུ་གྲག་དུས། ང་དངོས་གནས་སྐྲག་བྱུང་ལ། ངས་ཡར་མར་ཀུན་ཏུ་འདང་མང་པོ་ཞིག་རྒྱག་དགོས་བྱུང་། ངས་ཆུང་ནས་ད་བར་དུ་མི་གཅིག་ལའང་ཐུབ་ཚོད་གཏོང་མ་མྱོང་ལ་ཁྱིམ་མཚེས་རུ་སྐོར་གཅིག་ལའང་གནོད་པ་བསྐྱལ་མ་མྱོང་མོད། ངའི་སྟེང་ལ་འདི་ལྟ་བུའི་ཞེ་སྡང་ཁོང་ཁྲོ་ཆེན་པོ་ཡོད་མཁན་ཞིག་སུ་ཡིན་ནམ།
“དོན་ངོ་མར་ཁྱོད་སུ་ཡིན། ངས་ཁྱོད་ལ་མི་འོས་པ་ཅི་ཞིག་བསྒྲུབས་མྱོང་།” ངས་དེ་ལྟར་སྙིང་སྟོབས་ཆེར་བསྐྱེད་ཀྱིས་བཤད།
“ང་སུ་ཡིན་གཙོ་བོ་མ་རེད། གཙོ་བོ་ནི་དོ་ནུབ་ཁྱོད་འཇིག་རྟེན་དཀར་ངོགས་འདི་ནས་ཚེ་ཕྱི་མར་སྐྱེལ་མ་ཐུབ་ན་ང་མི་མིན་ཁྱི་ཡིན།”
ང་རང་དངངས་སྐྲག་གིས་མནར་ནས་མགོ་ལུས་རྐང་གསུམ་རྔུལ་ཆུས་བརླན་ཞིང་སེམས་འཚུབ་པར་གྱུར་བས་ཅི་ཞིག་བཤད་དགོས་པའང་མི་ཤེས་པར་གྱུར། བླ་མ་དཀོན་མཆོག་གིས་སྐྱོབས། གཤིན་རྗེ་ཆོས་རྒྱལ་མངོན་སུམ་དུ་འཇིག་རྟེན་མི་ཡུལ་ལ་སླེབས་པ་ཡིན་ནམ། དེ་རིང་ནི་དངོས་འབྲེལ་འཆི་བའི་དུས་ལ་སླེབས་སོང་སྙམ་སྟེ་ཤིན་ཏུ་སྐྲག་མོད། གང་ལྟར་ཡང་ཕྱིར་ལན་སློག་དགོས་པ་ནི་བྱོལ་ཐབས་མེད་པས་ཅིས་ཀྱང་དཔའ་བསྐྱེད་ནས་འཐབ་དགོས་སྙམ་བཞིན་གློ་གྲི་ཐུང་ཐུང་དེ་ཡར་བཏོན་ནས་སུ་ཡིན་མི་ཤེས་པའི་ཕ་རོལ་པོ་དང་འཐབ་རྩིས་བྱས།
“ད་ཤོག ཁྱོད་ཀྱིས་ངའི་སྲོག་ལེན་དང་ངས་ཁྱོད་ཀྱི་སྲོག་ལེན་ད་རུང་ཟེར་མི་ཤེས། བུ་རྒོད་པ་ཡིན་ན་ད་ཤོག” ངས་དེ་ལྟར་སྐད་ཆེན་པོས་བཤད་བཞིན་ད་ཅི་སྐད་གྲགས་པའི་ཕྱོགས་སུ་གྲི་ཕྱར་ནས་ཕྱིན།
ང་རང་སྒྲ་གྲགས་སའི་ཕྱོགས་སུ་གོམ་པ་བཅུ་ཙམ་སྤོས་པ་ན། མིག་མདུན་དུ་དངོས་སུ་མི་ཞིག་གི་གཟུགས་བརྙན་རབ་རིབ་ཙམ་ཤར་བྱུང་། འོན་ཀྱང་ཁ་ངོ་སོགས་ཅི་ཡང་མི་མཐོང་ལ་སུ་ཡིན་འདི་ཡིན་གྱི་སྐད་ཆའང་བཤད་མ་བྱུང་བས། ངས་སྡར་མ་ལག་སྔ་ཡིན་ན་དགའ་སྙམ་བཞིན་གཞན་གང་ལའང་བསམ་བློ་མ་བཏང་བར་ཐད་ཀར་ཕ་རོལ་པོའི་སྙིང་ཁ་དམིགས་ནས་གྲི་ཐུང་གིས་བཙུགས་པས། མི་དེས“ང་མགོན་པོ་ཡིན་ཡ། ཨ་་་་་་ཨ་་་་་་”ཟེར་བཞིན་ས་ལ་འགྱེལ་སོང་། དེ་དུས་ངས་ད་གཟོད་རང་གིས་གནམ་ཀྱིས་མི་ཐེག་པའི་བྱས་ཉེས་ཤིག་ཤོར་སོང་སྙམ་མོད། ད་ནི་ཡོད་ཚད་འཕྱི་སོང་བ་འདྲ་སྟེ། ང་དང་སྡེ་བ་གཅིག་པའི་མགོན་པོ་ས་རུ་འགྱེལ་ནས་འགུལ་ཙམ་ཡང་བྱེད་མི་ཐུབ་པར་འདུག
ངས་མགོ་བོ་མར་བསྒུར་ནས་མགོན་པོའི་སྣ་ཁར་མཛུ་གུ་བཞག་ཀྱང་། དབུགས་སྔར་ནས་ཆད་ཚར་བ་འདྲ་སྟེ། ངའི་མཛུ་གུའི་ཐོག་ཏུ་དྲོད་ཐིག་ཨེན་ཙམ་ཡང་འཁྱིལ་མ་བྱུང་།
ང་རང་སྔར་ལས་འཇིགས་སྐྲག་གིས་མནར། ད་ནི་དངོས་འབྲེལ་ཅི་ལས་འདི་ལས་མི་ཤེས་པར་གྱུར། གལ་སྲིད་སུ་ཞིག་གིས་མགོན་པོ་གསོད་མཁན་གྱི་ལག་དམར་ང་ཡིན་པ་ཤེས་ན་ངའི་ཚེ་སྨད་བཙོན་ནས་གཟད་རྒྱུ་ལས་ཅི་ཡོད། དོན་འདི་མི་ཤེས་པའི་ཐབས་བཀོད་ཅིག་ཅིས་ཀྱང་འཚོལ་དགོས་སྙམ་ནས་བསམ་བློ་མང་པོ་བཏང་མཐར། ངས་ངེད་ཚང་གི་སྟོན་མཚེར་དང་དགུན་སའི་བར་གྱི་ས་ལམ་དེད་ནས་ལེ་དབར་གསུམ་ཙམ་ལ་ཕྱིན་ན་ཆུ་འཁྱིལ་གཏིང་ཟབ་མོ་ཞིག་ཡོད་པ་ཡིད་ལ་དྲན། གལ་ཏེ་ཆུ་འཁྱིལ་དེའི་ནང་དུ་འཕངས་བཞག་ན་སུས་ཀྱང་མཐོང་མི་ཐུབ་སྙམ་མུར་མགྱོགས་མྱུར་མགོན་པོའི་བེམ་པོ་ཁུར་ནས་དེའི་ཕྱོགས་སུ་སོང་། མདུན་དུ་སོང་གིན་སོང་གིན་བེམ་པོ་ཇེ་ལྗིད་ནས་ཇེ་ལྗིད་དུ་གྱུར་བས་གོམ་པ་གཅིག་ཙམ་སྤོ་བར་ཡང་དཀའ་ཁག་ཆེན་པོ་འཕྲད། ལེ་དབར་གཅིག་ཙམ་ལ་ཕྱིན་རྗེས་ང་རང་གཞི་ནས་ཨ་ཐང་ཆད་སོང་། འགུལ་ཙམ་ཡང་མི་ཐུབ་པར་གྱུར། ང་རང་ཁ་མལ་དེ་ནས་སར་བསྡད་དེ་ངལ་གསོ་ཨེན་ཙམ་བྱས་ཀྱང་། སེམས་ཀྱི་དངངས་སྐྲག་གིས་ང་རང་སྡོད་དུ་མ་བཅུག་པས་མུ་མཐུད་དུ་ཁུར་མ་དྲུད་ཀྱིས་མདུན་དུ་བསྐྱོད་པ་ཡིན།
ངས་མཚན་ལམ་རིང་མོ་གཅིག་ལ་མགོན་པོའི་བེམ་པོ་ཁུར་མ་དྲུད་ཀྱིས་སོང་བས། ཕྱི་ཉིན་གྱི་སྐྱ་རེངས་དང་པོ་བཀྱགས་མ་བཀྱགས་ཀྱི་མཚམས་དེར་ང་རང་གཞི་ནས་ཆུ་འཁྱིལ་ཆེན་པོ་དེའི་གམ་དུ་སླེབས་སོང་། ངའི་ལུས་དང་གོན་པ་ཡོད་ཚད་རྔུལ་ཆུས་བརླན་ཏེ་ཆར་ཤག་ཆེན་པོ་ཞིག་གིས་བརྡུངས་བ་ལྟར་དུ་གྱུར་འདུག
ངས་ཆེས་མཐའ་མཇུག་གི་ཤེད་ཤུགས་ཡོད་ཚད་བཏོན་ནས་བེམ་པོ་ཆུའི་ནང་དུ་འཕངས་པ་ཡིན། བེམ་པོ་ཆུའི་ནང་དུ་ལྟིག་སེ་ལྷུང་བ་དང་མཉམ་དུ་ངའི་ལུས་སེམས་གཉིས་ལའང་ཁུར་བོ་ལྗིད་པོ་ཞིག་སར་ཕོག་པ་ལྟ་བུའི་ངལ་གསོ་ཐོབ།
དེ་ནི༢༠༢༣ལོའི་ལོ་སྟོད་ཀྱི་རྨི་ལམ་ཞིག་རེད།
གཉིས།
དུས་ཚིགས་གང་ཞིག་ལ་ཁེལ་ཡོད་པ་གསལ་ཐག་མ་ཆོད་མོད། མཚན་མོ་ཞིག་ཡིན་པ་ནི་གཏན་ཁེལ་རེད། མུན་ནག་གིས་ཕྱོགས་བཅུའི་མཐོང་ལམ་བསྒྲིབས་པའི་མཚན་གཞུང་ཞིག་ལ། ངེད་ཚང་གི་སྟོན་མཚེར་དང་དགུན་སའི་བར་གྱི་གཞུང་ལམ་དེར་ཉེན་རྟོག་པའི་རླངས་འཁོར་འགའ་གློག་འོད་དམར་འཚུབ་སེ་བསྡད་འདུག་ཅིང་། ཉེན་རྟོག་པ་མང་པོ་ཞིག་གིས་དེར་འདུས་ཀྱི་མི་ཐམས་ཅད་ལ་ཅི་ཞིག་འདྲི་རྩད་གཏོང་བཞིན་འདུག
ཏག་ཏག་ང་ཡང་ག་ཤེད་ཅིག་ནས་དེར་སླེབས་བྱུང་།
ངས་ཁོང་ཚོས་ཅི་ཞིག་གི་ཆེད་དུ་འདྲི་རྩད་གཏོང་བཞིན་ཡོད་པ་མ་གོ་བས། ག་ལེར་ཉེན་རྟོག་པ་དེ་དག་གི་གམ་དུ་བཅར་ནས་ཉན་ཞིབ་བྱས་པ་ན། དེ་ནི་ཏག་ཏག་ང་དང་འབྲེལ་བ་ཡོད་པའི་དོན་དག་ཅིག་རེད་འདུག་སྟེ། གསལ་པོར་བཤད་ན་མགོན་པོ་གསོད་མཁན་གྱི་ལག་དམར་འཚོལ་བཞིན་པ་ཡིན་འདུག་པས། ང་རང་ལམ་སང་རྟབ་རྟབ་པོར་གྱུར་ཅིང་ཅི་བྱེད་འདི་བྱེད་མི་ཤེས་པར་གྱུར།
“ང་ཚོས་གློག་མིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། དོན་རྐྱེན་བྱུང་ཡུལ་ཏག་ཏག་གནས་འདིར་ཁེལ་འདུག་ཅིང་། གསོད་མཁན་དེ་ནི་གཟུགས་གཞི་དང་སྐྲ་ལོ་རིང་བའི་ཕོ་གསར་ཞིག་རེད། ཁྱེད་ཚོའི་ཡུལ་འདིར་སྐྲ་རིང་པོ་བཞག་ཡོད་མཁན་སུ་སུ་ཡོད། རབ་ཡིན་ན་རང་གིས་ཁས་ལེན་བྱོས། གལ་སྲིད་རང་གིས་ཁས་མ་བླངས་པར་ང་ཚོས་སུ་ཡིན་གོ་སོང་ན་ཉེས་པ་ཇེ་ཆེར་གཏོང་ཁོ་ཐག་ཡིན།” ཉེན་རྟོག་པ་དེ་དག་གི་ཁྲོད་ཀྱི་མགོ་གཙོ་ཞིག་ཡིན་པ་འདྲ། ལག་ཏུ་གློག་སྒྲོན་ཐོགས་པའི་སྐྱེས་པ་དར་མ་ཞིག་གིས་དེ་ལྟར་བཤད།
འོན་ཀྱང་། དེར་འདུས་མི་གཅིག་གིས་ཀྱང་ཁ་གྲག་མ་བྱུང་།
ང་རང་མི་ཚོགས་ཀྱི་དཀྱིལ་ནས་ཅི་བྱེད་མི་ཤེས་པར་གྱུར། ང་ཡིན་ཞེས་ཁས་ལེན་བྱས་ན་ཁྲིམས་ཆད་ཆེན་པོ་ཕོག་ཉེན་ཆེ་ལ། ཅི་ཡང་མི་གོ་ཁུལ་བྱས་ནས་བྲོས་བཞག་ན་དེ་བས་ཉེན་ཁ་ཆེ་བས། དངོས་འབྲེལ་བཟུང་ན་ལག་པ་འཚིག་བཏང་ན་རྫ་མ་ཆགས་ཞེས་པའི་དཔེ་བཞིན་ཅི་ལས་འདི་ལས་མེད་པར་གྱུར། སླར་ཡང་སེམས་ལ་འཚུབ་ཆ་ལངས་ཤིང་ལུས་པོ་འདུག་བཟོད་མེད་པར་གྱུར་ཅིང་། སྐབས་ཤིག་ནས་སྙིང་ཆུང་ལུ་གུ་བཞིན་ལྡང་ཞིང་ལུས་ཡོངས་རྔུལ་ཆུས་བརླན་ཏེ་རང་ལུས་རང་ལ་མི་དབང་བ་ལྟར་ཐ་ན་དྲང་མོར་ལངས་བའི་ནུས་པའང་མེད་པའི་ཚད་དུ་ལྷུང་།
“དྲང་མོར་བཤད་ན། ང་ཚོས་སུ་ཡིན་གསལ་པོར་ཤེས་ཡོད། རབ་ཡིན་རང་གིས་ཁས་ལེན་བྱོས་དང་། ཉེས་པ་ཆུང་ངུར་གཏོང་ཆོག” ཉེན་རྟོག་པ་གཞན་པ་ཞིག་ང་ཡོད་སའི་ཕྱོགས་སུ་ཁ་འཁོར་ནས་དེ་ལྟར་ཟེར། དྲང་མོར་བཤད་ན། སྐབས་དེར་ངས་མགོ་བོའང་འགྱོགས་མི་ཐུབ་པར་འདུག ཁོང་ཚོའི་ཕྱོགས་སུ་མིག་ཟུར་ཙམ་ཡང་འཕེན་པའི་སྤོབས་པ་མེད་པར་གྱུར།
དེར་འདུས་པའི་མི་ཚོགས་ཀྱིས་མཚམས་མེད་པར་ཤབ་ཤུབ་བཤད་བཞིན་འདུག འོན་ཀྱང་། མི་གཅིག་གིས་ཀྱང་སྐད་གསེང་མཐོན་པོས་སྐད་ཆ་བཤད་མ་བྱུང་། དེ་ལྟར་ནའང་། མཚམས་ཤིག་ནས་བཟུང་ངས་དེར་འདུས་ཚང་མས་རང་ཉིད་ལ་ཕུར་ཚུགས་སུ་བལྟས་འདུག་པའི་སྣང་བ་སྐྱེས་ཤིང་། ཐ་ན་ཁོ་ཚོའི་བཤད་བཞིན་པའི་ཤབ་ཤུབ་ཁྲོད་ན་ཡང་ངའི་མིང་ནས་འབོད་བཞིན་ཡོད་པ་ལྟ་བུའི་འཁྲུལ་བ་སྐྱེས།
གནས་སྐབས་འདི་འདྲ་ཞིག་ལ། ངས་རང་ཉིད་སུས་ཀྱང་སྐྱོབས་མི་ཐུབ་པ་གསལ་པོར་ཤེས་བྱུང་། འོན་ཀྱང་རང་ཉིད་མི་གསོད་ལག་དམར་ཡིན་པར་ཁས་ལེན་བྱེད་པའི་སྤོབས་པའང་རྩ་བ་ནས་མི་འདུག
“ཡ། ཁྱོད་ཚོ་རང་གིས་ཁས་ལེན་མ་བྱས་ན། སྐྲ་རིང་བོ་བཞག་ཡོད་པ་ཐམས་ཅད་དཀྱིལ་དུ་ཤོག ང་ཚོས་རེ་རེ་བཞིན་འདྲི་རྩོད་གཏོང་རྒྱུ་ཡིན།” སྐད་ཆ་དེ་གོ་མ་ཐག་ང་ལ་རེ་བ་གསར་པ་ཞིག་བྱུང་། དེ་ནི་ཁོང་ཚོས་གསལ་པོ་ཞིག་གོ་མེད་པ་ཐག་ཆོད་རེད་སྙམ། འོན་ཀྱང་ཁོང་ཚོས་མུ་མཐུད་དུ་འདི་ལྟར་བཤད་བྱུང་། “དོན་རྐྱེན་བྱུང་སྐབས་ཀྱི་བརྙན་ཆ་ཚང་ང་ཚོའི་ལག་ཏུ་ཡོད་པས། བརྙན་ནང་གི་མི་ཡིན་མིན་བལྟས་པ་ཙམ་གྱིས་ཆོག སུ་ཡང་འབྲོ་ས་ཐར་ས་མེད།” སྐད་ཆ་དེས་ང་རང་རང་དབང་མེད་པར་བློང་བློང་བོར་གྱུར་ཅིང་ཅི་ཡིན་འདི་ཡིན་མེད་པར་གོམ་ཁ་ཁོང་ཚོའི་ཕྱོགས་སུ་བསྒྱུར་དགོས་བྱུང་།
མི་ཚོགས་འཇམ་ཐིང་ངེར་གྱུར། ངའི་སྙིང་གི་འཕར་སྒྲ་ལྟིག་ལྟིག་ཏུ་གྲགས།
ངས་གོམ་པའི་འདེགས་འཇོག་མདུན་དུ་བསྒྱུར་བ་དང་བསྟུན་ནས་མི་ཚོགས་ག་ལེར་ཕྱོགས་གཉིས་སུ་གྱེས་ཏེ་ང་ལ་ལམ་ཡངས་པོ་ཞིག་ཕྱེས་སོང་། དེ་ནི་མི་རྣམས་ལམ་གྱི་ཕྱོགས་གཉིས་སུ་ལངས་ཏེ་བླ་མ་ཞིག་གདན་འདྲེན་བྱེད་བཞིན་པ་དང་འདྲ། འོན་ཀྱང་། མི་འདྲ་ས་ཞིག་ཡོད་པ་ནི་མི་ཚོགས་ཀྱི་ངག་ན་དགའ་བསུའི་འབོད་ཚིག་དང་ལག་ན་ཁ་བཏགས་དཀར་པོ་མེད་པ་དེ་རེད།
གང་ལྟར། ངས་རང་གི་བྱས་ཉེས་ཁས་བླངས་ཟིན་པའི་ང་རྒྱལ་ཞིག་དང་མི་ཚོགས་ཀྱི་དཀྱིལ་ནས་སྡར་མའི་ངང་ཚུལ་སྟོན་མི་རུང་སྙམ་པའི་སེམས་ཤུགས་ཤིག་གིས་སྤོབས་པའི་མགོ་བོ་གཟེངས་སུ་བསྟོད་དེ་མདུན་དུ་བསྐྱོད་བཞིན་འདུག
དེ་ནི༢༠༢༤ལོའི་ལོ་སྟོད་ཀྱི་རྨི་ལམ་ཞིག་རེད།
གསུམ།
ང་རང་དངངས་སྐྲག་དང་བཅས་ཏེ་རྔུལ་ཆུ་ཁྲོམ་ཁྲོམ་དང་བཅས་ཏེ་རྨི་ལམ་འདི་གཉིས་ལས་སྔ་གཞུག་ཏུ་སད་དུས། ངས་ཅི་ཡིན་འདི་ཡིན་མེད་པར་ཆུང་ཆུང་བྱིས་པའི་དུས་ཀྱི་བྱ་བ་ཞིག་ཡིད་ལ་དྲན་ཡོང་།
ཕལ་ཆེར་ང་རང་ལོ་ན་བདུན་བརྒྱད་ཙམ་ལ་སོན་པའི་སྐབས་ཤིག་ཡིན་དགོས། སྐབས་དེའི་ང་རང་ནི་ཤིན་ཏུ་པྲ་ཚགས་ཤིག་ཡིན་ཏེ། ཉིན་ཞིག་ངེད་ཚང་གི་རྩྭ་རའི་ནང་དུ་ཁྱིམ་མཚེས་ཚང་གི་ཡ་རུ་ནད་པ་ཞིག་འཛུལ་ནས་རྩྭ་ཟ་བཞིན་ཡོད་པ་མཐོང་བས། ངས་ལམ་སང་ཐང་ནས་རྡོ་ཞིག་བླངས་ཏེ་ཡ་རུ་དེར་ཤེད་ཀྱིས་བརྒྱབས་པས་ཉིན་འགའི་རྗེས་ནས་ཤི་སོང་ལ། ཁོག་སྨད་མཚམས་ཀྱི་རུས་པ་གསུམ་བཅག་འདུག་ཟེར། དོན་དེ་ཨ་མས་གསལ་པོར་གོ་བ་རེད་ལ། སྐབས་དེར་ང་ལ་གཤེ་གཤེའང་ནན་མོ་བཏང་བྱུང་།
ཡང་ཉིན་ཞིག་ལ་ཁྱིམ་མཚེས་གཞན་པ་ཚང་ཞིག་གི་ཁྱིམ་ན་མི་མེད་པའི་གོ་སྐབས་དང་བསྟུན་ནས་ང་རང་དེ་ཚང་གི་ཁང་ཐོག་ཏུ་བུད་ནས་དུད་ཁུང་ནང་དུ་ས་རྡོ་གང་བླུགས་པ་ཕྱི་དྲོར་ཁྱིམ་ཚང་དེས་ཤེས་སོང་ལ། དེ་ཡང་ཨ་མས་གོ་སོང་བས་སྐབས་དེར་ང་ལ་རྡུང་རྡེག་བརྗེད་ཐབས་མེད་པ་ཞིག་གནང་བྱུང་།
འོན་ཀྱང་། ཨ་མས་ད་ལྟ་ད་དུང་ཡང་གོ་མེད་པའི་དོན་དག་ཅིག་ཡོད།
དེ་ནི་ཨ་མ་ཁྱིམ་ན་མེད་པའི་ཉིན་མོ་ཞིག་ལ་བྱུང་བ་ཡིན་ཏེ། ངས་ད་ལྟའང་གསལ་པོར་དྲན་བཞིན་འདུག ཉིན་མོ་དེར་ཉི་འོད་རབ་ཏུ་ཚ་བས་ངེད་ཚང་གི་ཁང་པའི་བྱ་འདབ་ཏུ་ཚང་བཅས་ཡོད་པའི་བྱེའུ་ཆུང་རྣམས་སྐབས་རེར་ཚང་དུ་འཛུལ་ནས་ཚ་བྱོལ་བྱེད་ཅིང་། ཡང་སྐབས་རེར་ཚང་ནས་བུད་དེ་ངེད་ཚང་གི་སྒོ་འགྲམ་དག་ནས་ཡར་འགྲོ་མར་འགྲོ་བྱེད་བཞིན་ཟས་འཚོལ་གྱིན་འདུག ངས་སར་བབས་ནས་ཟས་འཚོལ་བཞིན་པའི་བྱེའུ་དག་མཐོང་མ་ཐག་གློ་བུར་དུ་པྲ་ཆལ་གྱི་བསམ་བློ་ཞིག་སྐྱེས།
ངས་ངེད་ཚང་གི་ཐུན་མོང་གི་རྐང་པ་བཀྲུ་སའི་ལྕགས་སྡེར་དེ་ཚུང་ཁྱེར་ཡོང་སྟེ་ཐོག་མར་དེ་ཉིད་ཁ་སྦུབས་སུ་བཞག་པ་དང་། དེ་ནས་ཤིང་ཐུར་ཞིག་གིས་ལྕགས་སྡེར་གྱི་ཕྱོགས་གཅིག་ཡར་བཀྱགས། མུ་མཐུད་དུ་ཤིང་ཐུར་ལ་ཐག་པ་ཕྲ་མོ་རིང་པོ་ཞིག་བཏགས་ནས་རིང་ཙམ་ལ་འཐེན་ནས་བཞག མཐར་སྡེར་མ་ཁ་སྦུབས་ཀྱི་འོག་ཏུ་འབྲས་སྤར་མོ་གང་ཙམ་གཏོར་རྗེས་ཐག་སྣེ་དེ་ནས་བསྒུགས་པ་ཡིན།
ཡུན་རིང་མ་འགོར་བར་བྱེའུ་ཆུང་ཞིག་སར་བབས་ཏེ་ཡར་མར་འགྲོ་ཞོར་ཟས་འཚོལ་བ་དང་། ག་ལེར་ད་ཅི་ངས་གཏོར་བའི་འབྲས་ཡོད་སའི་མཐའ་ཁ་སོགས་ནས་ཡར་འགྲོ་མར་འགྲོ་བྱེད་པ་དང་རིམ་གྱིས་སྡེར་འོག་ཏུ་འཛུལ་ནས་འབྲས་ཟ་མགོ་བརྩམས་པས། ངས་གོ་སྐབས་དེ་དང་བསྟུན་ནས་ཐག་པ་ཤེད་ཀྱིས་འཐེན་པས་ཤིང་ཐུར་འགྱེལ་ནས་བྱེའུ་ཆུང་སྡེར་མའི་འོག་ཏུ་ཚུད་སོང་།
ངས་དཀའ་ཚེགས་ཅི་ཡང་མེད་པར་བྱེའུ་དེ་འཛིན་ཐུབ་བྱུང་བས། ང་རྒྱལ་དང་བཅས་ཏེ་སྡེར་མོའི་འོག་ནས་ཡར་བླངས་ཤིང་། ཐོག་མར་མགོ་ལུས་རྐང་གསུམ་ལ་ཞིབ་ལྟ་ཐེངས་གཅིག་བྱས་པ་དང་། དེ་ནས་མཁའ་རུ་འཕུར་བའི་འདབ་ཆགས་ཆུའི་ནང་དུ་མངགས་ན་གང་འདྲ་ཞིག་ཡིན་ནམ་སྙམ་བཞིན་ངེད་ཚང་གི་ཁང་པའི་གཡས་ཕྱོགས་ཀྱི་ར་བའི་ནང་དུ་སེར་ལྟེམ་མེར་འཁྱིལ་ཡོད་པའི་རྫིང་བུ་དེའི་ནང་དུ་མངགས་པ་ན། གཤོག་རྡེབ་འགའ་བྱེད་པ་ཙམ་ལས་ཡར་འཕུར་མི་ཐུབ་པར་འདུག་ཅིང་། ཅུང་ཙམ་ནས་འགུལ་ཡང་མི་ཐུབ་པར་གྱུར། དེ་ནས་ཆུའི་ནང་ནས་ཡར་བླངས་ཏེ་སླར་ཡང་ལྕགས་སྡེར་འོག་ཏུ་བཅུག་སྟེ་དེའི་སྟེང་དུ་དབྱུག་པ་ཞིག་གིས་རྔ་རྡུང་བ་ལྟར་མང་ཙམ་བརྡུངས་པ་ཡིན། ལྕགས་སྡེར་བརྡུངས་བའི་སྒྲ་དེས་བྱེའུ་ཆུང་བརྒྱལ་སོང་བ་འདྲ་སྟེ། ངས་སླར་ཡང་སྡེར་འོག་ནས་ཡར་ལེན་དུས་འགུལ་རྒྱུ་མེད་པར་གྱུར་འདུག ངས་ཡང་བསྐྱར་ལྕགས་སྡེར་འོག་ཏུ་བཅུག་སྟེ་ལྕགས་སྡེར་དང་བཅས་པ་ཡར་འདེད་མར་འདེད་མང་ཙམ་བྱས་ནས་ལྟ་དུས་བྱེའུ་ཆུང་དེའི་ལུས་ཧྲིལ་བོར་ས་རྡུལ་འགོས་ནས་ཕྱོགས་གཅིག་ཏུ་འགྱེལ་འདུག
ངས་ལྕགས་སྡེར་ཡར་བླངས་ནས་ཡུད་ཙམ་ལ་བསྒུགས་ཀྱང་། བྱེའུ་ཆུང་ལ་སླར་ཡང་འགུལ་རྒྱུ་མི་འདུག་པས། ངས་ད་གཟོད་རང་ཉིད་ཀྱིས་བྱེའུ་ཆུང་དེའི་སྲོག་བཅད་ཚར་བ་ཤེས་བྱུང་ལ། ད་ནི་ཨ་མ་ཡང་ཁྱིམ་ལ་སླེབས་རན་ཡིན་པས། གལ་ཏེ་ཨ་མས་གོ་སོང་ན་ང་ཚེ་ཐར་ལ་མི་གཏོང་ཁོ་ཐག་ཡིན་པས་ཅིས་ཀྱང་མི་གོ་བ་བྱེད་དགོས་སྙམ་སྟེ། བྱེའུ་རོ་དེ་ངེད་ཚང་གི་ཨོང་ཁང་ནང་གི་གདུང་མ་དང་གྱང་གཉིས་ཀྱི་བར་གསེང་ཞིག་ལ་བཅུག་ཅིང་། དེའི་སྟེང་ལ་ཨོང་བ་ཆེ་ཆུང་རན་པ་ཞིག་བརྫངས་ཏེ་མི་མངོན་པར་བྱས་པ་ཡིན།
དོན་དག་འདི་ད་ལྟ་ད་དུང་ཡང་ཨ་མས་གོ་མེད་པས། ངས་ཨ་མའི་ཟུར་ནས་འདིའི་དོན་གྱི་ཉེས་ཆད་ཀྱང་ཅི་ཡང་རག་མ་དགོས།
འོན་ཀྱང་། ང་ནམ་རྒྱུན་གོང་གི་རྨི་ལམ་དེ་འདྲ་ལས་སད་ཡོང་དུས། ཅི་ཡིན་འདི་ཡིན་མེད་པར་དོན་དག་འདི་དྲན་ཡོང་།
༢༠༢༤ལོའི་ཟླ༡ཚེས༡༨ཉིན་བྲིས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།