ཆ་མེད།

ཕུར་བུ་རྣམ་རྒྱལ།(གསེར་རྟ) 琼迈文学网 2024-08-31

  “ཨ་རོག གང་ལ་འགྲོ”

  “ལྷ་ས་ལ་འགྲོ”གཙང་བོའི་བཞུར་རྒྱུན་ལྟར་མཐའ་སྣེ་མེད་པའི་གཞུང་ལམ་དུ་རེས་དལ་རེས་བྲེལ་གྱིས་སྐྱོད་དུས། རླངས་འཁོར་དང་འཕྲུལ་རྟ་གང་རུང་ཁོའི་འགྲམ་ནས་འཁོར་བསྒག་གནོན་ཙམ་བྱས་ཏེ་མཚར་སྣང་གིས་དྲི་བ་དེ་འདྲ་རེ་འཕངས་རྗེས། ཡང་རླུང་ལྟར་བརྒྱུགས་ཏེ་མིག་ལམ་ནས་མི་སྣང་བར་གྱུར་འགྲོ

  ལམ་སྐབས་ཀྱི་ཁ་བརྡ་འདི་ལྟ་བུར་ད་ནི་ཁོ་རང་ཤིན་ཏུ་གོམས་པར་གྱུར་ཡོད་དེ།དེ་ནི་ཉིན་གཅིག་གི་འགྲུལ་བཞུད་ཁྲོད་ངེས་པར་འབྱུང་སྲིད་པ་ཞིག་ལྟར་སེམས་སུ་ཧ་ཅང་རྒྱུན་ལྡན་དུ་སྣང་ཡོད། ཁོས་དེ་དག་ལ་མིག་ཟུར་ཙམ་ཡང་མི་འཕེན་པར་སྐད་ཆ་དེ་ཙམ་ལབ་ནས་གཡོལ་ཐབས་བྱེད། འོན་ཀྱང་ཁོ་ལྷ་ས་ལ་འགྲོ་བ་ཡིན་ཟེར་བ་ནི་གང་བྱུང་དུ་བཤད་པ་སྟེ། དོན་དུ་ཁོ་གང་དུ་འགྲོ་བ་དང་ཅིའི་ཕྱིར་འགྲོ་བ་ཁོ་རང་གིས་ཀྱང་བཤད་མི་ཤེས།

  “ཝེ། གང་ལ་འགྲོ་བ་ཡིན”

  “ལྷ་ས”ད་ཐེངས་ཀྱི་སྐད་གདངས་དེས་ཁོ་རང་བསམ་གཞིག་གི་ཀློང་ནས་ཧར་གྱིས་སད་པ་ལྟར་མགོ་བོ་བཏེགས་ནས་ཕར་ཕྱོགས་སུ་ལྟ་དགོས་བྱུང་། གཞུང་ལམ་གྱི་གཡས་ཕྱོགས་སུ་རླངས་འཁོར་ཞིག་ཏན་སེར་བསྡད་འདུག་ལ། བུད་མེད་ཅིག་གིས་སྒེའུ་ལས་མགོ་བོ་བསྲིངས་ཏེ་ཁོའི་ཕྱོགས་སུ་བལྟས་འདུག མིག་མདངས་གཉིས་དྲང་ཐིག་ཏུ་བསྣོལ་བའི་སྐད་ཅིག་དེར་ཁོ་ལ་དོགས་མི་བདེ་བའི་ཚོར་བ་ཞིག་བྱུང་ན་ཡང་། བུད་མེད་དེས་ཁོ་ལ་འཛུམ་ཙམ་བྱས་རྗེས་ལག་པས་རྒྱབ་ཕྱོགས་ཀྱི་འདུག་སྟེགས་སྟོང་བ་དེ་བསྟན་བྱུང་།

  རླངས་འཁོར་དུ་བུད་རྗེས་ཁོས་མདུན་གྱི་རྒྱབ་མཐོང་མེ་ལོང་ནང་ནས་རང་གི་སྨ་རས་གཡོགས་པའི་ངོ་གདོང་མཐོང་བྱུང་། ངོ་གདོང་དེ་ཉི་མས་གདུངས་ཏེ་ད་ཆ་ཁོ་རང་གིས་ཀྱང་ངོས་ཟིན་དཀའ་བ་ཞིག་ཏུ་གྱུར་ནས་ཡོད། ཏག་ཏག་སྐབས་དེར་ཁོས་མདུན་གྱི་ཁ་ལོ་བས་མེ་ལོང་ལས་ཁོ་ལ་ཅེར་གྱིས་བལྟས་ཡོད་པ་ཚོར། དེ་ནི་ཁོ་མོས་མེ་ལོང་བརྒྱུད་ནས་ཁོའི་མི་སྡུག་པའི་ནང་སེམས་ལ་ཅེར་ནས་ཡོད་པ་ལྟར་ཁོ་ལ་དོགས་མི་བདེ་བའི་ཚོར་བ་དྲག་པོ་ཞིག་སྐྱེ་རུ་བཅུག

  “ཁྱོད་ལྷ་སར་འགྲོ་དོན་ཅི་ཡིན”བུད་མེད་དེས་མེ་ལོང་ནང་གི་ཁོའི་གདོང་བར་རྟོག་བཞིན་དེ་ལྟར་དྲིས་ཡོང་། འོན་ཀྱང་ཁོས་ལན་མེད་པར་མགོ་བོ་ཐུར་དུ་སྨད་པ་མཐོང་རྗེས་ཁོ་མོས་ཅོ་འདྲི་བའི་ཚུལ་དུ“ལྷ་ལ་མཇལ་དུ་འགྲོ་བར་དེ་འདྲ་སྡུག་དོན་ཅི་ཡོད་དམ”ཟེར།

  ཁོ་ལྐུགས་པ་ལྟར་ངག་བསྡམས་ནས་བསྡད་ཅིང་། དེ་ནས་ནག་རོག་རོག་གི་གདོང་བ་དེ་ལས་ཀྱང་གཟབ་ནན་དུ་གྱུར་ནས“མིན། ང་ནི་རང་ཉིད་འཚོལ་དུ་འགྲོ་བ་ཡིན”ཁོས་རླངས་འཁོར་གྱི་དྲ་མ་མར་ཕབ་ནས་མགོ་བོ་སྒེའུ་ཁུང་གི་ཁ་རྒྱུད་ལ་གླན་ཅིང་ཅི་ཞིག་ལ་བསམ་བློ་གཏོང་བ་ལྟར་ཡུད་ཙམ་ལུས་རྗེས“ངས་རང་ཉིད་བོར་ནས་ཡུན་རིང་འགོར་སོང”ཞེས་བཤད། ཐོལ་གྱིས་བཙངས་ཡོང་བའི་རླུང་བུས་ཁོའི་གདོང་བར་ཆག་ཆག་འདེབས་ཤིང་སྐྲ་ལོ་བར་སྣང་དུ་འཕྱོ་ཙམ་འཕྱོ་ཙམ་བྱེད། ཁོ་གཉིས་ཀ་རེ་ཞིག་ཁུ་་སིམ་མེར་གྱུར། སོ་སོ་སེམས་དོན་ཟབ་མོ་ཞིག་གི་འདམ་དུ་འབྱིང་བཞིན་པ་འདྲ།

  ཁོའི་སེམས་སུ་རང་གི་ལན་དེ་ནི་གབ་ཚིག་ཇི་བཞིན་ཁོ་རང་ཉིད་མ་གཏོགས་གཞན་སུས་ཀྱང་རྟོགས་མི་ཐུབ་སྙམ་ཡོད། འོན་ཀྱང་། བུད་མེད་དེས་ཀྱང་དེ་མ་ཐག་བཞིན་བསྡུས་ཤིང་བསམ་གཞིག་གི་ཀློང་དུ་ཚུད་པར་བལྟས་ན། ཁོའི་གབ་ཚིག་ལྟར་ཚིག་གི་ལྡ་ལྡིས་གཡོགས་པའི་ལན་དེ་ལ་མྱོང་རྟོགས་ཟབ་མོ་ཡོད་པ་འདྲ་སྟེ། ཁོ་མོས“སྔོན་ཆད་ཅིག་ལ་ངས་ཀྱང་རང་ཉིད་བོར་མྱོང་ཞེས་བཤད་ཆོག དེ་ནི་མི་ལོ་བདུན་བརྒྱད་ཙམ་གྱི་ཡར་སྔོན་གྱི་དོན་དག་རེད།”ཅེས་ལབ་རྗེས་གདངས་འགྲོས་དལ་བའི་རོལ་དབྱངས་ཁྲོད་མིག་གིས་རྒྱང་རིང་ལ་ལྟ་བཞིན་གཤམ་གྱི་གཏམ་རྒྱུད་དེ་གླེངས་བྱུང་།

  ང་ལ་ཆུང་གྲོགས་བརྗེད་མི་ཐུབ་པ་ཞིག་ཡོད། ཁོའི་མིང་ལ་ནོར་བུ་བསམ་འཕེལ་ཟེར། ངེད་གཉིས་ཆུང་དུས་ཕྱུགས་ལས་སུ་མཉམ་དུ་བེའུ་འཚོས་ཤིང་གྲོང་ནང་དུ་ཞིང་རྣང་མའི་འགྲམ་དུ་བདའ་རེས་སྐུང་རེས་བྱས་ནས་ལག་ཆགས་པ་ཡིན། སྐབས་དེར། ང་ཚོས་བེའུ་དག་ཐང་བདེ་ས་རེར་གཡེང་དུ་བཅུག་ནས་བྲག་ངོས་སུ་འབྲུག་མོའི་ཟོ་ལུ(ཤིང་ཏོག་ཤིག)འཐུ་རུ་སོང་། ངའི་གཟུགས་པོ་ཐུང་བས་ནམ་རྒྱུན་ཟོ་ལུ་མང་བོ་བཏུ་མི་ཐུབ། འོན་ཀྱང་ནོར་བུ་བསམ་འཕེལ་གྱིས་ཧུར་ཐག་གིས་ཟོ་ལུ་སྙིམ་པར་ཤོང་ཚོད་རེ་བཏུས་ཡོང་ནས་ངའི་པང་གདན་གྱི་ཐུ་ཁུགས་སུ་བླུགས་ཡོང་། དེར་རྩེ་གྲོགས་གཞན་དག་གིས་མངོན་ལྐོག་གང་ཅི་ནས་ངེད་གཉིས་བཟའ་ཚང་རེད་སོགས་ཚིག་གི་མདའ་མོ་སྣ་ཚོགས་འཕངས་མོད། བར་སྐབས་དེར་བཟའ་ཚང་ཟེར་བ་ནི་རྡོ་ཆས་ཀྱི་རྩེད་རྡོ་སྒྲིག་སྐབས་ཀྱི་ཚོ་ཁག་བགོ་བ་ལྟ་བུ་ཞིག་ཡིན་ནམ་སྙམ་པ་ལས་རྙོག་འཛིང་གི་གོ་བ་གཞན་མེད་པས་ཁ་སྐྱེངས་ཤིང་ངོ་ནོངས་པ་ཡང་མ་བྱུང་། ཡང་ན་ནོར་བུ་བསམ་འཕེལ་ནི་ངའི་སེམས་སུ་དོ་ཟླ་མེད་པའི་ཕུབ་བཙན་པོ་ཞིག་དང་མཚུངས་པས་ཁོང་ཚོའི་ཚིག་གི་མདའ་མོར་ཞེད་དགོས་དོན་མེད་པར་སྙམ་པ་འདྲ། ངེད་གཉིས་ཀྱིས་ཁོ་ཚོར་འགྲན་སློང་བའི་ཆེད་དུ་བཟའ་ཚང་ཡིན་པའི་བརྡ་རུ་ལག་སྦྲེལ་བྱས་ནས་སོང་བ་ཡིན།

  “ཧ་ཧ། ང་ནི་སྨྱོས་པ་མིན་ནམ། སྔོན་ཆད་ངས་རང་གི་དོན་དག་འདི་དག་མི་ཆ་མེད་ཅིག་ལ་ཁ་བརྡའི་ཚུལ་དུ་བཤད་སྲིད་པ་བློ་ཡུལ་དུའང་ཤར་མི་ཐུབ”ཟེར་ནས་མགོ་སོག་བར་དུ་གུག་སྟེ་ཧབ་དགོད་བྱེད།

  ཁོས་བཞིན་མདངས་བསྒྱུར་ནས་འཛུམ་ཕྱུངས་ཏེ“སྐྱོན་མེད་སྐྱོན་མེད། ང་ནི་དམིགས་ཡུལ་མེད་པར་འཁྱར་ནས་འགྲོ་བ་ཞིག་ཡིན། ལམ་བར་ནས་འཕྲད་པའི་མི་དག་གི་གཏམ་རྒྱུད་ལ་ཉན་པར་ཞེ་ནས་དགའ་བོ་ཡོད། ལན་རེར་ངའི་ནག་ཐིབ་ཐིབ་ཀྱི་ནང་སེམས་ཀྱང་གཏམ་རྒྱུད་དེ་དག་གིས་གསལ་ཙམ་གསལ་ཙམ་བྱེད་ཡོང་གི་འདུག”ཟེར་བར། མོས“དེ་ནི་ཁྱེད་ཉན་རྒྱུར་དགའ་ཡང་ང་གླེང་རྒྱུར་སྤྲོ་བ་ཞིག་མིན་ཏེ……”ཟེར་བཞིན་མུ་མཐུད་དུ་གཤམ་ལྟར་བཤད།

  དེ་རྗེས་འགན་བབས་སློབ་གསོའི་བཅའ་ཁྲིམས་ལྟར་ངེད་གཉིས་ཀྱང་རྫོང་གི་སློབ་ཆུང་འགྲིམས། ནངས་མོ་རེ་རེར་ངེད་གཉིས་གོ་རེ་གྱོང་པོ་དམུར་བཞིན་ཞོགས་འདོན་བྱེད་ཁུལ་བྱས། དེར་ཡང་སློབ་གྲོགས་པྲ་ཚག་རེ་འགས་ཁྱོད་གཉིས་བཟའ་ཚང་ཡིན་ནམ་ཞེས་སྙད་བརྐོས་ཡོང་བར། ནོར་བུ་བསམ་འཕེལ་དེ་དག་གི་ཐོང་ཁར་འཇུས་ནས་མིང་སྲིང་ཡིན་ནོ་ཞེས་བསྒྲགས་པས། སླར་སྙད་བརྐོ་མཁན་མེད་པར་གྱུར། འོན་ཀྱང་རིང་བོ་མ་ཐོགས་པར་ཆུང་དུས་རྩེད་རོགས་སུ་སོང་བ་ཞིག་གིས་ཁ་མ་ཚུགས་པར་བཟའ་ཚང་ཡིན་ལུགས་བསྒྲགས་པས། མི་ཁ་བྱ་སྤུ་རླུང་འཁྱེར་ཞེས་པ་ལྟར་ཀུན་གྱིས་ཤབ་ཤབ་སྨྲ་བར་གྱུར། ངེད་གཉིས་ཀྱང་ད་གིན་ལག་ཆགས་ཟིན་པས་སྔར་ལྟར་རྣ་རྒྱབ་ཀྱི་བསེར་བུར་བསྐྱུར་བའི་ཕོ་ཚོད་མ་བྱུང་། དེ་ནས་ནོར་བུ་བསམ་འཕེལ་ནངས་མོ་རེ་རེ་ཞོགས་འདོན་བྱེད་ལ་མི་ཡོང་བར་ཉལ་རྔ་སྐྱོང་ནས་འདུག་པ་ཞིག་ལོབས། དགེ་རྒན་གྱིས་ཚོར་ཏེ་མཚང་འདྲུ་འདོད་ཀྱིས་འཛིན་གྲྭ་ཡོངས་ཀྱི་མདུན་ནས་བློ་སྐྱོར་བྱེད་དུ་བཅུག་པར། ནོར་བུ་བསལ་འཕེལ་གྱིས་ས་སྐྱ་ལེགས་བཤད་དང་དགུ་མཐའ་སོགས་དགེ་རྒན་གྱིས་ལས་འགན་སྤྲད་པ་ཐམས་ཅད་བློ་ནས་ཐོགས་རྡུགས་མེད་པར་བསྐྱོར་བས། དགེ་རྒན་གྱིས་ཀྱང་གླགས་མ་རྙེད་པར་ལུས། མཚར་ནས་དྲིས་པས་སྒེའུ་ཁུང་ཁ་ནས་གཞན་གྱིས་བསྐྱར་བར་རྣ་བ་བླགས་བསྡད་པར། དེ་དག་གིས་བློར་མ་འཇགས་གོང་ནས་ཁོའི་བློ་ལ་བཅགས་བྱུང་ཟེར། གང་ལྟར་ཀྱང་དེ་ནས་བཟུང་། ངས་ནངས་མོ་རེ་རེར་ཁ་རོག་གེར་ངེད་གཉིས་ཀའི་ཟ་སྐལ་བླངས་ནས་ཁོའི་སྐལ་བ་ཁོ་རང་གི་མདུན་ཅོག་ནང་དུ་འཇོག་གི་ཡོད།

  དེ་རྗེས་སུ། ངེད་ཅག་བསམ་ལོང་དྲན་ལོང་མེད་པའི་ངང་ནས་སློབ་ཆུང་མཐར་ཕྱིན། ནོར་བུ་བསམ་འཕེལ་ཁུལ་བོད་ཡིག་སློབ་འབྲིང་གི་འཛིན་གྲྭ་རྩེ་གྲ་རུ་ཡིག་ཚད་ལོངས། ངའང་དེ་གའི་འཛིན་གྲྭ་སྡུག་ཤོས་ཤིག་ཏུ་ཚུད། ཁོ་སྦྱངས་འབྲས་ལེགས་པས་སློབ་གྲྭ་ཡོངས་ཀྱི་སློབ་མ་དཔེ་བཟང་ཅན་དུ་གྱུར། ང་ནི་ཇི་ལྟར་ནངས་སྔ་ནུབ་འཕྱི་བྱས་ཏེ་འབད་པ་བྱས་ཀྱང་འཛིན་གྲྭའི་གྲལ་མཐའ་ལྟ་བུར་ལྷག དེ་བས་ང་ནི་ལན་རེར་ཚོགས་བར་གྱི་རྩལ་སྦྱོང་ར་བ་དང་གཟའ་མཇུག་གི་རྒྱ་སྲང་ནས་ཁོ་ལ་ངོ་འཕྲད་སྐབས་ཀྱང་རང་བཞིན་གྱིས་སེམས་ཞུམ་དགོས་པ་ཞིག་བྱུང་། སྐབས་དེ་དུས་ཁོ་རྟག་པར་བསམ་ཤེས་ཀྱིས་ཟུར་དུ་བུད་དེ་ང་ལ་ཁ་བརྡ་མང་བོ་བྱེད་ཅིང་། ང་དགའ་རུ་འཇུག་ཆེད་མགོ་རྔ་མེད་པའི་ཀུ་རེ་མང་དུ་རྩེ། ད་དུང་ངས་སྦྱངས་འབྲས་ཀྱི་ཕྱིར་དུ་སེམས་ནད་བྱེད་ཀྱིན་པ་ཚོར་རྗེས་ལོང་ཇི་སྙེད་ལ་དབྱིན་ཇིའི་བརྡ་སྤྲོད་དང་གྲངས་རིག་པའི་སྤྱི་འགྲོས་སོགས་ལ་ཟུར་ཁྲིད་གང་འགབ་བྱས། ངས་ཀྱང་དྲིན་ལན་བསབ་ཕྱིར་ཡིན་ཞེས་སིལ་ཟས་ཐན་ཐུན་ཉོས་ནས་ཁོའི་དཔེ་ཆར་ལྟ་སའི“གསང་བའི་གནས”དེར་སྦ་ཞིང་། ཡང་ཁོས་དོ་སྣང་མི་སླེབས་པར་དོགས་ནས་ཡུམ་མྱང་ཚའི་བློ་ལྟར་ཤོག་ཆག་ཅིག་ཏུ“ཉེ་ཚན་དྲུང་པ་བདུན་ཡོད། གཞན་དུ་མ་བཙལ།”ལྟ་བུ་བྲིས་ནས་ཀུ་རེ་རྩེ་གི་ཡོད། དེ་ནས་བཟུང་ཁོས་ངའི་མིང་ལ“ཉེ་ཚན་དྲུང་པ་བདུན”ཞེས་བཏགས་ཤིང་། ལན་རེར་མི་མང་བོའི་གྲས་ནས་ཀྱང་སྐད་བརྒྱབ་ནས་དེ་ལྟར་བོས་ཏེ་ང་ལ་ཀུ་རེ་རྩེད།

  དེའི་རྗེས་སུ་ཡུན་རིང་བོར་ཁོ་རང་མཐོང་རྒྱུ་མེད་པར་གྱུར། ཚོགས་བར་རྩལ་སྦྱོང་དང་སློབ་གྲྭའི་ལུས་རྩལ་བྱེད་སྒོ། ཐ་ན་ཁོ་རང་འཇིམ་བརྙན་ལྟར་སྡོད་ཐུབ་སའི“གསང་བའི་གནས”དེ་རུ་ཡང་ཁོའི་གྲིབ་མ་ཙམ་ཡང་མི་སྣང་བར་གྱུར། དྲིས་པས་དགེ་རྒན་གྱི་སྐད་ཆར་དོགས་པ་ཟོས་པས་སློབ་ཁང་ལས་ཕྱིར་བསྐྲད་པ་རེད། དེ་ནས་བཟུང་མལ་ཁང་དུ་གཉིད་ཉལ་ནས་འདུག་པ་མིན་ན་རྒྱ་སྲང་དུ་འཁྱར་ནས་བསྡད་འདུག ཚོགས་ཐུན་ལ་ཡོང་རྒྱུ་མ་བྱུང་ཟེར། གཟའ་མཇུག་ཅིག་གི་གླགས་སུ་བཙལ་ནས་ཕྱིན་པས་དྲྭ་རྒྱ་ཁང་ཞིག་ཏུ་རྙེད་བྱུང་། ང་ཧ་ལས་ནས“ཁྱོད་སློབ་ཁྲིད་ལ་མི་ཡོང་བར་འདིར་ཅི་བྱེད་ཀྱིན་ཡོད”ཅེས་པར། ཁོས་སྔར་བཞིན་ཀུ་རེ་འདྲེས་མས“དྲུང་པ་བདུན་པོ་སླེབས་བྱུང་ངམ། ངས་འདིར་གནད་དོན་ཆེན་པོ་ཞིག་ལ་ཞིབ་འཇུག་བྱེད་ཀྱི་ཡོད”ཟེར། ངས“གནད་དོན་ཅི་ལ”ཞེས་དྲིས་པ་ན། ཁོས་སྤྲོ་སྣང་ཆེན་པོས“ངས་རྟེན་འབྲེལ་ལྟ་བ་དང་ནུས་ཚད་གཏན་གནས་ཀྱི་གསང་བ་བརྟོལ་ཏེ་ཚེ་སྲོག་ཉིད་ཤེས་པ་ལ་བརྟེན་མི་དགོས་པར་གཟུགས་ཁོ་ནས་སྐྱེ་བ་ནས་སྐྱེ་བར་རྒྱུན་བསྲིང་ཐུབ་པའི་སྐོར་ལ་བདེན་དཔང་ཕུ་ཐག་ཆོད་པ་རྙེད་བྱུང”ཟེར།

  ཕྱིས་སུ་ཁོ་ཕྱིར་སློབ་གྲྭར་ལོག་ནས་སློབ་ཚན་ལ་མ་ཆག་པར་འགྲོ་གི་འདུག་མོད་དེ་སྔོན་ལྟར་སྤྲོ་སྣང་དོད་པོ་ཞིག་མིན་པར་འདང་ལོག་ལྟ་བུར་ཚུད་ནས་སྡོད་ཀྱི་འདུག དགུན་ཁ་དེའི་ཉིན་ཞིག་གི་དགོང་རབ་རིབ་ལ། ངེད་གཉིས་སློབ་གྲྭའི་ལུས་རྩལ་ར་བར་ལག་མཐིལ་ལ་ཧ་འདེབ་བཞིན་དཔེ་ཆ་བློ་ལ་སྐྱོར། རེ་ཞིག་ནོར་བུ་བསམ་འཕེལ་འགྲམ་གྱི་ལན་ཀན་ཁར་ཁེན་ནས་ཕྱི་རོལ་གྱི་མཚན་ལྗོངས་ལ་ཧད་ནས་སྡོད། ངའང་ཁོའི་གམ་དུ་བཅར་ཏེ་དེ་ལྟར་འགྲེང་ནས་བསྡད། གློག་འོད་ཀྱི་ངོགས་སུ་ཕག་ཆུ་ནི་ནག་མེར་རེར་གྲོང་བ་དག་གི་གཞུང་གཤགས་ནས་ཐག་རིང་ལ་བཞུར་གྱིན་འདུག ངས་མིག་ཟུར་གྱིས་ནོར་བུ་བསམ་འཕེལ་ལ་བལྟས་པར། ཁོའི་མིག་ཟུང་ཡང་གཡོ་བ་མེད་པར་ཕག་ཆུའི་བཞུར་རྒྱུན་དེད་ནས་ཐག་རིང་ལ་ཕྱོགས་འདུག དེ་ནས་ཁོས“ང་རང་ཕག་ཆུ་ཡིན་ན་བསམས་བྱུང”ཟེར། ངས“ཅི་ལ”ཞེས་མཚར་ཉམས་ཀྱིས་ཁོའི་གདོང་ལ་ཅེར་ནས་བསྡད་པར། ཁོས“འདི་ལྟར་དམིགས་ཡུལ་མེད་པར་ཐག་རིང་ལ་འཁྱམས་ནས་འགྲོ་བ་ནི་ཡ་མཚན་གྱི་འགྲུལ་བཞུད་ཅིག་མ་ཡིན་ནམ”ཟེར། ངས་ཁོ་ལ“ཕག་ཆུ་ལ་དམིགས་ཡུལ་ཡོད་དེ། ཕག་ཆུའི་དམིགས་ཡུལ་ནི་རྒྱ་མཚོ་རེད”ཅེས་ཁོ་ལ་སྙད་བརྐོས་པར། ཁོས“བདེན་གི ཕག་ཆུ་ནི་ཆུ་མིག་ཅིག་གི་ཚུལ་གྱིས་ཨ་མྱེས་རྨ་ཆེན་ནས་བརྡོལ་ཏེ། ཆུ་བོ་ཞིག་གི་ཚུལ་གྱིས་རྒྱལ་མོ་རྔུལ་ཆུ་ལ་འདྲེ་བ་དང་། དེ་ནས་གཙང་བོ་ཞིག་གི་ཟིལ་ཤུགས་བསྣམས་ཏེ་ཞི་བདེ་རྒྱ་མཚོའི་ནང་དུ་འབབ་པ་རེད། དེ་བས་ན། ང་ནི་ཕག་ཆུ་ལྟ་བུ་ཞིག་བྱེད་འདོད་ཀྱང་ཕག་ཆུ་ལྟ་བུ་ཞིག་ཡོང་ཐབས་མི་འདུག”ཟེར། ཁོ་རང་གཟབ་ནན་ཏུ་གྱུར་བ་ཤེས་ནས་ངས་ཀུ་རེ་ཡིས“སྐྱོ་སྐྱོ་མ་གནང་དང་། ངས་ཁྱོད་འཁྲིད་ནས་ཞི་བདེ་རྒྱ་མཚོར་ལྟ་རུ་འགྲོ་ཆོག དེས་ཀྱང་མི་འོངས་ན། འུ་གཉིས་ཉ་བ་བྱས་ནས་ཞི་བདེ་རྒྱ་མཚོའི་ནང་ཚེ་གང་ལ་འཚོ་བ་རོལ་ཆོག”ཅེས་པར། ཁོས་འོད་ཀྱུག་ཀྱུག་བྱེད་པའི་མིག་གིས་ང་ལ་བལྟས་ཤིང་། ཟ་འགྲམ་དུ་འཛུམ་གྱི་འདབ་མ་ཁྲི་སྟོང་གྲོལ།

  དགུན་ཁ་དེར། ང་ལ་གློ་བུར་དུ་ལུས་ཟུངས་ཟད་ཅིང་ཡི་ག་འཆུ་བའི་ནད་ཅིག་བྱུང་སྟེ་སྨན་ཁང་དུ་འགྲོ་དགོས་བྱུང་། སྨན་པས་བརྟག་དཔྱད་བྱས་རྗེས་མཁལ་ནད་དུ་ངོས་བཟུང་ཞིང་ཁྱིམ་དུ་ལོག་ནས་ངལ་གསོ་བྱེད་དགོས་ཟེར་བས་དེ་བཞིན་མི་བྱེད་ག་མེད་བྱུང་། རིམ་གྱིས་ལུས་ཤུགས་དང་ཡི་ག་སོར་དུ་ཆུད་པས་དྲག་སྐྱེད་བྱུང་བ་ཡིན་ནམ་སྙམ་མོད། དེའི་ཕྱི་ཉིན་ནངས་མོར་མིག་ལྕིབས་ལ་ཆུ་བསོགས་ནས་སྐྲངས་པར་གྱུར། དགོང་མོར་སླེབས་དུས་རྒྱུད་པ་དང་ཁོག་སྨད་ཐམས་ཅད་ཀྱང་དེ་བཞིན་དུ་སོང་། མེ་ལོང་ནང་དུ་དེ་སྔོན་གཞོན་པའི་ལང་ཚོ་སྒེག་གྱི་ལེ་ཡོད་པ་ལ་ད་ཚོད་མི་སྡུག་ངོ་གདོང་སྐྱ་ལོག་གེ་འབའ་ཞིག་ཏུ་སོང་བས། རང་ཉིད་སློབ་གྲྭ་རུ་མེད་པ་ལ་སྐུ་རིམ་གྱིས་ཆོག་སོང་སྙམ་པ་ལས་གཞན་མ་ཡོད།

  དྲག་སྐྱེད་མེད་པའི་ནད་དེས་བཟུང་ནས་ལོ་གཅིག་དང་ཕྱེད་ཙམ་ལ་འགོར། དེའི་བར་དུ་ནོར་བུ་བསམ་འཕེལ་ཁྱིམ་དུ་ང་ལ་སྐོར་རེ་རྒྱག་ཏུ་ཨེ་ཡོང་ངམ་བསམས་མོད་ཡོང་རྒྱུ་མ་བྱུང་། མ་ཡོང་ནའང་འགྲིག་སྟེ་ངའི་ཚུགས་ཀ་འདིས་མི་ཞིག་ལ་ཐུག་སྲོལ་མི་འདུག་སྙམ།

  དེ་ནས་ཅུང་ཙམ་ཡར་དགའ་བྱུང་བ་དང་སློབ་ཆེན་ལ་ཡིག་ཚད་ཀྱང་གཏོང་རན་ལ་ཉེ་བས་ཡང་བསྐྱར་སློབ་གྲྭར་ཕྱིར་ལོག ནོར་བུ་བསམ་འཕེལ་ཡར་སྔོན་ལྟར་ཁོ་རང་གི“གསང་བའི་གནས”དེར་འདུག་མོད། དཔེ་ཆ་སྐྱོར་བ་མིན་པར་སྐེ་ལ་པར་ཆས་ཆུང་ཆུང་ཞིག་ཐོགས་ནས་གམ་གྱི་བུ་མོ་དག་པར་བླངས་ནས་བསྡད་འདུག ངས་ཁོ་ལ“ཁྱོད་ཀྱིས་ནམ་རྟག་པར་པར་བླངས་བསྡད་ནས་ཅི་བྱེད་འདོད་པ་ཡིན”ཞེས་དྲིས་པར། ཁོས“འདི་པར་ལེན་པ་མིན་ཏེ་བརྙན་ལེན་པ་ཡིན། ང་ད་བར་འཁྲབ་འཁྲིད་པ་ཞིག་ཡིན”ཟེར།

  དགོང་མོ་ཞིག་ལ། ནོར་བུ་བསམ་འཕེལ་མཐོང་རྒྱུ་མི་འདུག ང་ཁོའི་དེ་སྔོན་དཔེ་ཆར་ལྟ་ས་ཡིན་པ་ལ་ད་ཚོད་བརྙན་ལེན་སར་གྱུར་བ་དེ་རུ་དཔེ་ཆ་སྐྱོར་བཞིན་བསྡད། བར་ཞིག་ཁོ་བརྒྱུགས་ནས་ཐོན་བྱུང་། “ཨ་ཅེ། ང་ལ་རོགས་ཤིག་བྱེད་དགོས་འདུག”ཟེར། ང་དགོད་བཞིན“ང་ནམ་ཚོད་ཁྱོད་ཀྱི་ཨ་ཅེར་གྱུར་སོང་ངམ། དོན་དག་ཅི་ཡོད”ཅེས་པར། “ངས་གློག་བརྙན་ཞིག་ཕབ་ཀྱིན་ཡོད་མོད། འཁྲབ་སྟོན་མ་རྙེད་ཀྱི་མི་འདུག ཁྱོད་ཀྱིས་ང་ལ་རོགས་ཤིག་བྱ་ཆོག་གམ”ཟེར། ངས“སྐྱེས་ནས་ད་བར་དུ་གློག་བརྙན་ཟེར་བ་ཞིག་འཁྲབ་མ་མྱོང”ཞེས་བཤད་པར། ཁོས“དེ་ལ་སེམས་ཁྲལ་མི་དགོས། པེ་ཙི་ཞིག་ཏུ་ཆང་ཡིན་ཁུལ་གྱིས་ཁུ་ལི་འཐུང་ནས་བསྡད་པས་ཆོག”ཟེར།

  ནོར་བུ་བསམ་འཕེལ་གྱིས་ང་ཁྲིད་དེ་སློབ་གྲྭའི་གསང་སྤྱོད་རྒྱབ་ལོགས་ཀྱི་ལྕགས་རའི་འགྲམ་དུ་བསླེབས་ཤིང་། ཁོ་རང་སྤྲེའུ་ཞིག་དང་འདྲ་བར་བདེ་མྱུར་གྱིས་ལྕགས་རའི་ཁ་རུ་འགོས། དེ་ནས་ལག་པ་ང་ལ་བསྲིངས་ཏེ་སྒུག་ནས་འདུག ང་ཐོ་ཡོར་བཞིན་དར་ཅིག་འགྲེང་ནས་ལུས། དེ་ནས་ཐེ་ཚོམ་ངང་ལག་པ་ཁོ་ལ་བསྲིངས། གཞི་ནས་ཚོར་དུས། ལྕགས་རིའི་ཕྱི་ལོགས་ནི་ལྕགས་རི་གཞན་ཞིག་གི་ནང་ལོགས་རེད། དེ་ནི་གུད་ཀྱི་ལས་ཁུངས་ཤིག་གི་ར་བ་ནང་རེད། སྒོ་སྲུང་ཁང་བའི་ནང་དུ་ལས་གོས་གྱོན་པའི་སྐྱེས་པ་ཞིག་གིས་མིག་གཉིས་ཅེ་རེར་བགྲད་ནས་བལྟས་འདུག ང་སྐྲག་ནས་ཕྱི་ལ་འབྲོ་གྲབས་བྱས་པ་ན། ནོར་བུ་བསམ་འཕེལ་གདེང་ཚོད་ཡོད་པའི་སྒོ་ནས་ང་ལ“ཁོ་ངས་ཐག་གཅོད་བྱས་ཟིན། འགྲོ་དང”ཟེར། དེ་ནི་བདེན་པ་ཡིན་བཟོ་འདུག་སྟེ། ངེད་གཉིས་གློག་འོད་དཀར་གྱི་ལེའི་ངོགས་སུ་སྒོ་རུ་བུད་ཀྱང་མི་དེས་ལག་པའི་སྟེང་ཉུག་ཉུག་བྱས་ནས་ཅི་ཡང་མ་མཐོང་ཁུལ་གྱིས་བསྡད་བྱུང་།

  ངེད་གཉིས་ཕག་ཆུའི་འགྲམ་རྒྱུད་ཀྱི་ལམ་ཕྲན་དུ་གོམ་པ་བརྒྱབ་ནས་ཕྱིན། ལམ་འགྲམ་གྱི་སྡོང་བོ་དག་གི་སྟེང་དུ་མདོག་སྣ་ཚོགས་ཀྱི་གློག་རྒྱན་སྤྲས་པ་ལས་འོད་ཀྱི་སྣང་བ་ཟ་ཟི་འགྱེད། ཡུད་ཙམ་སོང་བ་ན་ལམ་འགྲམ་དུ་དབུ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་དུ་སོང་བའི་རྒན་པོ་ཞིག་གིས་ཁྲོ་ཐབ་ཏུ་ཞོག་མངར་འཚོང་བར་འཕྲད། ནོར་བུ་བསམ་འཕེལ་གྱིས་ཞོག་མངར་སྲེག་མ་ཞིག་ཉོས་ཏེ་ང་ལ་བྱིན། ང་རི་བོང་ཞིག་དང་འདྲ་བར་དེ་ཟ་ཞོར་ཁོའི་རྗེས་སུ་འབྲངས་ནས་སོང་། འོན་ཀྱང་ཁོ་གོམ་པ་ཆེ་བས་ངས་རྗེས་མི་ཆོད་པར་འདུག ཁོ་ཁ་ཕྱིར་འཁོར་ནས་ང་ལ་སྒུག་ཞོར་སྒུག་ཞོར་བྱེད། ངེད་གཉིས་སྔ་གཞུག་བྱས་ནས་འགྲོ་སྐབས་ང་ཁོའི་ལག་པ་ལ་འཆིང་ངམ་འཆིང་ངམ་སྙམ་མོད་འཆིང་མ་ཐུབ།

  གཞི་ནས“འདི་ག་རེད”ཟེར། ནོར་བུ་བསམ་འཕེལ་སྔོན་མ་བྱས་ཏེ་དཀར་ཆ་ཞན་པའི་སྐས་གདང་ཞིག་ཏུ་རྩེག་བཞི་བར་འགོས། ངའང་འདྲོགས་ཐེབས་པའི་རི་དྭགས་བཞིན་རིག་པ་བསྒྲིམས་ནས་ཁོའི་ཕྱི་བཞིན་སོང་། དེ་རུ་བུ་མོ་དཔྱིད་ཀ་མའི་ཨར་ཁང་ཞེས་པའི་སྒོ་བྱང་ཅན་གྱི་ཁང་མིག་གཅིག་ལས་གློག་འོད་ཚབ་ཚུབ་འཕྲོ་བ་ལས་གཞན་དག་མི་མེད་ཁང་སྟོང་ཡིན་པ་འདྲ། ང་ཆ་མེད་ཀྱི་སྣང་བ་ཞིག་གིས་མདུན་དུ་གོམ་པ་ལེན་མ་ཐུབ་པར་ལུས། ནོར་བུ་བསམ་འཕེལ་ངའི་ལག་པར་འཆིང་སྟེ་ང་མདུན་ཕྱོགས་ཀྱི་ཨར་ཁང་ནང་དུ་ཁྲིད། དེའི་ནང་དུ་ཞྭ་ལུགས་གོས་སྟབས་ཡ་མཚན་ཅན་གྱི་ཕོ་གཞོན་མོ་གཞོན་དུ་མ་ཆང་དང་སྦི་རག་ལ་རོལ་ནས་འདུག རལ་བ་འཕྱིང་ཏོ་བཞག་པའི་གསར་བུ་ཞིག་གིས་བཅད་སྟེགས་ཀྱི་ནང་ནས་ངེད་གཉིས་ལ་ཆང་རག་ཤེལ་ཕོར་རེ་རེ་བཏེགས་མོད། ངས་ཆང་འཐུང་མ་མྱོང་བས་མ་འཐུངས། ནོར་བུ་བསམ་འཕེལ་གྱིས“དེ་ན་ངས་ཁྱོད་ལ་སིལ་ཁུ་ཞིག་འཁྱེར་ཡོང་། སྦལ་ཀླད་ཁུ་བ་ཡིན་ནམ་ཚ་ལུ་མའི་ཁུ་བ་ཡིན”ཟེར། ངས“སྦལ་ཀླད་ཁུ་བ་ཡིན”ཞེས་བཤད། ནོར་བུ་བསམ་འཕེལ་བཅད་སྟེགས་ཀྱི་ནང་དུ་སིལ་ཁུ་བཟོ་བར་ཕྱིན། ཡུད་ཙམ་གྱིས་ལི་ཁྲིའི་མདོག་ལྟར་དམར་བའི་བཏུང་བ་ཞིག་ཁྱེར་ནས་སླེབས་བྱུང་། “ལྷོད་ལྷོད་ངང་འདི་ཐུངས་དང་། གློག་བརྙན་ལས་སླ་མོ་རེད”ཟེར། ཡང་ཁོས་ང་ལ་ངག་འཇམ་པོས“ཁྱོད་ཀྱིས་ཨ་སྟག་ཀླུ་མོ་གོ་མྱོང་ངམ། གླིང་སེང་ཆེན་ནུབ་བདུད་འདུལ་དུ་འགྲོ་དུས་མྱོས་ཆང་དྲངས་ནས་ར་རོར་སྒྱུར་མཁན་དེ”ཟེར། ངས“ཆུང་དུས་ཨ་ཕྱིའི་ངག་ནས་གོ་མྱོང”ཞེས་པར། “ཨ་སྟག་ཀླུ་མོ་ཐབས་ལ་མཁས་པ་ལ། དོ་དགོང་ང་ཚོས་འཁྲབ་དགོས་པའང་དེ་ཡིན། མིང་ལ་ཨ་སྟག་ཀླུ་མོའི་མྱོས་ཆང་ཟེར”ཟེར།

  ནོར་བུ་བསམ་འཕེལ་གྱིས་གླེང་བའི་ཨ་སྟག་ཀླུ་མོའི་མྱོས་ཆང་ཞེས་པའི་གློག་བརྙན་འཁྲབ་ཚན་ཁྲོད་ང་ལ་གཉིད་སྟུག་པོ་ཞིག་འཐིབས་ནས་ཡོང་། མི་དེ་དག་སྔར་བཞིན་འུར་ཟིང་དང་ཧབ་ཆའི་ནང་དུ་གཡེངས་འདུག ནོར་བུ་བསམ་འཕེལ་གྱིས་ང་བསྐྱོར་ནས་རྒྱབ་ཀྱི་སཱ་ཧྥ་ཞིག་གི་ཐོག་ལ་སྡོད་དུ་བཅུག ང་དེར་ཁེན་མ་ཉལ་གྱིས་བསྡད་པར་རིམ་བཞིན་ཤེས་པ་རབ་རིབ་ཏུ་གྱུར། དྲན་མེད་དུ་སོང་།

  ངའི་དྲན་པ་སོར་དུ་ཆུད་དུས་ཉིན་གཉིས་པའི་ཕྱི་དྲོ་རེད། ང་མགྲོན་ཁང་ཐབས་ཆག་ཅིག་ལས་གཉིད་སད་བྱུང་། ངའི་ཉེ་འཁོར་དུ་མི་གཅིག་ཀྱང་མི་འདུག ང་གཅེར་བུར་མཚལ་མདོག་ཏུ་བསྒྱུར་ཟིན་པའི་མལ་ཁྲི་ཞིག་གི་སྟེང་དུ་ཉལ་ནས་འདུག ང་དངངས་ནས་མྱུར་སྟབས་ཀྱིས་ཡར་ལངས་གྲབས་བྱས་ཀྱང་གནམ་ས་བླ་འོག་འགྱུ་བ་ལྟ་བུའི་མགོ་ཡོམ་འཁོར་ཞིང་ཕྱིར་མལ་ཁྲིར་ལོག ང་གོག་མ་འདྲིལ་གྱིས་མལ་ཁྲི་ལས་བབས། ངའི་དོར་མ་དང་ནང་གོས་མཐའ་དག་དམག་བརྒྱབ་ལྟར་ཡས་སྟོར་མས་སྟོར་བྱས་འདུག ངས་རེ་རེ་བསྒྲུགས་ནས་གོན། ངའི་ཀླད་པ་ད་དུང་ནག་ཐོམ་ཐོམ་ཡིན་མོད། གནས་དེར་ང་རང་སྐད་ཅིག་གཅིག་ལའང་འདུག་བཟོད་མེད་པས་གོམ་པ་ཁྱར་ཁྱོར་ལེན་བཞིན་ཕྱི་རོལ་གྱི་རྒྱ་སྲང་དུ་ཐོན། གྲང་ངར་གྱིས་ངའི་ལུས་པོ་བཅུམས་ནས་འགུལ་སྐྱོད་བྱེད་མི་བདེ་བར་བྱེད། ད་ནས་བཟུང་ང་ནི་འབག་བཙོག་གིས་བསླད་པའི་བུ་མོ་ཞིག་ཡིན། དེ་ལས་ཀྱང་ཡ་ང་བ་ནི་ང་རང་གློ་བུར་དུ་དྲན་པ་སྟོར་ནས་ར་རོར་གྱུར་བས་ཐ་ན་རང་ཉིད་འབག་བཙོག་ཏུ་སྒྱུར་མཁན་དེ་སུ་ཡིན་པའང་ཧ་གོ་མེད། དེ་ལྟར་དྲན་པའི་མོད་ལ་ངས་གློ་བུར་དུ་མདང་ནུབ་རང་གིས་འཐུངས་པའི་བཏུང་བ་དེ་ལ་གནད་དོན་ཡོད་པ་ཧ་གོ ང་ནོར་བུ་བསམ་འཕེལ་གྱི་ཐོག་ལ་ཡི་ཆད་དང་ཞེ་སྡང་ཅིག་ཅར་དུ་འཁོལ།

  དེ་ནས་བཟུང་ང་ནི་སློབ་གྲྭ་རུ་རྦད་དེ་ཁེར་རྐྱང་གི་གཟུགས་བརྙན་ཞིག་ཏུ་གྱུར། རང་ཉིད་འབག་བཙོག་ཏུ་གྱུར་བའི་བསམ་བློ་དེས་གཞན་ལ་འབྲེལ་འདྲིས་བྱེད་སྐབས་ང་ལ་དངངས་འཚབ་སྐྱེད་ཀྱིན་འདུག ངའི་སེམས་ནང་རང་ཉིད་དམན་པ་ཞིག་ཡིན་སྙམ་གྱི་གཅོང་ནད་ཀྱིས་ཟིན། ནོར་བུ་བསམ་འཕེལ་ལ་འཕྲད་ན་ངས་རང་ཉིད་ལ་གསལ་བཤད་འོས་མཚམས་ཤིག་བྱེད་དུ་འཇུག་དགོས་བསམས་མོད། ཁོ་ནི་ང་ལ་གློ་མེད་བྱས་པ་ནས་གྲིབ་མའང་མཐོང་རྒྱུ་མེད་པར་གྱུར། སློབ་ཆེན་ལ་ཡིག་ཚད་གཏོང་བར་ཡང་རིང་བོ་མེད་པས། ངའང་སེམས་སྐྱོ་ལོང་མེད་པར་དཔེ་ཀློག་སྐྱོར་སྦྱོང་ལ་འབད་དགོས་བྱུང་།

  དུས་ནི་ཁད་ཀྱིས་འདས་ཏེ་ཡིག་ཚད་གཏོང་ཁའི་ལུས་པོ་བརྟག་དཔྱད་བྱེད་རན་ལ་སླེབས། ང་ཚོ་འགྲུལ་འཁོར་ཆེན་པོ་ཞིག་གིས་ཁུལ་སྨན་ཁང་དུ་བསྐྱལ་ནས་ལུས་དཔྱད་བྱེད་དུ་བཅུག ལུས་དཔྱད་བྱས་རྗེས་ཕྱིར་སློབ་གྲྭར་ལོག་ནས་དྲོས་ཇ་འཐུངས། ཕྱི་དྲོ་ང་དཔེ་ཆ་སྐྱོར་སའི“གསང་བའི་གནས”ཤིག་ཡོད་པར་བསྐྱར་སྦྱོང་བྱེད་བཞིན་ཡོད་སྐབས། སློབ་གྲོགས་ཤིག་ང་འབོད་པར་ཐོན་ཅིང“ཁྱོད་དགེ་རྒན་གྱིས་འཚོལ་བཞིན་འདུག གཞུང་ལས་ཁང་དུ་བོས་ཤོག་ཟེར”ཞེས་བརྡ་གཏོང་། ངས་ཅི་ཡིན་ནམ་སྙམ་དུ་གཞུང་ལས་ཁང་དུ་ཐོན་སྐབས། དགེ་རྒན་ཡར་ལངས་ནས་འདང་རྒྱག་ལྟ་བུར་ཚུད་འདུག་པས་ང་ནང་དུ་སླེབས་པའང་ཚོར་མི་འདུག “རྒན་ལགས། ཁྱོད་ཀྱིས་ང་འབོད་པ་ཡིན་ནམ”ཞེས་དྲིས་པ་ན་གཞི་ནས་འགྲམ་དུ་མི་ཞིག་སླེབས་ཡོད་པ་ཚོར་ནས“ཡིན་ཏེ་ཁྱོད་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད། སྐད་ཆ་འདི་གཏམ་ངན་ཞིག་ཡིན་མོད། ཁྱོད་ཀྱིས་སེམས་ཁྲལ་བྱེད་མི་དགོས། འདིས་ཁྱོད་རང་ཡིག་ཚད་དུ་ཞུགས་པ་སོགས་ལ་བར་ཆད་བྱེད་མི་སྲིད། སྨན་ཁང་གི་བརྟག་དཔྱད་མཇུག་འབྲས་སུ་ཁྱོད་ལ་མངལ་ཆགས་ཟེར”ཞེས་བཤད། ངའི་ཀླད་པར་གློ་བུར་དུ་མུན་པས་དཀྲིགས་པ་ལྟར་ནག་ཐོམ་མེར་གྱུར། མིག་ཆུའི་དོག་པ་ཕྲེང་ཐག་ཆད་པ་ལྟར་ངའི་མཁུར་མགོ་ནས་སིམ་སིམ་བཞུར། རྒྱུད་པ་འདར་ལྕུག་བརྒྱབ་ནས་རང་དབང་མེད་པ་ཆགས།

  མཚམས་དེར་མོའི་བཤད་མཚམས་བགས་ཀྱིས་ཆད་ཅིང་རླངས་འཁོར་གྱི་འགྲོས་ཚད་ཀྱང་ཇེ་ལྷོད་དུ་སོང་། རྒྱ་ལམ་ཕ་རོལ་གྱི་དེའུ་འབུར་བར་ནས་ཡུ་མོ་མ་བུ་ཞིག་གི་གཟུགས་བརྙན་ནག་ཡོ་རེར་མངོན། མགོ་ཀྲོག་ཀྲོག་གིས་རྒྱ་ལམ་གྱི་ཕྱོགས་སུ་ཧང་ཙམ་བྱས་རྗེས་ཕྱིར་དེའུ་འབུར་གྱི་རྒྱབ་ཏུ་ཡིབ། མོས་ཀྱང་ག་ལེར་མིག་མདངས་ཕྱིར་བསྡུས་ནས་གཏམ་རྒྱུད་ཀྱི་འཕྲོ་ག་བསྐྱངས།

  དེ་ནས་ཉིན་དུ་མའི་རྗེས་སུ་ང་ཚོ་ཡིག་ཚད་ལ་ཞུགས། འོན་ཀྱང་ངའི་དྲན་ཤེས་ནི་མདུན་གྱི་འབྲི་ཤོག་སྟེང་ལ་བཀུག་ཀྱང་མི་ཁུག་པར་གང་སར་ཤོར་འགྲོ་གི་འདུག ང་ནི་ཚོགས་ར་ལས་ཆེས་མཐའ་མར་གྱེས་མཁན་དེ་ཡིན་མོད་ངའི་སྐར་འབྲས་ནི་ཚོགས་ར་ཡོངས་ལས་ཆེས་ཐ་མ་དེ་ཡིན་པ་རང་གི་སེམས་ལ་ཁྲིགས་ཁྲིགས་སུ་འདུག ང་གློ་བུར་དུ་མ་འོངས་པའི་ཕྱོགས་སུ་སེམས་ཁྲལ་གྱིས་ནོན། གཅིག་པུར་ཕག་ཆུའི་འགྲམ་དུ་ཙོག་སྟེ་རང་གི་ལས་དབང་ལ་མིག་ཆུ་གཏོང་བཞིན་བསྡད། མཇུག་མཐར་ངས་ཆུ་འགྲམ་གྱི་རྡོ་བའི་གསེབ་ནས་རྡོ་གྲི་ཞིག་བཙལ་ཏེ་རང་གི་ལག་སྐེར་ཤེད་ཀྱིས་གཤགས། ཁྲག་གི་ཐིགས་པ་དམར་ཙ་རེ་གྲམ་པའི་ནང་དུ་འཛགས། དེ་ནས་ཕྱིར་མལ་ཁང་དུ་ལོག་སྟེ་ཅ་ག་རྣམས་སྡུད་གསོག་བྱས་རྗེས་རླངས་འཁོར་འབབ་ཚུགས་སུ་ཕྱིན། ཨམ་ཕྲག་ཏུ་ཉར་ཡོད་པའི་བསགས་དངུལ་ཡོད་ཚད་སྤྱད་དེ་ཁྲིན་ཏུའུ་ལ་འགྲོ་བའི་པ་སེ་ཞིག་ཉོས།

  ཁྲིན་ཏུའུ་རུ་སླེབས་དུས་ངའི་ཨམ་ཕྲག་ཏུ་དངུལ་སྐར་རྡོག་གཅིག་ཀྱང་མི་འདུག ང་སྨྱོན་པ་བཞིན་བརྒྱུགས་ནས་གང་སར་ལས་ཀ་བཙལ། འོན་ཀྱང་ང་ལ་ཕུང་བོ་འཁོར་ཡོད་པས་ཉིན་འགའ་ལས་མི་འགོར་བར་ལུས་དཔྱད་ཀྱིས་ང་ཡང་སྒོ་རུ་དབྱུང་། དེ་ལྟར་དགུན་འཁྱག་ནང་དུ་སྤྱི་གླིང་གི་རྩྭ་རྫིབས་དང་ཟམ་ལམ་གྱི་རྡོ་ཞུན་སྟེང་ཉལ་བའང་གྲངས་ཀྱིས་མི་ལོན།

  མོས་གློ་བུར་དུ་བཤད་མཚམས་བཞག་སྟེ་གཙང་ཤོག་གིས་མིག་མཐའ་དང་སྣ་ཆུ་འབྱིད་པར་བྱེད། “དེ་དུས་ཀྱི་ངས་ཏག་ཏག་རང་ཉིད་བོར་སོང་། ཕ་མ་དྲན་ཡང་ཕ་ཡུལ་དུ་ལོག་ས་མེད་ལ། ས་མཐའ་མི་ལོབས་ཀྱང་ས་མཐའ་མི་འགྲིམ་ག་མེད་རེད”ཟེར།

  རླངས་འཁོར་ནང་ཁུ་སིམ་མེར་གྱུར། ཁོས་སེམས་ཆུང་གིས་མོ་ལ་ལྟ་ཙམ་བྱས་པར་མོའི་མིག་གིས་ཐག་རིང་གི་གནས་ཤིག་ལ་ཕུར་ཚུགས་སུ་ཅེར་འདུག མོའི་གདོང་ལ་འཕྲུལ་ཆས་བཞིན་རྣམ་འགྱུར་ཁྱུག་ཙམ་མེད། ཁོས་སེམས་ཆུང་གིས“ཁྱོད་ཀྱི་ཕུང་བོར་འཁོར་བའི་ཕྲུ་གུ་ད་ལྟ་གང་ན་ཡོད”ཅེས་དྲིས་པར་དེ་མ་ཐག་ཁོ་རང་དྲི་བ་དེ་འཕངས་པར་འགྱོད་པ་སྐྱེ་དགོས་བྱུང་། མོའི་འཇིགས་སུ་རུང་བའི་མིག་མདངས་ག་ལེར་ཁོའི་ཕྱོགས་སུ་བགྲད་དེ། ཅི་ཡང་མི་སྨྲ་བར་གནག་གནག་ལ་བསྡད་བྱུང་། དེ་ནས་རླངས་འཁོར་གྱི་ཁ་ཏན་སེ་བསྒགས་ནས“ད་ཁྱོད་འདི་ནས་བོབས་ཤོག འདི་ནས་ཕར་སོང་ནས་མུ་མེད་ཀྱི་བྱང་ཐང་ཡིན”ཟེར།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཆ་མེད།

2024-08-31 ཕུར་བུ་རྣམ་རྒྱལ།(གསེར་རྟ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།