སྐབས་བཞི་བའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གྱི་ལོ་ཟུང་བྱ་དགའ་ཐོབ་པའི་བརྩམས་སྒྲུང་འོས་སྦྱོར། 《བན་དེ་ཆེན་པོ》
དབོན་ཞང་གཉྀས། །
ཆབ་སྲྀད་གཅྀག་ཏུ་མོལ་ནས། །
མཇལ་དུམ་ཆེན་པོ་མཛད་དེ་གཙྀགས་བཅས་པ། །
ནམ་ཞར་ཡང་མྱྀ་འགྱུར་པར། །
ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས། །
——དབོན་ཞང་རྡོ་རིང་ལས།
1
ཟུག་གཟེར། ཨ། ཟུག་གཟེར་མ་རེད། ཚོར་བ་འདི་རྒྱུས་མངའ་ཡོད་པ་ཞིག་ཡིན་རུང་། ལོ་མང་པོའི་གོང་གི་ཚོར་སྣང་ཙམ་ཡིན། ཇི་འདྲ་ཞིག་འདུག་གམ། ཨོ། ཨ་ཁུས་སི་སྨྱུག་གི་རྩེ་མོ་སྦར་མཐིལ་ལ་འཛུགས་དུས་ཀྱི་ཚོར་བ་དང་ཧ་ཅང་མཚུངས། ཐོག་མར་ཅ་དངོས་རྩེ་སྙུང་ཞིག་པགས་པ་དང་འཕྲད་ནས་ཤ་གཏིང་དུ་འབུད་རྒྱག་བརྒྱབ་པ་དང་། དེ་ནས་ཕྱི་རོལ་གྱི་གནོན་ཤུགས་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ་ཅ་དངོས་རྩེ་སྙུང་འོག་གི་ཤ་ཡང་མིག་གིས་མཐོང་སར་ཀོང་དུ་རྡིབ་རྗེས། གཞི་ནས་ན་ཟུག་གི་ཚོར་བ་ཞིག་རྩ་བརྒྱུད་ནས་གློག་འཁྱུད་པ་བཞིན་སྙིང་ཁོང་ལ་སྐད་ཅིག་ཉིད་དུ་རྒྱུགས་ཡོང་། ད་སླེབས་ལ་ཉེ། ཕལ་ཆེར་པགས་པས་ཆེས་མཐའ་མའི་འགོག་རྒོལ་བྱེད་བཞིན་འདུག འོན་ཀྱང་ད་ཐེངས་ལུས་ཤ་གནོན་ཤུགས་ཀྱིས་ག་ལེར་ཀོང་དུ་རྡིབ་པའི་སྣང་ཚུལ་དེ་མཐོང་རྒྱུ་དང་བྲལ། རྒྱུ་རྐྱེན་ནི་ད་ཐེངས་ཆད་པ་གཅོད་མཁན་ཨ་ཁུ་མིན་པར་བཙན་པོ་ཡིན་ལ་ཅ་དངོས་རྩེ་སྙུང་འཛུགས་ས་སྦར་མཐིལ་མིན་པར་སྤྱི་གཙུག་སྟེ། ཟླ་དྲུག་ཙམ་སྒོམ་ནས་བསྒྲུབས་མ་ཐུབ་པར་ལུས་པའི་སྤྱི་གཙུག་ཁོ་ནའོ། ། ད་དུང་མི་འདྲ་བའི་ཆ་ཞིག་འདུག་སྟེ་ཅ་དངོས་རྩེ་སྙུང་དེར་ལྷན་ཅིག་བྱེད་རྐྱེན་ལག་ཆ་ཞིག་ཡོད། རྡོ། རྡོ་ནག་པོ་ཆེན་པོ་ཞིག མི་ནག་ཅིག་གིས་རྡོ་ནག་པོ་དེ་ཁོའི་མིག་མདུན་ནས་གནམ་ལ་འཕྱར། ཟུག་གཟེར། ཟུག་གཟེར་སླེབས་སོང་། སྙིང་རྩ་གས་སོང་།
“བན་དེ་ཆེན་པོ་བཀྲོངས་ཟིན”
མི་ནག་གཞན་ཞིག་གི་སྐད་སྒྲ་ཁོའི་རྒྱབ་ནས་གྲགས་པ་དང་སྦྲགས། ཁོའི་ཉན་བྱེད་ཀྱི་དབང་པོ་ཡང་རྦད་དེ་ཉམས་སོང་། མ་རེད་མ་རེད། ད་དུང་སྒྲ་ཞིག་འདུག །ད་ལྟ་མུན་ནག་གི་ཁྲོད་དུ་ཆུ་བོའི་ཤང་སྒྲ་ཞིག་ཀྱང་མཆིས། དེ་ཡང་སྙིང་ཆར་སྒྲ་ཡིན་ནམ་རྒྱུག་ཆུའི་སྒྲ་ཡིན་ཁོས་གསལ་པོར་ཤེས་ངེས། བྲག་ཕུག་ལས་ཕྱིར་དོན་དུས་རི་ཆུ་ཐལ་མདོག་ཏུ་མངོན་པ་མཐོང་བ་མིན་ནམ། འོན་ཀྱང་ཁོས་དེ་ནི་ཆར་སྒྲ་ཡིན་པར་འདོད་དེ། ཁོའི་རྣམ་པར་ཤེས་པ་བྱིས་དུས་ཀྱི་འོང་ཁའི་མཚམས་ཀྱི་མཁར་ཆུང་ནང་དུ་འཕུར།
2
མཁར་གྱི་ཕྱི་རུ་ཆར་པ་སིམ་སིམ་ཞིག་འབབ་བཞིན་པའི་སྐབས། ཁོས་ཁྲ་ཁུང་ལས་ཕར་ཕྱོགས་ཀྱི་རི་ལྡེབས་ལ་ཅེར་ནས་བསྡད། ལག་ཆུང་གཡོན་པས་ཨོག་མར་སྐྱོར་བ་དང་གཡས་པར་དཔེ་ཆའི་ཤོག་ལྷེ་གཅིག་བཟུང་། ས་དང་ཆུ་འདྲེས་པའི་བརླན་གཤེར་གྱི་དྲི་བསུང་ལགས། ཁོས་རི་ལྡེབས་ཀྱི་སྔོ་ལྗང་མཐོང་དུས་ཚོས་གཞི་དེ་དང་སྐྱེ་བོའི་ཡིད་ངོར་སྤྲོ་བ་ཚད་མེད་སྦྱིན་པའི་དྲི་བསུང་གཉིས་རང་ཤེད་ཀྱིས་མཉམ་དུ་བཞག །
“ཡང་བསམ་བློ་ཡུལ་གཞན་དུ་གཡེང་བ་རེད་དམ” ཨ་ཁུའི་སྐད་དེ་སྔོ་ལྗང་མདོག་དང་བརླན་གཤེར་གྱི་དྲི་བསུང་བར་ལ་ཨུ་ཚུགས་ཀྱིས་འཚང་ནས་ཁོའི་ཡིད་ཀྱི་སྲབ་ཁ་ཡང་ཁང་པའི་ནང་དུ་བསྒྱུར།
“ཨ་ཁུ་ལགས། དགོངས་དག” ཁོས་ཁྲ་ཆུང་མིག་གཉིས་ཨ་ཁུའི་མགོ་སྐྲ་མེད་པའི་དཔྲལ་བའི་ངོས་སུ་བལྟས་པ་ལས་མིག་ལ་ཐད་ཀར་ལྟ་མ་ཕོད།
“ཁྱོད་ཀྱིས་ཡང་སྙིང་གང་ཞིག་ལ་བསམ་བློ་གཏོང་གིན་ཡོད་དམ། ང་ལ་གསལ་པོ་ཞིག་ཤོད་ཨེ་ཐུབ”ཨ་ཁུའི་སྐད་གདངས་ལས་ཁོང་ཁྲོའི་ཉམས་མངོན་གསལ་དུ་ཐོན་སྐབས་ཁོའི་སྦར་མཐིལ་ལ་རང་དབང་མེད་པར་ཟ་འཕྲུག་ལངས།
“འོ་ན་སྲོང་བཙན་སྒམ་པོའི་སྐབས་སུ་བཙན་པོས་བཀའ་ཕབ་ནས་དགོངས་པ་རྫོགས་པའི་མི་དེ་སུ་རེད་དམ”
“ཁྱུང་པོ་སྤུང་སད་ཟུ་རྩེ” ཁོས་དེ་མུར་བློ་ངོར་འཆར་བའི་བློན་ཆེན་དེའི་མིང་བཤད།
“ཁྱུང་པོ་ནི་རང་ལྕེབས་བྱས་པ་རེད” ཨ་ཁུས་དལ་བུར་གདན་ལས་ལངས་ཏེ་སི་སྨྱུག་འཇོག་སའི་སྦག་ཅོག་ཕྱོགས་སུ་གོམ་པ་སྤོས།
“མྱང་མང་པོ་རྗེ་ཞང་སྣང་། ཤེས་སོང་ངམ།” ཨ་ཁུས་སི་སྨྱུག་འཁྱེར་ནས་ཁོའི་མདུན་དུ་སླེབས་དུས་ཁོའི་སྦར་མཐིལ་གྱི་ཟ་འཕྲུག་ཀྱང་ཁྲག་རྩ་བརྒྱུད་དེ་སྙིང་གི་ཕྱོགས་སུ་བརྒྱུགས།
“མྱང་མང་པོ་རྗེ་ཞང་སྣང་རེད། ངས་ཤེས་སོང་” ཁོས་ཁ་ནས་འདི་ལྟར་བཤད་ཀྱང་ལག་ཆུང་གཉིས་པོ་རང་འགུལ་གྱིས་མདུན་དུ་བརྐྱངས།
“་འོ་ན་ད་གིན་བློ་གང་ལ་གཡེང་མིན་ཤོད་ཐུབ་བམ” སི་སྨྱུག་གི་རྩེ་མོ་སྦར་མཐིལ་ལ་དངོས་སུ་ཐུག་ཀྱང་ད་ལྟ་ཐོག་མའི་གནོན་ཤུགས་ཙམ་མི་སྣང་།
“ཨ་ཁུ་ལགས། ཕྱི་རོལ་གྱི་ཆར་ཆུས་ཕར་ཕྱོགས་རི་ལྡེབས་ཀྱི་སྤང་རྩྭ་དེ་བས་སྔོ་ལྗང་དུ་བསྒྱུར་འདུག ཚོན་མདོག་དེ་དང་ཆར་ཆུ། ས་རློན་གྱི་དྲི་བསུང་སོགས་མཉམ་དུ་འདྲེས་དུས་ཡིད་ལ་རང་དབང་མེད་པར་སྤྲོ་བ་ཞིག་སྟེར” ཁོས་ག་ལེར་ཨ་ཁུའི་སྤྱན་ཟུང་ལ་ལྟ་ཙམ་བྱེད་དུས། ཨ་ཁུའི་མིག་གཉིས་ཁྲ་ཁུང་ལས་ཕྱི་ཕྱོགས་སུ་ལྟ་བཞིན་པ་དང་སྣ་བའི་གཤོག་ཟུང་ལྷེམ་ཙམ་ལྷེམ་ཙམ་ངང་དྲི་སྣོམ་བཞིན་མཆིས།
“འདི་ནི་ཞི་བདེ་ཡི་སྐྱོས་མའོ། ། ཁྱོད་ཀྱིས་ཡིད་ལ་ཟུངས་ཤིག ། བྲན་ཀ་དཔལ་ཡོན”
3
དེ་དུས་སི་སྨྱུག་དེ་མཐའ་མར་སྦར་མཐིལ་ལ་བཙུགས་ཡོད་དམ། མེད་མེད། ཨ་ཁུ་ལགས་ཀྱིས་ཁོ་ལ་སེམས་གཏིང་ནས་བརྩེ་སེམས་ཆེན་པོ་ཡོད་པས། དོན་དངོས་ཐོག་རང་ལོ་གསུམ་ནས་བཅུ་བདུན་བར་ཨ་ཁུས་ཉེས་རྡུང་ཐེངས་གཅིག་ཀྱང་བཏང་མ་མྱོང་། དེའི་རྐྱེན་ཁོས་གཡུལ་སའི་ས་སྲོས་སུ་ཁྲག་དྲིས་སྦགས་པའི་མཁའ་རླུང་འབྱིན་རྔུབ་བྱེད་ཐེངས་དང་པོར། རེ་ཞིག་ཧོན་འཐོར་ནས་ལུས། ཁོའི་མཐོང་ལམ་དུ་གྲང་ངར་གྱི་མདངས་འཕྲོ་བའི་གོ་མཚོན་རེ་རེ་དང་ཧྲལ་ཧྲུལ་དུ་གྱུར་བའི་དར་ཆ། ད་དུང་རྣམ་ཤེས་དང་བྲལ་བའི་བེམ་རོ་ཇི་ཙམ་ཡོད་པ་སྨོས་ཅི། སེར་མོ་བ་ཞིག་གི་ངོས་ནས་བརྗོད་ནའང་འདྲ། གཡུལ་སར་སླེབས་ཐེངས་དང་པོ་ཡིན་པའི་སྟག་ཤར་ཞིག་གི་ངོས་ནས་བརྗོད་ནའང་འདྲ། དེ་འདྲའི་ཡ་ང་ལ་སྐྱི་གཡའ་བའི་སྣང་ཚུལ་ལ་འཇིགས་དངངས་མི་སྐྱེ་བ་ག་ལ་སྲིད། དེ་དུས་ཁོས་རང་ཉིད་ཀྱི་ཚེ་སྲོག་ཀྱང་མཐའ་མར་ལྕགས་ཀྱི་མཚོན་འོག་ལ་ཤོར་སྲིད་པ་གང་ནས་ཤེས། འཇིགས་དངངས་ཙམ་མིན་པར་ཁོས་ཀྱང་ས་འཛིན་ཕ་རོལ་གྱི་བྱེ་ཐང་ལ་བལྟས་མྱོང་། དེ་ནི་ཆུང་དུས་ཕ་ཡུལ་གྱི་རི་ཆུས་གྲུབ་པའི་སྔོ་ལྗང་གླིང་དང་ཧེ་བག་ཆེན་པོ་ཡོད། བྱེ་ཐང་ལ་ཞི་བདེའི་སྐྱེས་མོ་ཞིག་འབྱུང་མི་ཐུབ་བམ། ཁོས་རང་གིས་རང་ལ་དྲི་བ་ཞིག་བཏོན། ཐང་བོད་དབར་གྱི་འགལ་བ་འདི་ག་དུས་ཞིའམ། འགལ་བ་དེ་འདུམ་མཚམས་སུ་བྱེ་ཐང་ལ་ཡང་སྔོ་ལྗང་གི་ལྗོངས་རྣམ་ཐོན་ངེས་སམ།
ཁོ་ཚོས་ཁོའི་མགོ་བོ་བཅད་སོང་། “ལུས་ཕུང་འདོར་མི་རུང་། མགོ་བོ་དེ་བསྐྱུར། བཙན་པོས་གཟིགས་འདོད་མེད་ངེས། ལུས་ཕུང་ར་སར་འཁྱེར་དགོས” མི་ནག་གི་སྐད་ཆ་དེ་ཚོ་ཁོའི་རྣ་ལམ་དུ་ཐོས་ཐབས་བྲལ། འོན་ཀྱང་ཁོས་ཁོའི་ལུས་ཕུང་རྒྱུག་ཆུའི་ངོགས་སུ་ཡོད་པ་གསལ་པོར་མཐོང་། དེ་ནི་མགོ་བོ་མེད་པའི་བེམ་རོ་ཞིག་ལགས། བྱེ་ཐང་གི་གཡུལ་སར་མགོ་བོ་མེད་པའི་བེམ་རོ་ཨེ་ཡོད། ཁོའི་བློ་ངོར་སྔོ་ལྗང་དང་བྲལ་བའི་བྱེ་ཐང་དེ་ལྷང་ངེར་དྲན། ཕལ་ཆེར་ཡོད་ངེས། འོན་ཀྱང་བྱེ་ཐང་ལ་ཞི་ཞིང་བདེ་བའི་རྣམ་པ་ལོ་དུ་མ་ཐོན་པ་མིན་ནམ། ཁོའི་མགོ་བོ་མི་ཞིག་གིས་གཞུང་ཆུར་ཤུགས་ཀྱིས་གཡུགས།
4
“མྱང་ཏིང་འཛིན་བཟང་པོ། བྲན་ཀ་དཔལ་གྱི་ཡོན་ཏན། ལྷ་དོན་དམ་གསུམ་བན་དེ་བཀའ་ཆེན་པོར་གཏོགས། བོད་བཙན་པོའི་རྒྱལ་རབས་ཀྱི་ཆོས་སྲིད་གཉིས་ཀྱི་འགན་ལེགས་པར་བཞེས།”བཙན་པོས་བཀའ་ཕབ་པའི་སྒྲ་དེ་ཁང་པའི་ནང་དུ་སྐོར་བ་འཁོར་དུས་ཁོ་མྱང་ཏིང་ངེ་འཛིན་གྱི་རྒྱབ་རོལ་དུ་བསྡད་ཡོད། བློན་འབངས་ཀུན་གྱིས་བཀའ་བཞིན་ཞུ་རྒྱུའི་གུས་ལན་སློག་དུས་ཁོའི་བློ་ངོར་ཨ་ཁུ་ལགས་ཀྱང་དྲན། དེ་དུས་ཨ་ཁུ་ལགས་དགོངས་པ་རྫོགས་ནས་ལོ་གསུམ་ཙམ་འདས། ཁོས་ཨ་ཁུར་བྲན་ཀའི་མི་རྒྱུད་སླར་ཡང་བཙན་པོའི་བློན་ཆེན་གལ་ཆེན་ཞིག་ཏུ་གྱུར་སོང་ཞེས་བརྗོད་པར་འདོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ད་ནི་བྱེ་ཐང་ལ་ཞི་བདེ་བསྐྲུན་པར་ཐག་ཇེ་ཉེ་དང་སྒྲུབ་ཇེ་བདེར་སོང་ཟིན། འདི་ལྟར་བྱུང་ཚེ་ཨ་ཁུའི་ཡིད་སེམས་སུ་བརྣག་པའི་ཕུགས་འདུན་ཡང་འགྲུབ་སྲིད་སྙམ།
བཀའ་ཕབ་ཟིན་རྗེས་བློན་འབངས་གཞན་གྱིས་བན་དེ་ཆེན་པོ་གསུམ་ལ་རྟེན་འབྲེལ་ཞུ་བཞིན་མཆིས། མཐར་གཏུགས་ནས་བརྗོད་ན་ཁོ་ཚོས་མྱང་ཏིང་འཛིན་བཟང་པོས་གཙོས་པའི་བན་དེ་ཆེན་པོ་གསུམ་ལ་རྟེན་འབྲེལ་ཞུ་བཞིན་ཡོད། ཁོས་བཙན་པོར་བལྟ་ཙམ་བྱས་པས་བཙན་པོའི་སྤྱན་གཉིས་མི་གཞན་ཀུན་དང་འདྲ་བར་མྱང་ཏིང་འཛིན་བཟང་པོའི་ཕྱོགས་སུ་དགའ་སྤྲོ་དང་རེ་བས་ཁེངས་པའི་མིག་མདངས་ཀྱིས་གཟིགས་བཞིན་པ་མཐོང་དུས་ཁོའི་སེམས་ལ་བློ་མི་བདེ་བའི་སྣང་བ་ཞིག་སྐྱེས། འོན་ཀྱང་མྱང་ཏིང་འཛིན་བཟང་པོ་ནི་བཙན་པོའི་གོང་མའི་སྐབས་གྲུབ་ཐོབ་བརྒྱ་རྩ་བརྒྱད་ཀྱི་གྲས་ཤིག་ཡིན་ལ་དེ་བས་བཙན་པོ་སྐུ་ན་ཆུང་དུས་ཀྱི་སློབ་དཔོན་དང་ཡབ་ཡུམ་གྱི་གོ་ཆོད་པ་ཞིག་ཡིན་པ་དྲན་དུས། ཁོའི་ཡིད་ངོའི་བློ་མི་བདེ་བའི་ཚོར་སྣང་དེའང་དལ་གྱིས་ཡལ།
སློབ་དཔོན་དང་ཡབ་ཡུམ་གྱི་གོ་ཆོད་པར་བསམ་དུས་ཁོས་དུས་ཀུན་ཏུ་རང་ཉིད་ཀྱི་ལུས་ཐོག་ནས་འབྲལ་དུ་མེད་པའི་དྭངས་གཙང་གི་སྤྱན་ཟུང་དེ་བཙལ། སྤྱན་ཟུང་དེ་བློན་འབངས་གཞན་གྱིས་མིག་བལྟ་སའི་རྗེས་སུ་འབྲངས་མེད་པར་ཐད་ཀར་ཁོའི་ཕྱོགས་སུ་བལྟས་ནས་འདུག སྔར་བཞིན་ནམ་མཁའ་ལྟར་དྭངས་ལ་ཆུང་དུས་ཀྱི་རི་ཆུའི་ལྗང་མདོག་དང་ཆ་འདྲ་བའི་ལྷད་མེད་ཀྱི་འོད་མདངས་དེ་མཐོང་དུས་ཁོའི་ཡིད་དུ་ཤར་བའི་རབ་རིབ་ཀྱང་ཡོངས་སུ་དྭངས། དེ་ཞི་བདེ་མིན་ན་ཅི་ཡིན། སྐབས་དེ་དུས་ཁོའི་བསམ་པར་དེ་ཁོ་ན་སྙམ་པ་དང་། ད་ལྟ་སྟེ། ལུས་དང་བྲལ་བའི་མགོ་བོ་སྨག་རུམ་གྱི་ཁྲོད་དུ་ཕྱོགས་ག་གེ་མོ་ཞིག་ལ་འཕུར་བཞིན་པའི་སྐབས་ཁོས་སླར་ཡང་དྭངས་གཙང་གི་སྤྱན་ཟུང་དེ་དྲན། དེ་ནི་ལྷ་སྲས་གཙང་མའི་སྤྱན་ཟུང་ངོ་། ། སྤྱན་ཟུང་དེ་དྲན་དུས་ཁོའི་མགོ་བོ་དང་ལུས་པོ་བྲལ་བའི་འཇིགས་སྐྲག་ཀྱང་ཆུང་དུ་ཕྱིན་ལ། དེའི་ཚབ་ཏུ་སྐྱོ་སྣང་དྲག་པོ་ཞིག་སྐྱེས། འོན་ཀྱང་སྐབས་དེར་ཁོའི་ལུས་ཕུང་ནི་མི་ནག་དེ་ཚོའི་མདུན་གྱི་ས་ཐོག་ཏུ་ཡོད་པས་ཡང་སྙིང་སྙིང་ཁོང་དུ་ན་ཟུག་བཏང་ཡོད་མེད་མི་ཤེས་ཀྱང་། ཕལ་ཆེར་ཟུག་གཟེར་ཆེན་པོ་ཡོད་ངེས། ཅིའི་ཕྱིར་ཞེ་ན་ལྷ་སྲས་གཙང་མའི་སྤྱན་ཟུང་ནང་ཡོད་པའི་ཞེ་བདེ་དེ་ཁོ་རང་ཉིད་ཀྱིས་བཅོམས་པས་ཡིན།
5
ཐང་གི་ཕོ་ཉས《པུར་རྒྱལ་གྱི་བན་དེ་ཆེན་པོ་ལ་སྤྲིངས་པའི་བཀའ》ཞེས་པ་བོད་ཡུལ་དུ་སྐྱེལ་དུས་བན་དེ་ཆེན་པོ་སུ་ལ་འབུལ་དགོས་མིན་ཐད་ཐེ་ཚོམ་ཆེན་པོ་སྐྱེས། པུར་རྒྱལ་གྱི་ཆོས་སྲིད་ཐོག་གཉིས་སུ་མེད་པའི་དབང་ཆ་མངའ་བ་དང་། ཐང་བོད་མཇལ་དུམ་ཐོག་ནུས་པ་གལ་ཆེན་ཐོན་མཁན་ནི་བན་དེ་ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་ཡིན་མོད། འོན་ཀྱང་མྱང་ཏིང་འཛིན་བཟང་པོ་ནི་པུར་རྒྱལ་བཙན་པོས་མཉེས་ཤོས་ཀྱི་ཆོས་བློན་ཡིན་ལ་སྐུ་ནའང་བགྲེས་ཤོས་ཡིན་པས་སྤྱིའི་འགྲོ་སྟངས་ལྟར་བྱས་ན་མྱང་ཏིང་འཛིན་བཟང་པོར་འབུལ་དགོས།
“ཕོ་ཉ་ལགས། ཁྱེད་རང་ཐེ་ཚོམ་དགོས་དོན་ཅི་ཡོད་དམ། ཁྱེད་ཚོའི་གོང་མ་ཆེན་པོས་ངེད་ཀྱི་བན་དེ་ཆེན་པོ་ལ་གནང་བའི་བཀའ་ཡིན་ཚེ། མྱང་ཏིང་འཛིན་བཟང་པོ་ནི་བན་དེ་ཆེན་པོ་གསུམ་ལས་སྐུ་ཡོན་ཆེ་ཤོས་དང་ཐུགས་རྒྱ་ཡངས་ཤོས་ཡིན་པས་མ་ཚད་བཙན་པོ་མཆོག་གི་སློབ་དཔོན་ཡང་ཡིན་པས་འཕྲིན་དེ་ཁོང་ལ་འབུལ་དགོས་ངེས་ཡིན” ཕོ་ཉར་སྣེ་ལེན་ཞུ་མཁན་གྱི་བློན་པོས་ལྷག་བསམ་རྣམ་དག་གི་ཚུལ་དུ་འདི་ལྟར་བཤད། ཕོ་ཉས་ཀྱང་རྨོངས་གཉིད་ལས་སད་པ་བཞིན་བཀའ་དྲིན་ཆེ་ཡང་ཡང་ཞུས་ཏེ་མྱང་ཏིང་ངེ་འཛིན་གྱི་གཟིམ་ཤག་ཏུ་བསྐྱོད།
བསམ་ཡུལ་ལས་འདས་པ་ཞིག་ལ་ཕོ་ཉ་ཐོན་མ་ཐག བློན་པོས་ལམ་སེང་རྟ་ཁ་བྲན་ཀ་དཔལ་ཡོན་གྱི་གཟིམ་ཤག་ཕྱོགས་སུ་བསྒྱུར།
“བན་དེ་ཆེན་པོ་ལགས། དེ་རིང་ཐང་ནས་མངགས་པའི་ཕོ་ཉས་ཐང་རྒྱས་པོས་པུར་རྒྱལ་གྱི་བན་དེ་ཆེན་པོར་སྤྲིངས་པའི་འཕྲིན་ཞིག་བསྐྱལ་སོང་། གུས་པས་ཕོ་ཉ་ལ་འཕྲིན་དེ་བན་དེ་ཆེན་པོ་བྲན་ཀ་དཔལ་ཡོན་མཆོག་ལ་འབུལ་དགོས་ངེས་ཞེས་བཤད་ཀྱང་། ཕོ་ཉས་ཐང་རྒྱལ་རབས་ཀྱིས་ཁས་ལེན་པའི་པུར་རྒྱལ་ཆོས་སྲིད་གཉིས་ཀྱི་ཆོས་བློན་ཆེན་པོ་མྱང་ཏིང་འཛིན་བཟང་པོའོ་ཞེས་འཕྲིན་ཕར་ཕྱོགས་ལ་སྐྱེལ་བར་སོང་།” བློན་པོས་ཡིད་ཕམ་མདོག་གིས་སྐད་ཆ་འདི་དག་རྗོད་དུས་ཁོ་ནི་ལྷ་སྲས་གཙང་མར་དེ་སྔའི་བྱེ་ཐང་ཐོག་གི་མཐོང་ཐོས་སྐོར་རྗོད་བཞིན་ཡོད།
ཁོའི་བསམ་པར། ངེད་ཚོ་བན་དེ་ཆེན་པོར་གཏོགས་ནས་ལོ་དྲུག་ཙམ་སོང་ཟིན་ལ་དེའི་བར་དུ་རང་ཉིད་པུར་རྒྱལ་དང་ཐང་རྒྱལ་རབས་ཀྱི་ས་མཚམས་སུ་ཐེངས་མང་སོང་མྱོང་བ་དང་། སྐབས་དེ་ཤེད་དུ་མྱང་ཏིང་ངེ་འཛིན་ནི་ར་སར་བཞུགས་ནས་དོན་དམ་དུ་ཆོས་ཁོ་ནར་འབུངས་པ་ལས་རྒྱལ་སྲིད་ཀྱི་དོན་ཆེན་ཕལ་ཆེ་བ་ང་རང་ཉིད་ཀྱིས་འགན་བླངས་སོ་སྙམ། བློའི་ཡུལ་གྱི་ང་རྒྱལ་འདི་དལ་པོར་ལངས་དུས་ལྷ་སྲས་ཀྱིས“བན་དེ་ཆེན་པོ་ལགས་ཐུགས་ཁྲལ་གནང་མི་འཚལ། བན་དེ་ཆེན་པོ་མྱང་ཏིང་ངེ་འཛིན་ནི་ཡབ་ལ་བློ་དཀར་བ་ཞིག་དང་ཐུགས་བག་ཡངས་པ་ཞིག་ཡིན་པས་གལ་ཏེ་འཕྲིན་ནང་གལ་འགངས་ཆེ་བའི་དོན་ཡོད་ཚེ་ཡབ་དང་ཁྱེད་རང་ལ་གསུངས་ངེས་ལ་དེ་བས་དོན་ཅི་ཞིག་ཐག་གཅོད་པར་ཡང་ཁྱེད་རང་ལ་བློ་འདྲི་གནང་ངེས། ལོ་འདི་དག་ནང་དུ་ངེད་ཚོ་དང་ཐང་བར་གྱི་འགལ་ཟླ་ཇེ་ཆུང་དུ་སོང་བ་ཁྱེད་སྐུ་དྲིན་ཆེ་བས། བྱེ་ཐང་དུ་སྔོ་ལྗང་མདོག་གི་ལྗོངས་ཤིག་མགྱོགས་པོ་བསྐྲུན་ཐུབ་ངེས།”ཞེས་ཞུས། ཁོས་ལྷ་སྲས་ཀྱི་སྐད་ཆ་དག་ཐོས་དུས་ལྷ་སྲས་ཀྱི་དྭངས་གཙང་སྤྱན་ཟུང་ལ་ཅེར་ནས་སེམས་གཏིང་ལ་སྤྲོ་བ་ཚད་མེད་སྐྱེས།
འོན་ཀྱང་དེ་དུས་གང་ལྟར་ཡང་མྱང་ཏིང་འཛིན་བཟང་པོར་འཁོན་འཛིན་སྐྱེས་ཡོད་པ་རེད། གཟུགས་དང་བྲལ་བའི་མགོ་བོ་དེ་ཕ་ཡུལ་གྱི་རི་ཆུ་ལས་བཞུར་བའི་ངད་ཆུའི་ནང་ཟགས་པ་དང་ཆུ་ཁར་འཕྱོ་ནས་ངོ་གདོང་ཆུ་ཁར་དོན་པས་ཁོས་མུ་མཐུད་ནས་སྨག་རུམ་ཁྲོད་དུ་མིག་གཉིས་ཆེར་གདངས་ཏེ་འདས་དོན་དེ་དག་དྲན་གསོ་བྱས།
ལྷ་སྲས་ཀྱིས་གསུངས་པ་ཇི་བཞིན། ཉིན་གཉིས་པའི་ཞོགས་པར་མྱང་ཏིང་འཛིན་བཟང་པོ་ཁོའི་དྲུང་དུ་ཕེབས་ནས་འཕྲིན་ཡིག་གི་ནང་དོན་བཙན་པོར་སྤྱན་འབུལ་ཞུས་ཟིན་ལ་དེའི་ནང་དོན་འགའ་ཞིག་ད་དུང་ཁོ་དང་གྲོས་མོལ་བྱ་དགོས་ཞེས་བཤད། མྱང་ཏིང་འཛིན་བཟང་པོས་འཕྲིན་ཡིག་གི་རྒྱ་ཡིག་མ་ཡིག་དང་བོད་བསྒྱུར་མ་གཉིས་ཀ་ཁོའི་མདུན་དུ་བཞག་ནས། “བན་དེ་ཆེན་པོ་ལགས། ཐང་གི་འཕྲིན་ཡིག་འདི་དོན་དངོས་ཐོག་ཁྱེད་རང་ལ་འབུལ་རྒྱུ་ཡིན་པར་ངེས་ཏེ། མཁྱེན་རྒྱ་ཡངས་ཤིང་མནའ་གཙིགས་བརྩི་བ། དམག་འཁྲུག་ཞི་ཐབས་ལ་འབད་པ་ཞེས་པ་ལྟ་བུའི་བསྟོད་ཚིག་ནི་སྐུ་ཉིད་ཀྱིས་མ་གཏོགས་ང་རང་རྒན་པོས་ཐེག་ཐབས་བྲལ། པུར་རྒྱལ་དང་ཐང་གཉིས་ཀྱི་མཇལ་དུམ་དོན་ཆེན་གྱི་གཙོ་གཉེར་ཡང་ཁྱེད་ཉིད་ཡིན་པས་འཕྲིན་འདི་ཁྱེད་ཀྱིས་ཉར་རོགས་ཞུ་རྒྱུ་ཡིན་ལ་དེ་བས་འདིའི་ནང་གི་དོན་དག་ཀྱང་ཁྱེད་ཀྱིས་དགོངས་བཞེས་གནང་བར་མཛོད། ངས་ནི་རྒྱབ་སྐྱོར་གང་ཡོད་ཞུ་རྒྱུ་ཡིན།”ཞེས་བཤད།
སྐབས་དེ་དུས་ཁོའི་སེམས་སུ་སྤྲོ་སྣང་ཆེ་བ་ཡིན་ནམ་འཁོན་སེམས་མང་བ་ཡིན་ཁོས་ཀྱང་གསལ་པོར་བརྗོད་མི་ཐུབ། འོན་ཀྱང་དེའི་མཇུག་འབྲས་ནི་ཁོས་བཙན་པོར་ཀྲུའུ་ཨན་ལོའོ་དང་ཆིན། ཡོན། ཏེ་འཕྲིན་ཡིག་ནང་ཐང་ལ་སློག་རྒྱུའི་རེ་བ་བཏོན་པའི་ས་ཆ་གསུམ་ཐང་ལ་ཕྱིར་སློག་པའི་གྲོས་གཞི་ཕུལ། གྲོས་གཞི་དེར་བློན་ཆེན་གཞན་དག་གི་ངོ་རྒོལ་ཚད་མེད་ཕོག “བན་དེ་ཆེན་པོ་ལགས། ཡུལ་སྲུང་བར་ཆོས་དང་ཞི་བདེ་དགོས་ངེས་ཀྱང་། དམག་དོན་དང་ས་ཁོངས་ཀྱང་དགོས་ངེས། ད་ཐེངས་ཐང་ནས་ས་ཆ་སློག་དགོས་ཟེར་བ་ཙམ་གྱིས་སློག་ན་ངེད་པུར་རྒྱལ་གྱི་ལ་རྒྱ་གང་ན་འཇོག”ཅེས་བརྗོད་མཁན་བྱུང་ལ། དེ་བས“ས་ཆ་སློག་པར་སྟབས་བདེ་ཡང་། དེ་སྔོན་ས་ཆ་དག་བཟུང་བར་རང་ཅག་གི་ཕོ་གསར་དུ་མའི་ཟུངས་ཁྲག་དང་ཚེ་སྲོལ་བོར་བ་ཁྱེད་ཀྱིས་མཁྱེན་ནམ། སེར་མོ་བའི་སྙིང་རྗེ་འདི་དམག་ས་དང་སྲིད་དོན་ཐོག་ཕན་པ་མེད་པར་གནོད་ཁོ་ནའོ། །” ཞེས་པའི་ལབ་གླེང་ཡང་བྱུང་། འོན་ཀྱང་ཁོས་སྔར་བཞིན་རང་གི་བསམ་ཚུལ་རྒྱུན་འཁྱོངས་བྱས་པ་དང་ཉེ་བའི་དུས་སུ་ཐང་རྒྱལ་རབས་རྒྱལ་ནང་ཁུལ་གྱི་ཟིང་འཁྲུག་འཇགས་ཙམ་ཡིན་པས་མཐའ་འཁོར་གྱི་རྒྱལ་ཁབ་དང་འགལ་ཟླ་བྱུང་འདོད་མེད་པའི་དུས་སྐབས་ཡིན། དེ་ལས་གོ་སྐབས་འདི་དང་བསྟུན་ནས་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཐབས་བྱས་ན་རབ་ཡིན་ལུགས་ཞུས་པ་དང་། མྱང་ཏིང་འཛིན་བཟང་པོས་ཀྱང་དེ་ལྟར་ཞུས་པས་མཐར་ཡུལ་གསུམ་པོ་ཐང་ལ་སློག་རྒྱུ་བྱས། དེ་ཡང་བྱེ་ཐང་ཉིད་ཞི་བདེའི་སྔོ་ལྗང་ལྗོངས་སུ་འགྱུར་བའི་ཕྱིར་ཡིན་པས་ད་ལྟ་མགོ་བོ་འདིས་དོན་དེ་དག་བསམ་དུས་སླར་ཡང་སེམས་གཏིང་ནས་སྤོབས་པ་སྐྱེས།
6
“བཙན་པོའི་སྙུང་གཞི་ཇེ་ལོད་དུ་སོང་འདུག་པས་བློན་ཆེན་ཚོས་བཙན་པོར་ཐུགས་སུན་ཡང་ཡང་ཞུ་མི་རུང་།” བཙུན་མོས་ལན་འདི་འཁྱེར་ཡོང་དུས་མྱང་ཏིང་འཛིན་བཟང་པོ་བཙན་པོའི་ཕོ་བྲང་ལས་ཕྱིར་ཐོན་ཡོང་ཞིང་བཞིན་རས་ཐོག་སྤྱན་ཆབ་བཞུར་བའི་ཤུལ་ཡོད་ལ་སྐྱོ་སྣང་གིས་ཁེངས།
“བན་དེ་ཆེན་པོ་ལགས། བཙན་པོའི་སྙུང་གཞི་ཡང་སྙིང་གང་འདྲ་འདུག” བློན་པོ་གཞན་དག་གིས་དངངས་ཚབ་ཆེ་མདོག་གིས་འདྲི་དུས་ཁོའི་རྣ་ལམ་དུ་ཐོས་པ་ནི། བཙན་པོས་རྒྱལ་རྒྱུད་འཛིན་མཁན་བསྐོས་སོང་ངམ་ཞེས་པ་འདི་ཡིན། མྱང་ཏིང་འཛིན་བཟང་པོས་ཐད་ཀར་བློན་པོ་དག་ལ་ “བཙན་པོ་སྐུ་ངལ་གསོ་དགོས་འདུག ། ངེད་ཚོ་སྔོན་ལ་རང་སར་ལོག་ན་དགའ།”ཞེས་བཤད་རྗེས་ཁོ་དང་ལྷ་དོན་དམ་གྱི་ཕྱོགས་སུ་ཡོང་།
“བཙན་པོའི་སྐུ་ཁམས་ལྷག་ཏུ་མི་བཟང་། ད་ཐེངས་ཁོང་གིས་བཙན་པོའི་ཁྲི་ལྷ་སྲས་གཙང་མར་གནང་བློ་ཡོད་ཚུལ་གསུངས། འོན་ཀྱང་ཞང་བློན་དག་གིས་ངོ་རྒོལ་བྱ་ངེས་ཡིན་པས་བཙན་པོ་ཐུགས་བློ་མི་བདེ་བར་དངོས་སུ་བཀའ་མི་ཕབ། བཙན་པོས་ངེད་གསུམ་གྱིས་གྲོས་ལེགས་པར་བསྡུར་ནས་ཞང་བློན་དག་གི་ངོ་རྒོལ་ཟློག་ཐབས་ཤིག་འཚོལ་གསུངས།” མྱང་ཏིང་འཛིན་བཟང་པོས་ཤག་ཏུ་སླེབས་མ་ཐག་འདི་ལྟར་བཤད། ཁོས་སྐད་ཆ་དེ་དག་ཐོས་པ་ཙམ་གྱིས་དགའ་སྤྲོ་དཔག་མེད་སྐྱེས་རུང་མྱང་ཏིང་ངེ་འཛིན་ནི་བཙན་པོའི་སྐུ་གཟུགས་ལ་སེམས་ཁྲལ་གྱིས་སྐྱོ་སྣང་དང་དངངས་འཚབ་ཁོ་ན་ལས་མ་མཆིས་པས་ཁོའི་དགའ་སྣང་གདོང་གི་ངོས་སུ་གཏན་ནས་མི་མངོན་པར་བྱས།
“བཙན་པོས་ལྷ་སྲས་གཙང་མ་རྒྱལ་སྲིད་ཀྱི་ཁྲི་ལ་བསྐོ་ངེས། དེ་ནི་བློན་འབངས་ཀུན་གྱིས་མ་གྲོས་གཅིག་མཐུན་དུ་ངོས་འཛིན་ཡོད་པས་ངོ་རྒོལ་བྱས་ཨེ་ཡོང་།” ལྷ་དོན་དམ་གྱིས་འདི་ལྟར་བཤད། འོན་ཀྱང་མྱང་ཏིང་འཛིན་བཟང་པོས་མགོ་བོ་ཕྲེད་དུ་གཡུགས་ནས་“གལ་ཏེ་ལྷ་སྲས་སྐུ་ན་ཕྲ་པོ་འདི་ལྟ་མིན་ཕྱིན་དོན་འདི་ནི་ཀུན་གྱི་ངོས་འཛིན་ལྟར་ལག་ལེན་བསྟར་ཆོག འོན་ཀྱང་ད་ལྟ་བཙན་པོས་དགོངས་བཞེད་གནང་དུས་དོན་དེ་ལ་བར་ཆད་ངེས་ཅན་ཞིག་འཕྲད་སྲིད་ངེས་ཡིན། སྲས་དར་མ་ནི་འཐབ་འཁྲུག་ལ་དགའ་བས་ཞང་བློན་རྣམས་ཀྱིས་བསྐུར་སའི་ཡུལ་དུ་འགྱུར་ངེས། གལ་ཏེ་ད་ཐེངས་ཐབས་ལེགས་པོ་ཞིག་མ་བཙལ་བར་ལྷ་སྲས་གཙང་མ་ཐད་ཀར་ཁྲི་ཐོག་ཏུ་བསྐྱལ་ན་བཙན་པོ་དགོངས་པ་རྫོགས་རྗེས་ལྷ་སྲས་ནི་སྙིང་རྗེ་ཆེ་ལ་ཐུགས་སེམས་ཆུང་བས་ཞང་བློན་དག་གནོན་ཐུབ་བམ།” བན་དེ་ཆེན་པོ་གཉིས་གྲོས་སྡུར་བྱ་དུས་ཁོ་ནི་ད་དུང་ལྷ་སྲས་གཙང་མ་བཙན་པོའི་ཁྲིར་འཁོད་ན་ཞི་བའི་ཐབས་ཇུས་མུ་མཐུད་མཐའ་འཁྱོལ་གནང་ངེས་ལ་པུར་རྒྱལ་དུ་བསྟན་པ་དེ་བས་རྒྱས་ནས་འཕྲིན་ལས་མཐོ་རླབས་ཤིག་འཕྱུར་རྒྱུའི་རེ་བ་བཅངས་ཡོད།
“བན་དེ་ཆེན་པོ་ལགས། ཁྱེད་ཀྱིས་ཐབས་ཤིག་གསུངས་དང་།” ལྷ་དོན་དམ་གྱི་དྲི་བ་དང་མྱང་ཏིང་ངེ་འཛིན་གྱི་ཐེ་ཚོམ་ཐོས་དུས་ཁོས་ཅི་ཡང་མ་བཤད། གལ་ཏེ་ལྷ་སྲས་ཁྲིར་བསྐོས་ན་མྱང་ཏིང་འཛིན་བཟང་པོས་བརྗོད་པ་བཞིན་བཙན་པོའི་དབང་གིས་བློན་པོའི་དབང་གནོན་མི་ཐུབ་པའི་ཉེན་ཁ་ཡང་ཡོང་སྲིད། དེ་ལྟར་བསམ་དུས་ཁོའི་མིག་མདུན་དུ་སླར་ཡང་བེམ་རོས་ཁེངས་པའི་བྱེ་ཐང་དེ་མཐོང་།
ཞི་བདེའི་ཆེད་དུ། ཁོས་རང་གི་བསམ་ཚུལ་མ་བརྗོད་གོང་སེམས་གསོའི་ཚུལ་དུ་རང་གིས་རང་ལ་འདི་ལྟར་བཤད། ད་ནི་རྒྱུག་ཆུའི་ནང་དུས་ཚོད་ཇི་ཙམ་སོང་བ་ཡིན་ནམ། མཁའ་དབྱིངས་སུ་ད་གིན་གྱི་སྨག་རུམ་ཁོ་ན་མིན་པར་རྒྱུ་སྐར་མི་ཉུང་བ་ཞིག་མཐོང་རྒྱུ་མཆིས། ཁོས་སླར་ཡང་རང་གིས་རང་ལ་སེམས་གསོའི་ཚུལ་དུ་ཞི་བདེའི་ཆེད་དུ་ཞེས་བརྗོད། ཞི་བདེའི་ཆེད་དུ་ཁོས་རང་ཉིད་ཀྱི་བུ་ཕྲུག་ལྟར་བརྩི་བའི་ལྷ་སྲས་གཙང་མའི་ལམ་དཀར་རྦད་དེ་བཀག དེ་དག་བསམ་དུས་ལུས་པོ་དང་བྲལ་བའི་མགོ་བོའི་མིག་ཟུང་ལས་ཁྲག་གི་མིག་ཆུ་ཤོར་བ་དང་མིག་ཆུ་རྒྱུག་ཆུར་སིམ།
ཉིན་དེའི་མཚན་མོར་ཁོས་རལ་པ་ཅན་གྱི་ཤག་ཏུ་ཕྱིན་ནས་བན་དེ་ཆེན་པོ་གསུམ་གྱིས་རལ་པ་ཅན་རྒྱལ་རྒྱུད་འཛིན་མཁན་དུ་བསྐོ་རྒྱུའི་བསམ་ཚུལ་ཡོད་ལུགས་བརྗོད། ཁོས་རལ་པ་ཅན་ལ་བཙན་པོའི་ཁྲིར་འཁོད་ཚེ་ཡབ་དང་འདྲ་བར་བསྟན་པའི་དོན་གཉེར་གནང་བ་དང་ཕྱི་ཕྱོགས་ལ་ཞི་བདེ་འཆམ་མཐུན་གྱི་འབྲེལ་བ་སྐྱོང་རྒྱུའི་རེ་བ་ཞུས། མཐར་རལ་པ་ཅན་གྱི་ཁྱིམ་ལས་གྱེས་ཁར་ཁོས་རལ་པ་ཅན་ལ་བློན་ཆེན་ཞིག་གྱི་ངོས་ནས་བརྗོད་ན་སླད་ཕྱིན་གྱི་བཙན་པོར་ནམ་ཡང་བློ་དཀར་འགྱུར་མེད་བྱ་རྒྱུ་ལགས་ན་སླད་ཕྱིན་རྒྱལ་བློན་དབར་ཕན་ཚུན་དོགས་པ་མ་གནང་བ་དང་ཕྲ་མར་མི་གསན་པའི་རེ་བ་ཞུས།
“ལགས་སོ། བན་དེ་ཆེན་པོ་མཆོག ཁྱེད་ནི་ངའི་སློབ་དཔོན་དང་གཉིས་སུ་མ་མཆིས་པས་ཁྱེད་ལ་དུས་ནམ་ཡང་ཡིད་ཆེས་དང་གུས་བཀུར་ཞུ་ངེས་ཡིན། བན་དེ་ཆེན་པོ་བྲན་ཀ་དཔལ་ཡོན་ལགས།” རལ་པ་ཅན་གྱིས་འདི་སྐད་བརྗོད་པའི་ཚེ་ནའང་ཁོའི་ཡིད་ངོར་སླར་ཡང་ལྷ་སྲས་གཙང་མ་དྲན། འདི་ནི་ལྷ་སྲས་ལ་བློ་ལོག་པ་དང་ཁྱད་པར་ཅི།
ལྷ་སྲས་རབ་འབྱུང་བསྒྲུབ་རྒྱུའི་བཀའ་ལན་མྱང་ཏིང་འཛིན་བཟང་པོས་སྐྱེལ་བར་སོང་། ཁོས་ལྷ་སྲས་ཀྱི་ཞལ་མཇལ་མི་ཕོད། མྱང་ཏིང་ངེ་འཛིན་ཕྱིན་ནས་ཡུན་རིང་མ་སོང་བར། ལྷ་སྲས་དབུགས་ཧལ་བཞིན་ཁོའི་མདུན་དུ་ལྷགས་ཏེ་འགྲེང་བཞུགས། ལྷ་སྲས་ཀྱིས་དྲི་བ་གང་ཞིག་འདོན་འདོད་པ་ཁོས་གསལ་པོར་ཤེས་པས་ལྷ་སྲས་ཀྱིས་གང་ཡང་མ་གསུངས་གོང་ཁོས་དེ་དག་ཐམས་ཅད་ཞི་བདེའི་ཆེད་དུ་ཡིན་པ་དང་། དབང་ཆའི་གནད་དོན་ལ་དེ་འདྲའི་ཨུ་ཚུགས་དང་ཞེན་ཆགས་བྱ་དགོས་དོན་མེད་ཅེས་བརྗོད་པས། ལྷ་སྲས་ཀྱིས་སླར་ཡང་དྭངས་གཙང་གི་སྤྱན་ཟུང་གིས་ཁོ་ལ་བལྟས་ནས“བན་དེ་ཆེན་པོ་ལགས། ངས་རྒྱལ་རྒྱུད་འཛིན་མ་འཛིན་ལ་མི་སྟོ། རབ་ཏུ་བྱུང་ན་ངའི་ལྷ་ལྕམ་དང་སྲས་སྲོས་ཅུང་བློས་མི་བཟོད། འོན་ཀྱང་གལ་ཏེ་དངོས་འབྲེལ་རབ་བྱུང་བསྒྲུབ་པའི་དགོས་པ་ཡོད་ན་ང་ལའང་འགྱོད་པ་མེད། འདི་ལྟར་བྱེད་དོན་ཁྱེད་ཀྱིས་གསུངས་པ་བཞིན་ཞི་བདེའི་ཕྱིར་ཡིན་ནམ། བྱེ་ཐང་སྔོ་ལྗང་གླིང་ལ་འགྱུར་ཐུབ་བམ།”ཞེས་དྲིས། ཁོས་མགོ་བོ་ཅོག་ཙམ་བྱས། འདི་དོན་དངོས་མ་ཡིན་ནམ།
ལུས་མེད་མགོ་བོ་སྔར་བཞིན་རྒྱུག་ཆུ་དང་འགྲོགས་ཏེ་རྒྱང་རིང་ཕྱོགས་སུ་སྐྱོད་བཞིན་ཡོད། ལྷ་སྲས་ནི་ཐུགས་སེམས་བཟང་ལ་གཉོམ་ཆུང་བས་ཐག་རིང་གི་ཡུལ་དུ་སྤྱུགས་རྗེས་གྲང་ངར་དང་བརླན་གཤེར་ཇི་ལྟར་བཟོད་ཐུབ་བམ།
“ལྷ་སྲས་ཀྱི་ལྷག་བསམ་ལ་བརྟེན་ནས་ཞི་བདེའི་དོན་དུ་ཞེས་པའི་དམིགས་ཡུལ་ལ་ཁ་གཡར་ཏེ་རང་ཉིད་ཀྱི་ཁེ་ཕན་སྒྲུབ་པའི་བན་དེ་རྫུན་མ་ཁྱོད་རེད་ཨང་། བྲན་ཀ་དཔལ་ཡོན།”སྐད་ཆ་འདི་དབས་སྟག་རྣ་ཅན་གྱིས་མི་ཚོགས་ཀྱི་དབུས་སུ་བཤད་པ་ཞིག་ཡིན། ཁོའི་མིག་ཆུ་སྔར་བཞིན་བཞུར་བཞིན་ཡོད་པར་ཆུ་ནང་ཉ་མོས་ཀྱང་སྐྱོ་སྣང་ཚད་མེད་ཚོར་ནས་མགོ་བོ་འདི་ལོངས་སུ་སྤྱོད་པར་མི་བཟོད།
7
“ད་ང་ནི་འགྲོ་རྒྱུ་ཡིན། ལོ་ན་རྒས་ལ་ཐབས་ཇུས་ཀྱིས་དབུལ་བས་ཁྱེད་ཀྱི་རོགས་སུ་འགྱུར་དཀའ་ལ་དེ་བས་བཙན་པོས་མཉེས་པོ་དེ་ཙམ་མ་གནང་བས། ཁྱེད་ཀྱི་ལམ་འགོག་འདོད་མེད ”མྱང་ཏིང་འཛིན་བཟང་པོས་སྔར་བཞིན་དལ་ལ་ལྷོད་པའི་སྐད་གདངས་ཀྱིས་ཁོ་ལ་རང་ཉིད་ཆོས་བློན་གྱི་གོ་གནས་བསྐྱུར་འདོད་པའི་བསམ་ཚུལ་དེ་བཤད། བན་དེ་ཆེན་པོར་གཏོགས་ནས་ལོ་ཉི་ཤུ་ལ་ཉེ་བ་སོང་ཟིན་དུས་ཁོ་ནི་བཙན་པོའི་དོན་དངོས་ཀྱི་བློན་ཆེན་དབུ་བཞུགས་སུ་གྱུར། འོན་ཀྱང་གལ་ཏེ་མྱང་ཏིང་འཛིན་བཟང་པོས་དངོས་སུ་སྲིད་ཀྱི་ལས་དོན་ལ་ཐེ་ཇུས་མ་བྱས་ཚེ་ཆོས་བློན་གྱི་སྟོབས་ཤུགས་སྔར་བས་ཞན་དུ་འགྲོ་ངེས་པ་ཁོས་གསལ་པོར་ཤེས། མྱང་ཏིང་འཛིན་བཟང་པོ། མིང་དོན་མཚུངས་པའི་ཆོས་པ་ཞིག་རེད་ཨང་། ཁོས་འདི་ལྟར་སྙམ་པ་དང་ཆུང་དུས་ཨ་ཁུའི་སློབ་འཁྲིད་ཀྱང་ཡིད་ངོར་དྲན། སྲོང་བཙན་སྒམ་པོའི་སྐབས་སུ་བཙན་པོས་བཀའ་ཕབ་ནས་དགོངས་པ་རྫོགས་མི་དེ་སུ་རེད་དམ། མྱང་མང་པོ་རྗེ་ཞང་སྣང་། མྱང་ཏིང་ངེ་འཛིན་དང་རུས་རྒྱུད་གཅིག་པའི་བློན་ཆེན་དེ་ཆབ་སྲིད་ཀྱི་འཐབ་རྩོད་ལས་ཕམ་ནས་དགོངས་པ་རྫོགས་མཁན་གྱི་བློན་ཆེན་བློ་དཀར་ཞིག་མིན་ནམ། དེས་ན་ཁོས་མྱང་ཏིང་འཛིན་བཟང་པོ་ལ་ཇི་ལྟར་ན་ཡང་རྒྱལ་སྲིད་ཀྱི་རྙོག་འཛིང་ནང་ཐིམ་ཟིན་པས་རང་ནུས་གང་ཡོད་ཀྱིས་ལས་དོན་སྒྲུབ་དགོས་པ་ལས་ཕྱིར་བཤོལ་བྱ་མི་རུང་བ་དང་། གལ་ཏེ་ད་ལྟ་སོང་ནའང་སླད་ཕྱིན་ཆོས་བློན་གྱི་དབང་ཆ་ཤོར་མཚམས་རང་ཉིད་ཀྱི་མེས་པོའི་མཇུག་འབྲས་དང་གཅིག་མཚུངས་ཡོང་རྒྱུ་ཡིན་ཚུལ་བརྗོད།
མྱང་ཏིང་འཛིན་བཟང་པོས“གལ་ཏེ་མཇུག་འབྲས་དེ་རང་ཡིན་ན་ལས་ལ་བསྐོས་པ་ལགས་ན་གཡོལ་ཐབས་བྲལ། འོན་ཀྱང་སྐབས་འགར་ངེད་ཚོའི་བྱ་བ་ལས་སྟངས་དེ་དོན་དངོས་དང་མཐུན་མིན་ཐེ་ཚོམ་མི་ཉུང་བ་ཞིག་འཆར། ཆོས་པ་ཞིག་ཡིན་ཕྱིན་དམག་དོན་དང་རྒྱལ་སྲིད་ལ་ཐེ་ཇུས་བྱས་ན་འགྲིག་གམ། ཐེ་ཇུས་བྱ་བའི་ཚད་བཀག་ཡོད་དམ། བཙན་པོ་སྐུ་གོང་མ་བཞུགས་དུས་ངེད་ཚོར་ལྷ་སྲས་གཙང་མ་སྐྱོང་དགོས་ཞེས་གསུངས་པ་མིན་ནམ། ལྷག་ཏུ་ཁྱེད་རང་ལ་ཐུགས་རེ་ཆེན་པོ་གནང་སོང་། ངེད་ཚོས་ཞི་བདེའི་ཆེད་དུ། བསྟན་པའི་ཆེད་དུ་ཞེས་ལྷ་སྲས་དབང་ཤེད་ཀྱིས་རབ་བྱུང་བསྒྲུབ་ཏུ་བཅུག་པ་ཆོས་པས་བྱ་དགོས་པའི་ལས་ཤིག་ཡིན་ནམ་མིན།”
དེ་ནས་མུ་མཐུད་ཅི་གསུངས་པ་ཡིན་ནམ། ཁོས་གསལ་པོ་ཞིག་མ་དྲན། མགོ་བོ་འདི་རྒྱུག་ཆུའི་ནང་ལྷུང་ནས་དུས་ཡུན་རིང་པོ་ཞིག་སོང་ཟིན་པ་འདྲ་སྟེ། ཐོ་རེངས་ཀྱང་ཟིན་འདུག མྱང་ཏིང་འཛིན་བཟང་པོས་བརྗོད་པའི་དོན་དེ་དག་ཁོས་ཀྱང་བསམ་མྱོང་། འོན་ཀྱང་ག་དུས་ཆོས་པ་ཞིག་གི་ཐོབ་ཐང་དང་བྱ་སྤྱོད་ལ་དོགས་པ་སྐྱེས་ཚེ་བྱེ་ཐང་དེ་ཁོའི་མིག་ལ་འཁོར། ཁྲི་རལ་པ་ཅན་བཙན་པོའི་ཁྲི་ལ་འཁོད་པ་ནས་བཟུང་ལྷ་སྲས་ཀྱི་སྤྱན་ཟུང་དེ་ཡང་བྱེ་ཐང་དང་ལྷན་དུ་ཁོའི་མདུན་སྐྱོད་ཀྱི་སེམས་ཤུགས་སུ་གྱུར། གལ་ཏེ་ད་ལྟ་ཕྱིར་བཤིག་ན་བྱེ་ཐང་སྔོ་ལྗང་གླིང་དུ་འགྱུར་མི་སྲིད་ལ་ལྷ་སྲས་ཀྱི་བློས་གཏོང་ཡང་ཆུད་འཛའ་བར་ངེས། མྱང་ཏིང་འཛིན་བཟང་པོའི་སྐད་ཆའི་ལན་ལ་ཁོས་འདི་ལྟར་བཤད། བསམ་བློ་ཡག་པོ་ཞིག་ཐོངས་དང་། ཁོས་རང་གིས་རང་ལ་རེ་བ་བཏོན། མྱང་ཏིང་ངེ་འཛིན་གྱེས་ཁར་སྐད་ཆ་ཞིག་བཤད་ཡོད་པ་དེ་ངེས་པར་བློར་བཟུང་དགོས་པ་ཞིག་ཡིན།
ཁོའི་མགོ་བོ་རྒྱུག་ཆུའི་དཀྱིལ་གྱི་རྡོ་རྩེ་རྣོན་པོ་ཞིག་ལ་བརྡུངས་ནས་ངོ་གདོང་ཆུའི་ནང་དུ་ནུབ།
མེ་ལོང་རེད། མྱང་ཏིང་ངེ་འཛིན་གྱིས་མེ་ལོང་སྐོར་བརྗོད་མྱོང་།
“ཁྱེད་ཀྱིས་གསུངས་པ་ལྟར་ངས་ཀྱང་བསམ་མྱོང་། འོན་ཀྱང་པུར་རྒྱལ་ཡུལ་དུ་བསྟན་པ་སྤེལ་བའི་བྱ་བ་རྩེར་སོན་ཟིན་པས་ལ་རྩེར་སླེབས་རྗེས་མུ་མཐུད་སོང་ན་མདུན་ཕྱོགས་སུ་ཐུར་ལས་མེད། ད་ནི་ངེད་གཉིས་ཁ་ཕྱོགས་ལྡོག་ནས་འགྲོ་བའི་དུས་སྐབས་ལ་སླེབས་ཟིན། དོན་དངོས་ཐོག་ངེད་གཉིས་འདྲ་མཚུངས་སུ་སྣང་ཞིང་། མེ་ལོང་གི་ཕྱི་ནང་དང་འདྲ་བར་ཁྱེད་རང་མཐོང་དུས་ང་རང་ཡང་མཐོང་། ངེད་གཉིས་ཀྱི་མཇུག་འབྲས་ཀྱང་གཅིག་མཚུངས་ཡིན་ངེས། ཁྱེད་ཀྱང་ཉིན་ཞིག་བྲལ་དགོས་པར་ངེས་པས་ངས་སྔོན་ཙམ་ལ་སོང་ཆོག དེ་དུས་ཁྱེད་ཀྱིས་ང་ད་ལྟ་སོང་བ་དང་ཁྱེད་དེ་དུས་བྲལ་བའི་ཁྱད་པར་གང་ཡིན་གསུངས་རོགས། བྲན་ཀ་དཔལ་ཡོན། ”
8
གནས་འདི་ནས་ཤར་ཕྱོགས་སུ་ཉིན་མཚན་གཅིག་སོང་ན་ཞྭ་ལྷ་ཁང་དུ་སླེབས་སྲིད། མྱང་ཏིང་འཛིན་བཟང་པོ་ལྷ་ཁང་དུ་བཞུགས་ཡོད་ངེས། འོན་ཀྱང་ཁོས་གོམ་འགྲོས་ནུབ་ཕྱོགས་སུ་བསྒྱུར། ད་ལྟ་ལྷ་ཁང་དུ་སོང་ཚེ་མྱང་ཏིང་ངེ་འཛིན་གྱིས་ཁོ་ལ་རོགས་རམ་བྱ་ངེས་ཡིན་རུང་། རྗེས་འདེད་མཁན་གྱི་ལག་ཏུ་སྔོན་ལ་ཚུད་དམ་ཞྭ་ལྷ་ཁང་དུ་སྔོན་ལ་སླེབས། གལ་ཏེ་སླེབས་པའི་དབང་དུ་བཏང་ནའང་མྱང་ཏིང་ངེ་འཛིན་ཡང་ཉེན་ཁའི་གནས་སུ་གྱར་སྲིད་པས། ཁོས་ཁ་ནུབ་ངོས་ཀྱི་ར་སའི་ཕྱོགས་སུ་སྒྱུར། བཙན་པོས་དེ་སྔོན་བཙན་པོ་དང་བློན་པོའི་བར་ལ་དོགས་པ་མི་མཛད་པའི་ཞལ་བཞེས་གནང་ཟིན་པ་མིན་ནམ། ད་ཐེངས་གཞན་གྱིས་གྲོས་ངན་བཤམས་ནས་མ་ཉེས་ཁག་གཡོགས་བྱས་པར་བཙན་པོས་དེ་འཕྲལ་ཡིད་ཆེས་ནས་ཁྲིམས་ལ་སྦྱོར་ཞེས་བཀའ་ཕབ་དུས། བཙན་པོས་ཁོ་བཙུན་མོ་དང་ལྐོག་ཇུས་བཤམས་པ་བྱ་བའི་སྐད་ཆར་ཐུགས་ཡིད་ཆེས་སམ། དེ་ནི་ཁོང་ཐུགས་ཡིད་ཆེས་འདོད་པ་ཙམ་ཡིན། ཁོས་ལམ་རྒྱགས་ཉུང་ཉུང་དེ་ནས་སྤག་རྡོག་གཅིག་ཁ་ནང་བཅུག་པ་དང་རྒྱུག་ཆུའི་ཁར་སོང་སྟེ་ཆུ་སྦར་གང་བཅུས་ནས་བཏུང་། ཆུ་ཕྲན་དེ་ལས་རང་གི་ངོ་རིས་མཐོང་མི་ཐུབ་ཀྱང་ཁོས་ད་ལྟ་རང་ཉིད་ནི་མགོ་སྐྲ་རིང་ལ་ཁ་སྤུ་མང་བའི་མི་ནག་ཅིག་དང་ཁྱད་པར་མེད་སྙམ། མྱང་ཏིང་ངེ་འཛིན་གྱིས་རང་ཉིད་དང་ཁོང་ནི་མེ་ལོང་གི་ཕྱི་ནང་ལྟར་ཁྱད་པར་མེད་ཅེས་གསུངས་པར། ད་ཐེངས་དངོས་སུ་བྲལ་དུས་དེ་དུས་བྲལ་བ་དང་བསྡུར་ན་ཐབས་ཟད་འུ་ཐུག་གི་གནས་ལ་གྱར་བ་ཞིག་ལགས་པས་ཁོས་གལ་ཏེ་ད་དུང་མྱང་ཏིང་འཛིན་བཟང་པོ་མཇལ་སྐལ་ཐོབ་ན་ཁྱད་པར་འདི་འདུག་ཨང་ཞེས་བརྗོད་འདོད་ཆེན་པོ་སྐྱེས།
གལ་ཏེ་བྲག་ཕུག་ཁར་མ་བུ་དེ་གཉིས་སླེབས་མེད་ཚེ། ཁོ་ལ་གཏན་གཏན་མྱང་ཏིང་ངེ་འཛིན་སླར་ཡང་མཇལ་བའི་གོ་སྐབས་ཡོད་ངེས། བཙན་པོས་འཛིན་བཟུང་གི་བཀའ་ཕབ་པས་ཁོས་མགྱོགས་མྱུར་ཕ་ཡུལ་གྱི་ཕྱོགས་སུ་བྲོས་ནས་ལྕགས་ཀྱི་སྲོག་རྩ་སྒྲུབ་པར་བསྐྱོད། སྒྲུབ་ཕུག་ནང་བློ་རྩེ་གཅིག་སྒྲིམ་གྱིས་སྲོག་རྩ་སྒྲུབ་ནས་ཟླ་བ་ལྔ་ཙམ་སོང་བའི་ཉིན་ཞིག་ལ་ཁོའི་སྙིང་ཁར་ན་ཟུག་དྲག་པོ་ཞིག་བཏང་བ་དང་ལྷ་སྲས་ཀྱི་དྭངས་གཙང་སྤྱན་ཟུང་ཡིད་ངོར་སླར་ཡང་ཤར། འོན་ཀྱང་ད་ཐེངས་སྤྱན་ཟུང་གཉིས་ན་བློ་ཕམ་དང་སྐྱོ་སྣང་དུ་མ་མཆིས་པས་ཁོས་སྒོམ་པའི་ཡི་དམ་གྱི་གཟུགས་བརྙན་དེ་ཡང་ག་ལེར་ཡལ་སོང་། ཁོས་མུན་ཁུང་གི་ཁྲོད་དུ་མིག་གཉིས་གདངས་བས་མདུན་ཕྱོགས་སུ་དུ་བ་དང་འདྲ་བའི་དངོས་པོ་དཀར་པོ་ཕྱི་གསལ་ནང་གསལ་ཞིག་འཁྱིལ་ནས་ཡོད།
“བན་དེ་ཆེན་པོ་ལགས། ཁོ་ཚོས་ང་བསད་སོང་། ཁྱེད་ཀྱང་ཡིད་གཟབ་གནང་དང་། གལ་ཏེ་བྱིས་པ་ཆུང་ཆུང་དང་འཕྲད་ཚེ་ངེས་པར་གཡོལ་ནས་ཕེབས་རོགས།”དངོས་པོ་དེའི་ཕྱོགས་ནས་སྐད་གསལ་ལ་མི་གསལ་བ་ཞིག་གྲག་པ་ཁོའི་ལུས་གཏིང་ན་སིམ། དེ་ནི་ལྷ་སྲས་གཙང་མའི་སྐད་གདངས་རེད། ཁོས་ཆུང་དུས་ནས་གཅེས་འཛིན་དང་བྱམས་སྐྱོང་བྱ་ཡུལ་ལྷ་སྲས་གཙང་མའི་སྐད་གདངས་རེད།
ཉིན་དེ་ནས་བཟུང་ཁོས་སྲོག་རྩ་སྒྲུབ་པའི་ཡི་དམ་དེ་རབ་རིབ་ཅིག་ལས་སྒོམ་མི་ཐུབ་པས་སྤྱི་གཙུག་གི་སྲོག་རྩ་ཡོངས་སུ་མ་གྲུབ་པར་ཡུན་རིང་ལུས། ཡང་ཟླ་གཅིག་ཙམ་སོང་བའི་ཉིན་ཞིག་སྒྲུབ་ཕུག་ཕྱི་རོལ་ནས“ནང་དུ་མི་ཡོད་དམ། ང་རང་ལ་དུ་དྲི་བྲོ་བྱུང་བས་ཕལ་ཆེར་ཡོད་ངེས། བདག་མ་བུ་གཉིས་ལ་ཟས་སྐོམ་གང་ཡིན་ཞིག་གནང་རོགས།” ཞེས་པའི་བུད་མེད་ཀྱི་སྐད་སྒྲ་ཐོས། སྐད་གདངས་དེ་ནི་བཙུན་མོ་དཔལ་གྱི་ངང་ཚུལ་མའི་སྐད་གདངས་དང་ཧ་ཅང་འདྲ་བས་ཁོས་མིག་གཉིས་སྒྲུབ་ཕུག་གི་སེར་ཁ་ལས་ཕྱི་ལ་བལྟ་ཙམ་བྱས། ཕལ་ཆེར་འབངས་ཀྱི་བུད་མེད་སློང་མོ་བ་ཞིག་ཡིན་ཟོ་འདུག ཁོས་རང་ཉིད་ར་ས་ནས་མ་བྲོས་པའི་གོང་ལ་བཙུན་མོ་རང་ལྕེབས་ཟིན་ལུགས་ཀྱི་གཏམ་ཐོས་པས་སྐྱོ་བ་ཚད་མེད་སྐྱེས་མྱོང་ཡང་། ད་ལྟ་སྒྲུབ་ཕུག་ཕྱི་རུ་ཡོད་པའི་བུད་མེད་དེས་རེ་བ་ཞུས་ནའང་རང་ཉིད་འདིར་ཡིབ་ནས་བསྡད་ཡོད་པས་མི་ཡོད་ཁུལ་གཏན་ནས་བྱ་མི་རུང་སྙམ་སྟེ་ལན་མ་སློག འོན་ཀྱང་ཕྱི་རོལ་ནས་ཁྱེའུ་ཆུང་ཆུང་ཞིག་གི་སྐད་སྒྲ་ཡང་གྲགས་ཡོང་སྟེ“ཨ་མ། མི་མེད་ན་ང་གཉིས་ས་འདི་ནས་བྲལ་ཏེ་སོང་ན་གང་འདྲ་འདུག ངའི་མིག་གིས་མ་མཐོང་ཡང་གཡས་ཕྱོགས་སུ་ད་དུང་དུ་དྲི་འདུག་པས་ཕལ་ཆེར་མི་ཚང་ཡོད་ངེས། ང་གཉིས་མགྱོགས་པོ་མ་སོང་ན་ང་ལྟོགས་ནས་འགྱེལ་ལ་ཉེ།”ཞེས་བཤད། ཁོས་སླར་ཡང་སེར་ཁ་ནས་ཕྱིར་བལྟས་པས་བུད་མེད་དེའི་གམ་དུ་མིག་དམ་པོ་བཙུམས་པའི་ཁྱེའུ་ཆུང་ཆུང་ཞིག་ཀྱང་ཡོད་པ་མཐོང་།
“སློབ་དཔོན་ལགས། སྔོན་གྱི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཕན་པ་ཅི་ཡོད།” ལྷ་སྲས་ཀྱིས་དཔེ་ཆ་མཐུག་པོ་དེའི་ཁྲོད་ནས་མགོ་བོ་ཆུང་ཆུང་དེ་བཏེགས་ཏེ་ཁོ་ལ་དྲིས།
“རྒྱུ་མཚན་གཉིས་ཡོད། གཅིག་ནི་ངེད་ཚོས་མེས་པོའི་ལོ་རྒྱུས་བལྟས་ནས་རང་གི་ཁུངས་གསལ་པོ་ཞིག་ཤེས་དགོས། གཉིས་ནི་དེ་སྔའི་སྐྱེ་བོའི་འགྲོ་འདུག་ལ་བལྟས་ནས་ནོར་འཁྲུལ་དང་ལོག་ལམ་གང་ཡིན་ཤེས་རྟོགས་དང་ངེད་ཚོས་དོགས་ཟོན་བྱས་ནས་ནོར་འཁྲུལ་བསྐྱར་ཟློས་མ་ཡོང་བ་བྱ་རྒྱུ་དེ་ཡིན། མཁྱེན་སོང་ངམ་ལྷ་སྲས་ལགས།” ཁོས་ལྷ་སྲས་ཀྱི་མགོ་བོར་བརྩེ་སེམས་ཆེན་པོས་བྱིལ་བྱིལ་གྱིས་འདི་ལྟར་ལན་བཏབ།
ཁྱིའུ་ཆུང་ཆུང་དེ་ནི་ཆུང་དུས་ཀྱི་ལྷ་སྲས་དང་ཤིན་ཏུ་འདྲ་བས་ཁོས་མ་བུ་གཉིས་ལ་རང་གི་ཟ་ལྷག་མི་ཉུང་བ་ཞིག་དང་གྱོན་གོས་ལེགས་ཤོས་ཤིག་བྱིན། མ་བུ་གཉིས་སོང་རྗེས་ཁོས་ཡི་དམ་སྒོམ་ཡང་གཉིད་ལ་ཤོར་ནས་རྨི་ལམ་དུ་སླར་ཡང་ལྷ་སྲས་གཙང་མ་རྨིས། རྨི་ལམ་ནང་གི་ལྷ་སྲས་ནི་ཕྲུ་གུའི་དུས་ཀྱི་ལྷ་སྲས་རེད་འདུག་ལ་ཁོའི་པང་ཁར་བཞུགས་ནས“བན་དེ་ཆེན་པོ་ལགས། ད་གཟིམ་མ་བཞུགས། ངས་ཁྱེད་རང་ལ་བྱིས་པར་གཡོལ་ཞིག་ཞུས་པ་ཡིན། ད་ནི་མགྱོགས་པོ་མནལ་ལས་སོད་དང་། མནལ་ལས་སོད་དང་”ཞེས་ཟེར་བས། ཁོ་གཉིད་ལས་ཧོབ་བསད་བརྒྱབ་ནས་མགྱོགས་མྱུར་བྲག་ཕུབ་ཀྱི་ཕྱི་ལ་ཐོན། བྲག་ཕུབ་ཀྱི་ཕྱི་རོལ་དུ་དགུན་དུས་ཤར་ཟིན་པས་ཁོའི་དྲན་ཤེས་ནང་གི་སྔོ་ལྗང་མདོག་གི་རི་ཀླུང་ནི་སྔ་ས་ནས་ཡལ་ཏེ་སྐྱ་ཐལ་ཐལ་དུ་གྱུར་ཟིན།
9
མགོ་བོ་ནི་སྔར་བཞིན་ར་སའི་ཕྱོགས་སུ་བཞུད་པའི་ཚེ། ཁོའི་མིག་ཟུང་གིས་གནས་ཚུལ་གང་ཡོད་ཆ་ཚང་མཐོང་། དབེན་ཞང་རྡོ་རིང་མདུན་གྱི་གླང་དར་མ་ནི་ཕོ་གསར་ཞྭ་ནག་པོ་གྱོན་པ་ཞིག་གིས་བྲང་ཁ་གཡས་ལ་ལྕགས་མདའ་འཕངས་ཏེ་དཀྲོངས་པ་མཐོང་། བཙན་པོ་རྣམས་ཀྱི་བང་སོ་ནི་འབངས་གྱེན་ལོག་གི་ནོར་ལེན་སར་གྱུར་བ་མཐོང་། དེའི་རྗེས་སུ་ད་དུང་དམག་འཁྲུག་དང་མུ་གེ གྲུབ་མཐའི་རྩོད་རྙོག་སོགས་མཐོང་བས་ཁོའི་མིག་ཟུང་སྔར་བཞིན་ཆེར་གདངས་ནས་སེམས་སྡུག་དང་ང་རྒྱལ་གྱིས་ཡོངས་སུ་ནོན།
དུས་ཡུན་ཇི་ཙམ་སོང་མིན་མ་ཤེས་པའི་ཞོགས་པ་ཞིག་ལ། ཉིན་འགའ་བསྟུད་མར་འཐིབས་པའི་གནམ་རིམ་བཞིན་དྭངས་ནས་ཉི་མའི་འོད་ཀྱིས་རྒྱུག་ཆུ་ཡང་དྲོས། མགོ་བོ་དེ་ལ་ཡང་ཡུན་རིང་བྲལ་བའི་དྲོད་ཚད་དང་འཕྲད། དེ་ནས་ཁོའི་མགོ་དེ་གཙང་ཆུ་ལས་ཁ་བྲལ་སོང་། བྱིས་པ་ཆུང་ཆུང་ཞིག་གིས་ཁོའི་མགོ་བོ་ཆུ་ནང་ནས་བཏོན།
“གྲགས་པ། ཁྱོད་མི་སྐྲག་གམ། དེ་གཤིན་པོའི་མགོ་རེད།” བྱིས་པ་གཞན་དག་གིས་མགོ་བོ་ཆུ་ཁ་ནས་འདོན་མཁན་གྱི་བྱིས་པ་དེ་ལ་འདི་སྐད་སྨྲས། བྱིས་པ་དེས་“སྐྲག་རྒྱུ་སྐྲག་བྱུང་། འོན་ཀྱང་མགོ་བོ་གཅིག་པུར་རྒྱུག་ཆུའི་ནང་ལུས་ན་སྙིང་རྗེ་བ་ལ་ཨང་།”ཞེས་བཤད། ཁོའི་མགོ་བོས་ཕྲུ་གུ་དག་གིས་ཁ་གདངས་ཙམ་གདངས་ཙམ་བྱེད་པ་མཐོང་བ་ལས་སྒྲ་ནི་ཐོས་མ་ཐུབ། ཁོས་མིག་ཟུང་གཡས་གཡོན་ལ་བལྟ་བའི་ཚེ་དེ་ནི་རི་ཆུ་སྣུམ་ལ་ལོ་ཏོག་ལེགས་པའི་ལུང་པ་ཞིག་རེད། སྔོ་ལྗང་གི་གླིང་འདི་མཐོང་བ་ཙམ་གྱིས་ཁོས་ཆུང་དུས་ཨ་ཁུ་དང་མཉམ་དུ་འཚོ་བའི་དུས་སྐབས་དག་དྲན། སླར་ཡང་མིག་ཟུང་བྱིས་པའི་ཕྱོགས་སུ་ལྟ་དུས་བྱིས་པ་འདིས་ཞྭ་མོ་སེར་པོ་རྩེ་རྣོན་པོ་ཞིག་གྱོན་འདུག་ལ་དེའི་མིག་ཟུང་ནི་ལྷ་སྲས་ཀྱི་སྤྱན་ཟུང་དང་འདྲ་བར་དྭངས་ཤིང་གཙང་ལ་བྱམས་བརྩེའི་མདངས་ཀྱིས་ཕྱུག
ཉི་མའི་འོད་ཟེར་ཁྲོད། ཕྲུ་གུའི་ལག་པའི་དྲོད་ཚད་ཁྲོད། མགོ་བོ་དེས་མིག་གཉིས་དལ་གྱིས་བཙུམས་སོ། །
2023ལོའི་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་དྲུག་པ་ལས་བདམས།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།