ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ། 《མགྱོགས་ཚད》
“དལ་མོ་བྱོས། དལ་མོ་བྱོས།”ངས་བསྲན་བསྲན་མཐར་ལམ་གྱི་དཀྱོགས་མཚམས་ཤིག་ཏུ་གཞི་ནས་བསྲན་མ་ཚུགས་པར་ཁ་ལོ་བ་ལ་དྲན་སྐུལ་མི་བྱེད་ཐབས་མེད་བྱུང་།
ཁ་ལོ་བས་ཁ་ནས“ཡ་ཡ”ཟེར་ཡང་མགྱོགས་ཚད་ཇེ་དལ་དུ་མ་བཏང་བར་མ་ཟད་ལག་པ་གཉིས་ཀས་དཀྱོག་འཁོར་དང་ཁ་པར་བརྗེ་རེས། མིག་གཉིས་མདུན་ཕྱོགས་དང་ཁ་པར་ངོས་ལ་བརྗེ་རེས་བྱས།
ཁོ་ནི་ཁ་ཉིན་ང་ཚོའི་སྡེ་བས་ང་ལེན་དུ་མངགས་ཡོང་བ་རེད། སྤྱིར་ན་ཁ་སང་ཕྱིར་འབྱོར་ཏེ་དེ་རིང་སྡེ་བའི“མི་རིགས་མཐུན་སྒྲིལ་བུམ་པའི་རྟ་རྒྱུག་འགྲན་ཚོགས”གཙོ་བོ་ཡིན་པའི་སྤྲོ་ཚོགས་ཀྱི་མཛད་སྒོ་ལ་ཞུགས་དགོས་མོད། འོན་ཀྱང་ཁ་ཉིན་དགོང་མོར་དྲག་ཆར་བབས་ཏེ་རི་ཉིལ་ནས་ལམ་བཅད་དེ་ཕར་འགྲོ་ཚུར་ཡོང་གི་རླངས་འཁོར་ཡོད་ཚད་བཀག དེའི་ཕྱིར་ངེད་གཉིས་ཀྱིས་ལམ་གཞན་ཞིག་བརྒྱུད་ནས་མི་འགྲོ་ཀ་མེད་བྱུང་། ཁ་ལོ་བ་བྲེལ་བ་ལངས་ཏེ་སྨྱོན་པ་རྒྱུག་རྒྱུག་བྱས་ནའང་ཁོ་རང་ཆེས་དགའ་བའི་རྟ་རྒྱུག་འགྲན་སྡུར་གྱི་རྗེས་མ་ཆོད་པས་གྲོགས་པོའམ་གཉེན་ཉེ་སུ་ཞིག་ལ་སྐད་འཕྲིན་ལམ་ནས་འཆར་བརྙན་བཀར་ཏེ་རྟ་རྒྱུག་འགྲན་སྡུར་གྱི་སྟ་གོན་ལ་ལྟ་བཞིན་ཡོད་པ་དང་། ད་དུང“ཕྱི་རྟ་དང་རྒྱུད་ཟློག འབྲོག་རྟ་མཉམ་རྒྱུག་བྱེད་དམ་ཡང་ན་སོ་སོ་རྒྱུག་པའི་ཐད་ལ་རྩོད་པ་རྒྱག་བཞིན་ཡོད་པ་ཐག་ཨེ་ཆོད”ཅེས་ཡང་ཡང་དྲིས་ནའང་ཕ་རོལ་ནས“ད་དུང་ཐག་མ་ཆོད། རྩོད་པ་རྒྱག་བཞིན་པའི་སྒང་རེད”ཟེར།
འབྲོག་པ་ཚོས“ཕྱི་རྟ”ཟེར་བ་ནི་མདོ་དབུས་མཐོ་སྒང་གི་རྟ་རྒྱུད་མ་ཡིན་པའི་ཨ་རོབ་དང་ཡོ་རོབ་སོགས་ཀྱི་རྟ་རྒྱུད་ལ་སྟོན་པ་ཡིན་ལ། “འབྲོག་རྟ”ཟེར་བ་ནི་མ་གཞི་ནས་ཡོད་པའི་ས་གནས་ཀྱི་རྟ་རྒྱུད་ལ་སྟོན་པ་རེད། “རྒྱུད་ཟློག”ཟེར་བ་ནི་ཕྱི་གསེབ་དང་ས་གནས་ཀྱི་རྒོད་མ་སྡེབ་སྦྱོར་བྱས་པའི་རྒྱུད་སྦགས་ལ་སྟོན་པ་རེད། བཤད་ཚུལ་ལྟར་ན“ཕྱི་རྟ”ཐག་ཉེར་བརྒྱུགས་ན་ས་གནས་ཀྱི་རྟ་ལས་མགྱོགས་ནའང་ཐག་རིང་དུ་བརྒྱུགས་ན་ས་གནས་ཀྱི་རྟ་ལ་མི་དོ་བར་མ་ཟད་དབུགས་ཀྱིས་མ་འདང་བར་ཤི་བའང་མང་རབས་ཟེར། དཔེར་ན་ཨ་ལགས་འབྲོང་གི་བུས་སྒོར་ས་ཡ་གཅིག་བྱིན་ནས་ཕྱི་རྟ་ཞིག་ཉོས་པ་དེ་ཐེངས་དང་པོར་འགྲན་བསྡུར་དུ་ཞུགས་ཏེ་ཚང་མའི་སྔོན་དུ་རྒྱུག་སྐབས་གློ་བུར་དུ་ས་ལ་འགྱེལ་པ་དང་དབུགས་ཀྱང་ཆད་འདུག་ཟེར་བ་ལྟ་བུ་རེད། ཡང་འགའ་རེས་ཐག་ཉེ་རིང་གང་ལ་བརྒྱུགས་ནའང་ཕྱི་རྟ་ལ་དོ་ཟླ་མེད་ཟེར་ནས་གོང་ཆེན་བྱིན་ཏེ་རྟ་རྒྱུད་དེ་དག་ཉོ་བཞིན་ཡོད་པ་དང་། འགའ་རེས་ཕྱི་རྟའི་གསེབ་དང་ས་གནས་ཀྱི་རྒོད་མ་སྡེབ་སྦྱོར་བྱེད་བཞིན་ཡོད། ལ་ལས་དེ་དག་འགྲན་སྡུར་དུ་ཞུགས་མི་ཆོག་ཟེར་བ་དང་། ཡང་ལ་ལས་ཕྱི་རྟ་དང་འབྲོག་རྟ་མཉམ་རྒྱུག་བྱེད་མི་ཆོག་ཟེར་ནས་སྔར་མེད་རྩོད་ཉོག་གསར་པ་ཞིག་གི་ཁ་ཕྱེས་ཡོད།
རླངས་འཁོར་སྐོར་ཞོར་ཁ་པར་གཏོང་བ་ནི་ཉེན་ཁའི་ལས་ཡིན་པས་ན་རླངས་འཁོར་སྐོར་ཞོར་བརྙན་ལ་ལྟ་བ་ནི་ཆེས་ཉེན་ཁ་ཆེ་བའི་ལས་ཡིན་པ་ནི་བཤད་ཅི་དགོས། ད་དུང་ཁོའི་རླངས་འཁོར་བསྐོར་ཚད་ཧ་ཅང་མགྱོགས་པས་གདོང་སྣ་ཞིག་ནས་རླངས་འཁོར་ཞིག་མདུན་ནས་བུད་པ་དང་ཅུང་ཙམ་མིན་ན་གདོང་ཐུག་བརྒྱབ་བྱུང་། རྣ་ལ་གཟན་པའི་དུང་བརྡ་ཞིག་བྲག་ཆ་དང་མཉམ་དུ་ལུང་ཁོག་ཡོངས་སུ་ཁྱབ་སོང་།
ང་ལ་མཚོན་ན་དགའ་འོས་པ་དང་ཁོ་ལ་མཚོན་ན་སྡུག་འོས་པ་ནི་ལུང་འགག་ཇེ་དོག་དང་ཇེ་ཟབ་ཏུ་སོང་བ་དང་མཉམ་དུ་བརྡ་རྟགས་ཇེ་ཞན་དུ་སོང་ཞིང་། མཚམས་ཤིག་རྦད་དེ་ཆད་སོང་། ཁོ་ཧ་ཅང་སེམས་ཕམ་ཞིང་གཤིས་ཀ་ཇེ་རྩུབ་ཏུ་གྱུར་ཏེ་དཀྱོག་འཁོར་སྟེང་ལ་ཐལ་ལྕག་གིས་བརྒྱབ། ཁ་ལོ་བ་འདི་དང་ངེད་གཉིས་སྡེ་བ་གཅིག་གི་ཡིན་ནའང་ཁོ་ལོ་ན་གཞོན་པས་ངས་ཁོ་ངོ་མི་ཤེས། ཡིན་ཡང་ཁོའི་ཕ་མ་ངས་ངོ་ཤེས་སྲིད་པས་ངས་ཁོ་སུ་ཚང་གི་ཡིན་ཞེས་དྲིས།
“ཁྱོད་ཀྱིས་ང་ཕལ་ཆེར་ངོ་ཤེས་རྒྱུ་མ་རེད། ང་ཁྱོད་ཚོའི་སྡེ་བར་མག་པར་ཡོང་བ་ཡིན།”
“འོ་རེད། ཁྱོད་སུ་ཚང་གི་མག་པ་ཡིན།”
“སྐལ་བཟང་། སྐལ་བཟང་སྐེ་ལྟིག་ཨེ་ཤེས།”
“ལོས་ཤེས། རྩྭ་ས་སྒེར་ལ་མ་བགོས་སྔོན་ལ་ངེད་ཁ་གཉིས་ཁྱིམ་མཚེས་ཡིན། ན་ནིང་དབྱར་ཁ་ངེད་གཉིས་རྫོང་མཁར་དུ་ཐུག་ནས་ཟ་ཁང་ཞིག་ཏུ་སོང་སྟེ་ཁ་བརྡ་མང་པོ་བྱས། ཁོ་ཚང་ད་ལྟ་རྫོང་མཁར་ཉེ་འདབས་ཀྱི་བདེ་སྐྱིད་སྐྱེ་ཁམས་སྤོར་འབངས་སྡེ་བ་ན་ཡོད་རབས་ཟེར།”
“རེད་རེད། ངེད་ཚང་ལ་རྩྭ་ས་ཆུང་བའི་ཁར་ལོ་འདི་དག་ལ་ཕྱུགས་ཟོག་གི་རིན་གོང་ཇེ་དམའ་རེད། དེའི་ཕྱིར་ངས་ཀྱང་ཏེའོ་ཡིའུ་ཁྲེ(钓鱼车)བརྒྱུགས་ནས་གླ་བཙལ་བཞིན་ཡོད།”
“ཡོང་སྒོ་ཅི་འདྲ་རེད།”
“ལག་ལ་མ་ཤོར་ན་འགྲིག་བསྡད་ཡོད། ལག་ལ་གཅིག་ཤོར་དུས་ཚར་སོང་།”
“ཁྱོད་ལག་ལ་ཤོར་ཨེ་མྱོང་།”
“ཧེ་ཧེ། ཐེངས་གཅིག་ཤོར་མྱོང་། ཡིན་ནའང་ཅོ་ཅིན(交警)སེམས་བཟང་ཞིག་ལ་ཐུག་པས་ཆད་པ་མ་བཅད་ལ་སྐར་མའང་མ་འཐེན། ཧེ་ཧེ། མཚམས་རེར་དེ་དྲན་ན་ད་རུང་དགོད་རྒྱུ་ཡོང་གི”
“དེ་ཅི་ཡིན།”
“ཧེ་ཧེ། གཞེས་ནིང་ལྔ་གཅིག་གི་སྔར་ཉིན་སློབ་མ་ཚོར་གནང་བ་བཏང་ནས་ཁྱིམ་ལ་ལོག་གིན་ཡོད། ངའི་རླངས་འཁོར་ནང་ལ་སློབ་མ་བདུན་འཚང་དུ་བཅུག་ནས་དྲུད་ཡོང་། སྔོན་ལ་རྒྱུག་པ་ཞིག་གིས་ངེད་ཚོའི་སྐད་འཕྲིན་ཚོགས་པའི་ནང་ལ‘རྫ་དམར་རྩ་ན་ཞིབ་བཤེར་བྱེད་བཞིན་ཡོད’ཟེར། ཡ་ད་མ་བཟང་། རྫ་དམར་རྩར་སླེབས་ལ་ཉེ་དུས་ངས་བྱིས་པ་གསུམ་ཨོང་སྒམ་ནང་ལ་བརྫངས་ནས་སོང་། ཅོ་ཅིན་གྱིས་རླངས་འཁོར་ནང་ལ་གཅིག་བལྟས་རྗེས་ཨོང་སྒམ་ནང་ལ་བལྟ་དགོས་ཟེར། ངས་ཨོང་སྒམ་ནང་ན་ཅང་མེད་ཅེས་བཤད་པར་ཅོ་ཅིན་ལྷག་པར་དོགས་པ་ཟོས་ཏེ་ངེས་པར་དུ་ཨོང་སྒམ་ཁ་ཕྱེ་དགོས་ཟེར། ཡ་ད་ཚར་སོང་བསམས་ཏེ་ཁོག་ནས་གསོལ་འདེབས་ཤིག་བྱས་ནས་ཨོང་སྒམ་ཁ་ཕྱེས་པ་ན་བྱིས་པ་གསུམ་པོ་མཉམ་དུ་དགོད་ཙམ་བྱས། ཅོ་ཅིན་རེ་ཞིག་ཧ་ལས་ཤིང་། དེ་མུར་དགོད་ཁ་ཤོར། རིམ་བཞིན་ཧབ་ཆ་བརྒྱབ་ནས་མིག་ཆུ་ཤོར། མཚམས་ཤིག་སོང་སོང་ཟེར་བཞིན་ལག་བརྡ་བྱས།”
“དེ་ནས?”
“དེ་ནས་དེ་ལྟར་ཐར་སོང་། ལག་རྟགས་མ་བླངས་ལ་སྐར་མ་མ་འཐེན། ཆད་པའང་མ་བཅད།”
“ཨ་ཙི་ཨ་ཙི། ཡ་སྐལ་བཟང་བདེ་མོ་ཡིན་ནམ།”
“ཁོ་ཟླ་བ་སྔོན་མར་ཤི་སོང་།”
འདིས“མ་བདེ”དང“མ་འཚམས” “མེད་སོང”སོགས་མི་ཟེར་བར་ཐད་ཀར་དུ“ཤི་སོང”ཟེར་བས་ངས་སྐལ་བཟང་མ་བདེ་བ་གོ་ནས་ཕངས་སེམས་སྐྱེས་པའི་སྟེང་ལ་དོགས་མི་བདེ་བའི་ཚོར་སྣང་ཞིག་ཀྱང་སྐྱེས། ད་དུང་འདིས་སྐལ་བཟང་གི་བེམ་པོ་དུར་ཁྲོད་དུ་སྐྱེལ་བར་སོང་བ་ལའང“རོ་འཕེན་དུ་སོང”ཞེས་བཤད་མེད་དམ་སྙམ་སྟེ་ཁོག་ནས་དགོད་རྒྱུ་ཞིག་ཀྱང་ལངས།
ཁ་ལོ་བས“ཀླད་པའི་ནང་ལ་ཁྲག་བླུགས་ནས་ཤི་ནི་རེད”ཟེར།
དེ་མ་ཐག་ངའི་མིག་ལམ་དུ་སྐལ་བཟང་གི་རིག་མ་ཐག་ཏུ་ཁྲག་ཤེད་ལོས་མཐོ་བསམ་པའི་ལུས་ཕུང་ཚོན་པོ་དང་ངོ་མདོག་དམར་ནག་དེ་ཤར་ནས“ཨོཾ་མ་ཎི་པདྨེ་ཧཱུཾ།……”ཞེས་ངག་ནས་ཤོར།
ལམ་ནི་སྔར་ལས་ཀྱག་ཀྱོག་མང་། ཁ་ལོ་བས་ཁ་པར་ལ་མི་ལྟ་ནའང་རླངས་འཁོར་སྐོར་ཚད་སྔར་བཞིན་མགྱོགས། འདི་ནི་ལམ་ཡག་བཙོག་གང་ལ་སོང་ནའང་མགྱོགས་ཚད་ལ་ཕལ་ཆེར་འགྱུར་བ་མེད་པའི་ཁ་ལོ་བ་དེའི་རིགས་ཡིན་པ་འདྲ། དཀྱོག་མཚམས་ཤིག་ནས་ཡང་བསྐྱར་ཅུང་ཙམ་མིན་ན་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབ་པས་ངས་དེ་རིང་རང་ཉིད་འཚམས་པོར་ཕ་ཡུལ་དུ་ཐོན་མིན་ལ་སེམས་ཁུར་བྱས།
“ད་ནི་རྐྱེན་ལམ་དུ་མ་ཤོར་གོང་ཁ་པར་ནང་ལ་ཁ་ཆེམས་བཞག་ན་འགྲིག དེས་ན་ཁ་ཆེམས་གང་དག་ཡོད་དམ”ངས་ཁོག་ནས་རང་ཉིད་ལ་རྩེད་མཚར་གྱིས་དེ་འདྲའི་དྲི་བ་ཞིག་བཏོན་པ་དང་། “གཅིག ཤ་ཁྲག་གདོས་བཅས་ཀྱི་བེམ་པོ་འདི་ཕ་མེས་ཡང་མེས་ནང་བཞིན་བྱ་ལ་གཏོར་རམ་ཡང་ན་གློག་གིས་བསྲེག གཉིས། གཉིས……”དེ་ལྟར་བསམ་ཞོར“ཨ་མའི་བུ་དལ་དགོས། རྒོད་མའི་བུ་མགྱོགས་དགོས།”ཞེས་པའི་གཏམ་དཔེ་དེ་ངག་ལས་ཤོར། བོད་མི་ཚོས་དེ་འདྲ་ཟེར་ཡང་ཟེར་ལ་བདེན་ཡང་བདེན། དཔེར་ན་དུས་ནམ་དུ་ས་གང་དུ་འཛོམས་པའི་དུས་བཏབ་ན་དུས་ལྟར་སླེབས་པ་ཕལ་ཆེར་དཔེ་མི་སྲིད་པ་དང་། ད་དུང་ཅི་འདྲ་འགོར་འགྱང་བྱས་ནའང་ནོངས་འགྱོད་དང་དོགས་མི་བདེ་བའི་སྣང་བ་ཙམ་ཡང་མེད། དེའི་ཕྱིར་དགོད་གཏམ་འདྲ་བོ་ཞིག་ཡོད་པ་ནི་ཨ་རི་བ་ཞིག་དང་བོད་པ་ཞིག་གིས་ནམ་ཞིག་གང་དུ་ཐུག་རྒྱུའི་དུས་བཏབ་རྗེས་ཨ་རི་བས་ཀུ་རེའི་ཚུལ་གྱིས“ང་ཚོས་བཤད་པ་ནི་ཨ་རིའི་དུས་ཚོད་ཡིན་པ་ལས་བོད་ཀྱི་དུས་ཚོད་མིན་ཨ”ཞེས་བཤད་པ་ལྟ་བུ་རེད། ཡང་སྔོན་ཆད་རྟའི་མགྱོགས་ཚད་དེ་མིའི་ཚེ་སྲོག་དང་རྒྱུ་ནོར་ལ་རག་ལས་ཡོད་དེ། དཔེར་ན་སུ་ཞིག་ལ་རྟ་མགྱོགས་པོ་ཞིག་ཡོད་ན་གཞན་གྱི་རྟ་འདེད་ལུག་འདྲུད་ཐུབ་པ་དང་། ཡང་ཅིག་ཤོས་ལ་དེ་ལས་མགྱོགས་པའི་རྟ་ཞིག་ཡོད་ཚེ་རང་རྒྱུ་ཕྱིར་ལོན་པར་མ་ཟད་རྐུན་མ་ཇག་པའི་ཞོན་རྟ་མེ་མདའ་དང་། ཐ་ན་ཚེ་སྲོག་ཀྱང་ལེན་ཐུབ་པ་ལྟ་བུ་རེད། དེང་དུས་སུ་སྐར་ཆ་གཅིག་གཉིས་ཙམ་གྱི་མགྱོགས་དལ་གྱིས་ཨོ་རྩལ་གསེར་གྱི་རྟགས་མ་ལོན་མིན་ཐག་ཆོད་པ། སྐར་མ་འགའ་ཡི་མགྱོགས་དལ་གྱིས་གཡུལ་འགྱེད་ཅིག་གི་རྒྱལ་ཕམ་ཐག་ཆོད་པ། སྐར་མ་འགའི་སྔ་གཞུག་གིས་ནད་པ་དང་རྨས་མ་མང་པོའི་ཚེ་སྲོག་ཕྱིར་ལོན་མིན་ཐག་ཆོད་པ་སོགས་མདོར་ན་དུས་ཚོད་ནི་ཅི་འདྲའི་རྩ་ཆེན་པོ་ཞིག་རེད་ཨང་། ད་དུང་འཆི་བདག་དང་འཕྱི་ཙམ་མཇལ་ཕྱིར་ཁམས་གསོ་དང་རྩལ་སྦྱོང་། སྨན་བསྟེན་སོགས་ཀྱི་འབད་པ་ངང་གིས་བྱེད་བཞིན་ཡོད་པ་མིན་ནམ། འོན་ཀྱང་དགོད་བྲོ་བ་ཞིག་ལ་མི་རིགས་མང་པོ་ཞིག་གིས་འཆི་བདག་དང་ལོ་གཅིག་གིས་ཉེ་བར་བཅར་བ་ལ་ལོ་གསར་ཟེར་ནས་དགའ་སྟོན་རྟེན་འབྲེལ་ཞུ་བ་དེ་རེད།……ངའི་བསམ་པ་འདི་ལྟར་འཁྱམས་སྐབས་ཁ་ལོ་བས“ཁྱོད་སྐྲག་མི་དགོས། ང་ལ་ཡོན་ཏན་གཞན་མེད་ཀྱང་རླངས་འཁོར་བསྐོར་ན་ཅིག་ཅིག་ཡིན་བསམ་བཞིན་ཡོད”ཟེར། ཁོའི་ཚིག་མཇུག་རྫོགས་མ་ཐག་ཁ་པར་གྱི་ཅོང་སྒྲ་གྲགས་བྱུང་བས་གཞི་ནས་གདོང་ལ་འཛུམ་ཞིག་ལངས་ཏེ“བརྡ་རྟགས་ཐོན་བྱུང”ཟེར་ནས་སུ་ཞིག་ལ་བརྙན་བཀར། ཡིན་ཡང་བརྡ་རྟགས་ཡང་བསྐྱར་ཆད་སོང་།
ངས་སྔར་བཞིན་སེམས་ཁྲལ་དང་བཅས“ཁྱོད་རྟ་རྒྱུག་འགྲན་སྡུར་ལ་ཧ་ཅང་དགའ་བ་ཨེ་ཡིན”ཞེས་པའི་སྐད་ཆ་ལྷག་མ་ཞིག་ཁ་ནས་ཤོར།
“ཁྱོད་རྟ་རྒྱུག་ལ་མི་དགའ་འམ།”
“མི་དགའ།”
“ངོ་མ་ཨེ། ཨ་ཙི་ཨ་ཙི”ཁོས་ངའི་ངོ་ལ་ཞིབ་ཏུ་གཅིག་ལྟ་བའི་ཚུལ་ལ་བལྟས་ན“ཨ་ཙི་ཨ་ཙི། འཇིག་རྟེན་འདི་ན་རྟ་རྒྱུག་ལ་མི་དགའ་བའི་མིའང་ཡོད་འདུག ཡ་མཚན། མ་གཞིར་རྟ་རྒྱུག་ལ་མི་དགའ་བའི་མི་འདི་འདྲ་ཡིན་འདུག”བསམ་གྱིན་མེད་དམ་སྙམ།
“ངས་གོ་ཚུལ་ལྟར་ན་ད་ལྟའི་རྟ་རྒྱུག་འགྲན་སྡུར་ལ་རྒྱན་འཇོག་གི་རང་བཞིན་ཡོད་རབས་ཟེར། དེ་འདྲ་ཡིན་ནམ།”
“དེ་ལོས་ཡིན། རྒྱུག་རྟ་མེད་ནི་ཚོས་རྟ་མིང་གྲགས་ཅན་གྱི་སྟེང་ལ་རྒྱན་འཇོག་གི་ཡོད། ལ་ལས་ལོན་ནས་དགའ་གི་ཡོད། ལ་ལས་ཤོར་ནས་སྡུག་གི་ཡོད། ད་རུང་’བརྒྱ་རྒྱུག’ཟེར་བའི་མིང་ཐོ་འགོད་རིན་སྒོར་མོ་བརྒྱ་རེ་བླངས་ནས་རྟ་རྒྱུག་འགྲན་སྡུར་བྱེད་དུ་འཇུག་པ་དེའང་མདོར་དེད་ན་རྒྱན་འཇོག་པ་རེད། འོ་དེ་རེད། ད་ལྟ’བརྒྱ་རྒྱུག’ཟེར་ཡང་དོན་ངོ་མ་མིང་ཐོ་འགོད་རིན་བཞི་བརྒྱ་ལྔ་བརྒྱར་བུད་འདུག ཅི་རེད། ཁྱོད་རྟ་རྒྱུག་ལ་མི་དགའ་བའི་རྒྱུ་མཚན་དེ་ཡིན་ནམ།”
“དེ་ཡང་མིན།”
“ཁྱོད་རྟ་རྒྱུག་ལ་མི་དགའ་ན་སྡེ་སྟོན་ལ་འགྲོ་དོན་ཅི་ཡིན།”
“ང་འུ་ཚོའི་སྡེ་བས་མགྲོན་དུ་བོས་པ་རེད། སྡེ་བས་མི་གྲལ་དུ་བཞག་སྟེ་གདན་འདྲེན་བྱས་ཤིང་ད་དུང་རླངས་འཁོར་བསུ་རུ་མངགས་ནས་མ་སོང་ན་བརྩི་བཀུར་མེད་པ་མིན་ནམ།”
“སྡེ་བས་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་གཞན་རྣམས་མི་འབོད་པར་ཁྱོད་གཅིག་པོ་འབོད་དོན་ཅི་ཡིན། འོ་རེད། ཁྱོད་སྔོན་ཆད་དཔོན་པོ་མཐོན་པོ་ཞིག་ཡིན་རྒྱུ་རེད་ཡ།”
“ང་སྔོན་ཆད་དཔོན་པོ་མིན། ངས་སྒྲིག་རོགས་བྱས་པའི་འུ་ཚོའི་སྡེ་བའི་རུས་མཛོད་ཀྱི་དེབ་དེ་ད་ཐེངས་འགྲེམ་སྤེལ་བྱ་རྒྱུ་ཡིན་པས་ཡོང་དགོས་ཟེར།”
“འོ་རེད། དཔེ་ཆ་དེ་འབྲི་མཁན་ཁྱོད་ཨེ་རེད།”
“ངས་འབྲི་རོགས་བྱས་པ་ཙམ་ཡིན།”
“འོ་རེད། ད་ལྟ་གང་ས་གང་དུ་སྡེ་བའི་ལོ་རྒྱུས་དང་ཁྱིམ་རྒྱུད་རུས་མཛོད་ཟེར་བ་མང་པོ་འབྲི་གིན་འདུག མདོར་དེད་ན་དེ་དག་ལ་ཕན་པ་ཅི་ཞིག་ཡོད།”
“ད་ལྟའི་ལོ་རྒྱུས་ཟེར་བ་མང་ཤོས་ཆེ་བཤད་འཁྱོད་བཤད་ཡིན་པས་ངས་དེ་ལ་ལྟ་ནི་མིན། ལ་ལས་གཉེན་ཉེ་ཡིན་པ་མ་ཤེས་པར་གཉེན་སྒྲིག་པ་དང་། ལ་ལས་གཉེན་ཉེ་ཡིན་པ་མ་ཤེས་པར་འཁོན་རེས་རྡུང་རེས་བྱས་ཏེ་ཐ་ན་ཚེ་སྲོག་ཤོར་བའང་ཡོད། གལ་ཏེ་རུས་མཛོད་རེ་ཡོད་པ་དང་། ལྷག་པར་དུ་དེ་ལ་ལྟ་མཁན་རེ་ཡོད་ན་མ་མཐའ་ཡང་དེའི་ཕྱོགས་ལ་ཅུང་ཙམ་ཨེ་ཕན་བསམ།”
“ཧེ་ཧེ། འབྲི་མཁན་ཡོད་ཀྱང་ལྟ་མཁན་མེད་པཱ།”
བརྡ་རྟགས་ཆད་མ་མཐུད་ཙམ་ཡོང་ནའང་རིང་པོ་མ་འགོར་བར་རྦད་དེ་ཆད་སོང་། ཁ་ལོ་བས་ཕངས་སེམས་དང་བཅས་དཀྱོག་འཁོར་ལ་ཁུ་ཚུར་གྱིས་རྡེག་པ་དང་སྣུམ་སྒོ་ཇེ་ཆེར་བཏང་། གླ་འཁོར་ཁ་ལོ་བ་ཚོ་མི་འདྲ་མིན་སྣ་ཚོགས་ལ་ཐུག་ཅིང་། གཏམ་འདྲ་མིན་སྣ་ཚོགས་གོ་བས་ཁ་བརྡ་མང་། དེའི་ཕྱིར་ངས་ཁོ་ལ“ཡ་གསར་བུ། ད་བྲེལ་བ་ལང་ཡང་ཕན་པ་མེད། ལམ་ཐག་རིང་པོ་གཏམ་གྱིས་གཅོད་དགོས་ཟེར་བས་ཁ་བརྡ་བྱས་ན་མི་བཟང་ངམ།”ཞེས་བཤད།
“ཡ་ཡ། དེ་རེད།”
“ཁྱོད་སློབ་གྲྭར་སོང་ཨེ་མྱོང་།”
“མ་མྱོང་།”
“ཡི་གེ་ཨེ་ཤེས།”
“བོད་ཡིག་ཅུང་ཙམ་ཤེས། ང་བན་ལོག་ཅིག་ཡིན།”
“འོ།”
“ངས་སྡོམ་པ་ཅི་ལྟར་ཤོར་བ་ཤེས་འདོད་ཨེ་ཡོད།”
“ཅི་ལྟར་ཤོར་སོང་།”
“ཨང……ཧེ་ཧེ……ཨ་ཧོ། ད་དེ་མི་བཤད། དེ་བཤད་སྲོལ་མེད།”
ཁོའི་སྐད་ཆ་བཤད་སྟངས་དང་ལུས་ཀྱི་ཉམས་འགྱུར་གང་ལ་བལྟས་ནའང་གྲྭ་བ་ཞིག་གི་ཤུལ་རྗེས་ཙམ་ཡང་མེད་མོད། འོན་ཀྱང་ཆེ་ཞིང་གྲུ་བཞི་ཅན་གྱི་རྣ་ཤལ་གཉིས་ཡོད། གལ་ཏེ་ཁོ་སྤྲུལ་སྐུ་ཞིག་ཡིན་པའི་དབང་དུ་བཏང་ན་རྣ་ཤལ་དེ་སངས་རྒྱས་ཀྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་གྲས་ཀྱི་གཅིག་ལ་བརྩིས་ཆོག་ཆོག་རེད། ད་རུང་ཁོའི་ཆེ་ཆུང་སྲབ་མཐུག་རན་པའི་མཆུ་སྒྲོས་སོགས་མདོར་ན་ཁོ་ནི་གསར་བུ་ཕོ་སྒོ་ཅན་ཞིག་ཡིན་པས་སྡོམ་པ་རང་གིས་བཏང་བ་ཡིན་ནམ་འདྲེ་མོ་ཞིག་གིས་འཕྲོགས་པ་ཡིན་པར་དོགས་པ་ཟ། བཤད་ཚུལ་ལྟར་ན་གྲྭ་བའི་སྡོམ་པ་བླངས་ན་ཚེ་ཕྱི་མར་ཟངས་དམར་གྱི་རྟ་ཞིག་གི་ཁོག་ལ་མེ་སྦར་ནས་སྐྱོན་རབས་ཟེར། དེ་ནི་ཕན་ཚུན་གཉིས་ཀ་འཐད་པ་བྱུང་བ་ལ་བསྟན་པ་ཡིན་སྲིད། གལ་ཏེ་གྲྭ་བས་བུད་མེད་ལ་བཙན་པོ་བྱས་པ་ཡིན་ན་བུད་མེད་ད་དུང་ཟངས་དམར་གྱི་རྟ་ལ་སྐྱོན་ཚེ་གཤིན་རྗེའི་ཆོས་རྒྱལ་ལའང་ངོ་མ་རྒྱུ་འབྲས་མེད། ཁོའི་སྐྲ་རིང་པོ་སོག་འདབས་བར་དུ་བཞག་ཡོད་ལ། དེ་ནི་གྲྭ་པ་ཡིན་དུས་མགོ་ལྤགས་དམར་རྗེན་ལ་ཆར་རླུང་ཙད་གསུམ་གྱིས་གྲངས་མེད་གཙེས་པའི་གྱོང་གུད་གསབ་པ་མིན་ནམ་སྙམ། སྤྱིར་ན་ང་ཁོའི་སྡོམ་པ་ཅི་ལྟར་ཤོར་བར་དེ་འདྲའི་སྤྲོ་བ་མེད་ནའང་ཁོས“བཤད་སྲོལ་མེད”ཟེར་བ་ན་ང་ལ་སྤྲོ་བ་བླ་ལྷག་འཕེལ་ཏེ“གང་ལྟར་ཤོར་ཟིན་པ་མངོན་གསལ་ཡིན་པས་དེ་བཤད་པས་ཅི་སྐྱོན”ཞེས་བཤད།
“ཨང……གསལ་པོར་བཤད་ན་ང་ཨ་ལགས་འབྲོང་གིས་དགོན་པའི་ནང་ནས་བདས་རྗེས་ངས་ད་གཟོད་སྡོམ་པ་བཏང་བ་ཡིན།”
“ཨ་ཙི། ཨ་ལགས་འབྲོང་གིས་ཁྱོད་ཅིའི་ཕྱིར་དགོན་པའི་ནང་ནས་བདས་པ་རེད།”ཡུན་རིང་བར་དུ་ཨ་ལགས་འབྲོང་གི་གནས་ཚུལ་མ་གོ་བས་ང་ལ་ལྷག་པར་སྤྲོ་བ་འཕེལ་ནས་་དེ་ལྟར་དྲིས།
“ཨ་ལགས་འབྲོང་གི་ཞི་ལུས་ཕྱི་རྟ་ཉོས་ནས་འགྲན་སྡུར་ལ་ཞུགས་མཁན་ཐོག་མ་ཡིན་ལ། དང་ཐོག་ང་ཡང་ཕྱི་རྟ་ལ་ངོ་རྒོལ་བྱེད་མཁན་གྱི་གྲས་ཡིན་པས་སྐད་འཕྲིན་སྟེང་ལ་དེའི་སྐོར་མང་པོ་སྤེལ། ཨ་ལགས་འབྲོང་དེར་མ་དགའ་བར’ངའི་དགོན་པའི་ནང་དུ་རྟ་རྒྱུག་མ་གཏོགས་བསམ་རྒྱུ་མེད་པའི་གྲྭ་བ་བསྡད་མི་ཆོག’ཟེར་ནས་ང་བདས་པ་རེད། རྩམ་པ་རང་གིས་ཟོས། རྩམ་ཁུག་གཞན་མགོར་གཡུག་ཟེར་དེ་རེད། ཁོ་ཚང་ལས་རྒྱུག་རྟ་མང་བའི་ཁྱིམ་ཚང་མེད་ལ། ཁོ་ལས་ལྷག་པའི་རྟ་རྒྱུག་ལ་དོ་སྣང་བྱེད་མཁན་སུ་ཞིག་ཡོད། དེའི་ཕྱིར་ངའི་སྡོམ་པ་བཏང་བའི་ཉེས་པ་ཡོད་ཚད་ཨ་ལགས་འབྲོང་གི་མགོ་ན་ཡོད་ནི་རེད།”
“ཧེ་ཧེ། ཁྱོད་ཨ་ལགས་འབྲོང་ལ་དད་པ་ཨེ་ཡོད།”
“སྔོན་ཆད་ཡོད། ད་ལྟ་མེད། ཁོའི་བཅའ་སྲོལ་ལས་སྲོལ་རིག་ན་སུ་ཡིན་ཡང་དད་པ་ཕར་ཞོག ཞེན་པ་ལོག་རྒྱུ་རེད།”
“འོ། ཁོས་ཅི་ཞིག་བྱས་སོང་།”
“ཁྱོད་ཀྱིས་ངོ་མ་ཨ་ལགས་འབྲོང་གི་སྐོར་གོ་མ་མྱོང་ངམ།”
“སྔོན་ཆད་ཅུང་ཙམ་རེ་གོ་མྱོང་། རྗེས་སུ་ང་ཕ་ཡུལ་དང་ཁ་བྲལ་ནས་ཡུན་རིང་འགོར་སོང་བས་དེའི་སྐོར་ཅང་གོ་མ་མྱོང་། འོ་དེ་རེད། ཨ་ལགས་འབྲོང་གི་ཞི་ལུས་ཕྱི་རྟ་གོང་ཆེན་ཞིག་ཉོས་པ་ཤི་སོང་ཟེར་བ་གོ་མྱོང་། དེའི་རྗེས་རྟ་ཉོས་ཨེ་ཡོད།”
“ལོས་ཡོད། ཆེས་གོང་ཆེན་གཉིས་ཉོས་པ——ཕལ་ཆེར་ཁྲི་བརྒྱ་རེ་བྱིན་རབས་ཟེར——གཅིག་གི་ལག་པ་ཆག་ནས་དེའི་མུར་ལད་སོང་། ‘རྟ་ཆག་འབྱོར་ནི་མེད། མི་ཆག་ཤི་ནི་མེད’ཟེར་བ་ངོ་མ་རེད། གཅིག་ཁམས་ཕྱོགས་ཀྱི་ཕྱུག་པོ་ཞིག་གིས་སྔར་ལས་གོང་ཆེན་བྱིན་ནས་ཉོས་སོང་། ད་སྐབས་ཁོ་ཚང་ལ་གསེབ་དང་རྒྱུག་རྟ་ལྔ་དྲུག་ཙམ་ཡོད་རབས་ཟེར།”
“འོ་རེད། དེ་མིན་ཨ་ལགས་འབྲོང་ལ་གཏམ་རྒྱུད་གསར་བ་ཅི་ཞིག་ཡོད།”
“མང་ནི་རེད། ཁོའི་གཏམ་རྒྱུད་ཉིན་མཚན་དགུ་ལའང་བཤད་ཚར་ནི་མ་རེད།”
“དཔེར་ན?ཉེ་ལམ?”
“དཔེར་ན་ཉེ་ལམ་ཁོ་རྫོང་ཨུའི་ཧྲུའུ་ཅི་གསར་བ་དེ་ལ་ཁ་བཏགས་འབུལ་དུ་སོང་ནས་འབྲེལ་བ་འཛིན་རྩིས་བྱས། འོན་ཀྱང་ཧྲུའུ་ཅི་དེས་ཁོ་ལ་ངོ་དྲོན་པོ་མ་བསྟན་པར་མ་ཟད’གོ་ཚུལ་ལྟར་ན་ཁྱོད་ལས་རྒྱུ་སྣོག་རྒྱུ་མང་བའི་བླ་རྒན་ཞིག་ཡིན་རབས་ཟེར། རེ་བ་ནི་གང་ས་གང་ལ་ལག་པ་མ་སྲིང་། སྐད་ཆ་མ་བཤད’ཅེས་བཤད་ནས་ཕྱིར་འགྲོ་ཐབས་མེད་པ་ཞིག་བྱས་སོང་ཟེར། སྔོན་ཆད་ཡིན་ན་ཧྲུའུ་ཅི་ཞན་ཀྲང་ཚོས་ཚུར་ཁོ་ལ་འབྲེལ་བ་བཟུང་། འདེམ་བསྐོ་སོགས་ཀྱི་སྐབས་སུ་ཁོ་བེད་སྤྱོད་བྱས་ནས་ཁོ་ཚོའི་དམིགས་ཡུལ་འགྲུབ་ཏུ་བཅུག དེའི་སྐྱིན་པ་ལ་ཁོའི་བུ་རབས་ཚ་རྒྱུད་ལ་གོ་གནས་བྱིན། ཐ་ན་རླབས་འཁོར་ཉོ་བྱེད་ཀྱི་སྒོར་མོའང་བྱིན། ཡིན་ཡང་ད་ནི་ཁོ་བེད་སྤྱོད་ཀྱི་རིན་ཐང་མེད་སོང་བས་ཁོ་ཡང་སེམས་ཕམ་འདུག་ཟེར། ཚད་ཚད་རེད།”
“ཧེ་ཧེ། དེ་མིན?”
“མང་ནི་རེད། ཡིན་ཡང་ངས་དེ་གླེང་ན་མི་འདོད་གི”
“ཡ་ཡ། དེས་ན་ཁྱོད་ཀྱི་སྡོམ་པ་ཅི་ལྟར་བཏང་བ་དེ་ཤོད་ཡ།”
“ཨང……ཧ་ཧ……ཨ་ཧོ་ཨ་ཧོ། ད་མི་བཤད་མི་བཤད།”
ཕར་བལྟས་ན་ཁོ་དེ་བཤད་རྒྱུར་ཧ་ཅང་དོགས་མི་བདེ་བ་འདྲ་བས་ངས་ཀྱང་མུ་མཐུད་དུ་ནན་མ་བྱས།
ཁོས་སྡོམ་པ་ཅི་ལྟར་ཤོར་བའི་གླེང་བྱ་དེ་བསྒྱུར་ཆེད་ང་ལ“ཁྱོད་ཉིན་མཚན་གཉིས་ཀར་ཁ་པར་ལ་ལྟ་མཁན་ཡིན་ནམ”ཟེར།
“མིན་ཡ།”
“ཡ་མཚན།”
“ཅི་རེད།”
“ཁ་པར་ལ་ལྟ་མཁན་ཚོའི་ནང་ན་རྟ་རྒྱུག་ལ་མི་དགའ་ནི་ཡོད། ཁ་པར་ལ་ཡང་མི་ལྟ། རྟ་རྒྱུག་ལའང་མི་དགའ་ནི་ཁྱོད་གཅིག་པོ་མ་གཏོགས་ཐུག་མ་མྱོང་།”
“ཧེ་ཧེ། དེས་ན་ཁྱོད་ནི་ཁ་པར་ལའང་ལྟ་མཁན། རྟ་རྒྱུག་ལའང་དགའ་མཁན་ཨེ་རེད།”
“མ་རེད། ངས་ཁ་པར་ལ་ལྟ་བ་ནི་རྟ་རྒྱུག་ལ་ལྟ་ཆེད་ཡིན། གལ་ཏེ་རྟ་རྒྱུག་དངོས་སུ་རིག་ཐུབ་ན་ཁ་པར་ལ་ལྟ་འདོད་མེད།”
“འོ་རེད། ཁྱོད་ལ་མཚོན་ན་གྲྭ་བ་ཡིན་དུས་སྐྱིད་དམ་གྲྭ་ལོག་བྱས་རྗེས་སྐྱིད།”
“ཤུ——གྲྭ་བ་ཡིན་ཡང་ཆོག་ལ་གྲྭ་ལོག་ཡིན་ཡང་ཆོག འཇིག་རྟེན་འདི་ན་སྐྱིད་ཟེར་བ་ཞིག་གང་ན་ཡོད།”
“ཨ་ཨ། ངོ་མ་དེ་ལྟར་བསམས་ན་ཁྱོད་ད་རུང་གྲྭ་བ་དང་ཁྱད་པར་མེད། ཐ་ན་གྲྭ་བ་མང་ཤོས་ལས་ཀྱང་རྟོགས་པ་མཐོ།”
“ཧེ་ཧེ……”
“འོ་དེ་རེད། ཁྱོད་ལ་རྒྱུག་རྟ་ཨེ་ཡོད།”
“ཡོད། ཡིན་ནའང་སྐལ་བཟང་ཤི་སོང་བས་ད་ལོར་འགྲན་སྡུར་ལ་ཞུགས་ཐབས་མེད། དེས་མ་ཚད་ད་རུང་ཡུལ་དངོས་སུ་ལྟ་ཐབས་མེད་པར་ཁྱིམ་དུ་བསྡད་ནས་དྲྭ་ལམ་དུ་བལྟ་དགོས།”
“འོ་རེད། ཁྱོད་ཀྱི་རྒྱུག་རྟ་ཕྱི་རྟ་ཡིན་ནམ་འབྲོག་རྟ་ཡིན།”
“ཕྱི་རྟ་ཡིན།”
“གལ་ཏེ་འགྲན་སྡུར་ལ་ཞུགས་ན་དགའ་རྟགས་ལོན་རྒྱུ་ཨེ་རེད།”
“ན་ནིང་ཞང་ཡོངས་ཀྱི་ཨང་གཉིས་པ་བླངས།”
“འོ། དེས་ན་སྡེ་བའི་འགྲན་སྡུར་ནང་ཨང་དང་པོ་ལོས་ལོན།”
རྟ་རྒྱུག་གླེང་བ་ན་ཁོའི་སྤྲོ་བ་ཇེ་ཆེར་སོང་སྟེ“ཕྱི་རྟའི་ནང་ནས་རིག་ཁོས་ན་ནིང་གསར་དུ་ཉོས་པ་དེ་ཅི་འདྲ་ཡིན་མི་ཤེས། དེ་མ་གཏོགས་སེམས་ཁུར་བྱེད་ས་མེད།”ཟེར།
“རིག་ཁོ་ཟེར་བ་དེ་གོ་མྱོང་བ་འདྲ། སུ་ཚང་གི་རེད།”
“དྲ་དཔོན་རིག་ཁོ། ཨ་ནེ་ཆོས་སྐྱོང་མཚོ་ཚང་གི་རེད། ཁོ་ལ་ཨ་ཕ་ཡོད་ནི་མ་རེད།”
“འོ་རེད། ཆོས་སྐྱོང་མཚོ་ལོས་ཤེས། ངེད་ཚོ་ཆུང་དུས་རྩེད་རོགས་རེད། ཡིན་ཡང་མོ་ཚང་ལ་རིག་ཁོ་ཟེར་བ་ཞིག་ཡོད་པ་མི་ཤེས།”
“ཨ་ཙི། དྲ་དཔོན་རིག་ཁོ་ཟེར་ན་རྩེ་གཞུང་རྫོང་ཕར་ཞོག ཕལ་ཆེར་བོད་ཁམས་ཡོངས་ན་མི་ཤེས་ནི་ཡོད་རྒྱུ་མ་རེད། ཁོས་ཞང་དང་རྫོང་གི་མགོ་ཁྲིད་མང་པོ་ངོ་ཤེས་པས་སྐབས་རྗེས་མ་ཁོ་སྡེ་བའི་ཧྲུའུ་ཅི་ལ་འཇོག་རྒྱུ་རེད་ཟེར། ད་རུང་ཁོ་རྫོང་རྟ་རྒྱུག་མཐུན་ཚོགས་ཀྱི་ཚོགས་གཙོ་ལ་འཇོག་རྒྱུ་རེད་ཟེར། ཁོའི་རྒྱུག་རྟ་དེ་གསེབ་ཡིན་ལ། རྒོད་མ་གཅིག་ལ་སྡེབ་སྦྱོར་བྱས་ན་སྒོར་མོ་ཁྲི་གཅིག་རེད། ཁོའི་ཐད་གཏོང་ལ་ལྟ་མཁན་མང་བའི་ཁར་གསེབ་རྒན་སྐེ་རིང་དེས་ན་ནིང་སྒོར་མོ་བཞབས་སོང་། བཞབས་སོང་། ད་ལོ་ཁོའི་གསེབ་དེ་བྱང་བཞིན་ཡོད། གལ་ཏེ་ད་ལོའི་རྫོང་སྟོན་དང་ཁུལ་སྟོན་སྟེང་ནས་ཨང་དང་པོ་ལོན་ན་སྒོར་མོ་འབུམ་ཕྲག་འགའ་རེད་ཡ། གང་ལྟར་ད་སྐབས་འུ་ཚོའི་སྡེ་བ་ན་རིག་ཁོ་ལྟ་བུའི་ཕྱུག་པོ་ཡོད་ནི་མ་རེད།”
“འོ་རེད། རྟ་རྒྱུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་ན་ཕན་པ་ཅི་ཞིག་ཡོད།”
“ཕན་པ་ཨེ?ཨང་། ཁོའི་ཐད་གཏོང་ལ་ལྟ་མཁན་སྔར་ལས་མང་བ་དང་། འབྲོག་རྟ་དང་ཕྱི་རྟ་མཉམ་དུ་རྒྱུག་གམ་སོ་སོར་རྒྱུག ད་རུང་རྒྱུད་ཟློག་ཡིན་མིན་རྩོད་པ་བྱུང་ཚེ་ཐག་གཅོད་བྱེད་པའི་དབང་ཆ་ཡོད་སྲིད་པ་སོགས་ཕན་པ་མང་ནི་རེད།”
“ཨ་ཙི་ཨ་ཙི། དེས་ན་ཁྱོད་ཀྱི་རྟ་དེས་ཀྱང་སྒོར་མོ་མང་པོ་ལོན་ཡོད་རྒྱུ་རེད།”
“གསེབ་ཡ་མེད་ཅིག་ལ་སྒོར་མོ་ཁྲི་ཚོ་བརྒྱ་ཕྲག་སྟེར་དགོས་པར་མ་ཟད། གསེབ་དང་རྒོད་མ་སྡེབ་སྦྱོར་བྱེད་པ་ལ་སྒོར་མོ་མང་པོ་བྱིན་ནས་ལག་རྩལ་པ་གདན་འདྲེན་བྱེད་དགོས། ད་རུང་ཕྱོགས་བཞིའི་གཞུང་ལམ་སྟབས་བདེ་ས་ཞིག་ནས་རིན་གོང་མཐོན་པོ་བྱིན་ཏེ་རྩྭ་ས་གླ་དགོས་པ་སོགས་ཆ་རྐྱེན་མང་པོ་འཛོམ་དགོས། ང་ལ་དེ་འདྲའི་ཆ་རྐྱེན་གང་ན་ཡོད།”
“ལག་རྩལ་པ་ཟེར་ན?”
“གསེབ་ཀྱི་ཁུ་བ་བླངས་ནས་རྒོད་མའི་བུ་སྣོད་དུ་འཇོག་མཁན།”
“ཨ་ཙི། གསེབ་དང་རྒོད་མ་ཐད་ཀར་སྡེབ་པ་མིན་ནམ།”
“མ་རེད། དེ་ལྟར་བྱས་ན་ཐེངས་གཅིག་ལ་ཁུ་བ་མང་པོ་ཕྱུང་ནས་འཕྲོ་བརླག་བྱས་འགྲོ།”
“འོ་རེད། དེས་ན་དུས་རབས་གོང་མའི་ལོ་རབས་བདུན་ཅུའི་ནང་གི་བལ་འཇམ་ལུག་དང་བོད་ལུག་སྡེབ་སྦྱོར་བྱེད་སྟབས་རེད།”
“དེ་འདྲ་ངས་ཀྱང་གོ་མྱོང་། རྒྱུག་རྟ་འགྲན་བསྡུར་དུ་ཞུགས་པ་གཅིག་པོར་ཡང་དཔྱིད་དབྱར་སྟོན་གསུམ། ཉིན་མཚན་གཉིས་ཀར་རྟ་གཉོར་སྐྱོང་བྱེད་པ་གཅིག་པོ་མ་གཏོགས་ལས་ཀ་གཞན་པ་ལས་ཁོམ་མེད་པ་དང་། ད་རུང་ཆེད་བཀོལ་གསོ་ཆས་ཉོ་བ་དང་ཞོན་མཁན་བྱིས་པ་ལ་སྒོར་མོ་སྟེར་བ། བསང་མཆོད་ཆད་མེད་བྱེད་པ། བཅའ་བ་སྐུ་རིམ་སྒྲུབ་པ་སོགས་འགྲོ་སོང་མང་པོ་ཡོད་ལ། གལ་ཏེ་འགྲན་སྡུར་ཆེ་ཤོས་ཤིག་ཏུ་ཨང་རིམ་མཐོ་ཤོས་རེ་མ་ལོན་ན་ཡོང་སྒོ་ལས་འགྲོ་སྒོ་མང་། དེའི་ཕྱིར་ནག་མོ་མང་པོས་དེ་ལ་འཁང་ར་བྱས་ནས་བཟའ་འཐོར་བྱེད་མཁན་ཡང་ཡོད། ད་རུང་སྐྱེས་པ་ཚོའི་ནང་ནའང་འཁང་ར་བྱེད་མཁན་ཡོད། དཔེར་ན་སྐལ་བཟང་སྐེ་ལྟིག་ལྟ་བུ་རེད། ཁོས་རྒྱུན་དུ‘ངེད་ཚང་གི་མག་པ་ལ་རྟ་རྒྱུག་མ་གཏོགས་བསམ་རྒྱུ་མེད’ཟེར་ནས་འཁང་ར་བྱེད་པས་ངེད་གཉིས་ཀའི་འབྲེལ་བ་མི་བཟང་། གལ་ཏེ་ཁོ་ཤི་མེད་ན་ངས་ཀྱང་བཟའ་འཐོར་བྱེད་པའམ། ཡང་ན་ཁྱིམ་ཚང་ཁ་ཁ་བྱེད་དགོས་བསམ་བཞིན་ཡོད། གང་ལྟར་ཁྱོད་ཀྱིས་དྲྭ་དཔོན་རིག་ཁོ་མི་ཤེས་ཟེར་ན་ཡ་མཚན་རེད།”
“ཧེ་ཧེ། ངས་ཁ་པར་ལ་མི་ལྟ་བས་དྲྭ་དཔོན་ཚོ་མི་ཤེས་ཡ།”
“ཁྱོད་ཀྱིས་རྟ་རྒྱུག་ལ་མི་ལྟ། ཁ་པར་ལ་མི་ལྟ། དེས་ན་མཱ་ཅང་ཏག་ཏག་བརྒྱབ་ནས་འདུག་མཁན་ཨེ་ཡིན།”
“ངས་མཱ་ཅང་རྒྱག་མི་ཤེས།”
ཁོས་ཡང་བསྐྱར་ངའི་ངོ་ལ་ཞིབ་ལྟ་ཞིག་བྱས་པའི་ཚུལ་ལ་བལྟས་ན“འདི་ཅི་འདྲའི་མི་ཡ་མཚན་ཞིག་རེད་ཨང”བསམ་བཞིན་ལོས་ཡོད་སྙམ།
ངས་ཡང་བསྐྱར་ཁོའི་སྡོམ་པ་ཅི་ལྟར་ཤོར་བ་ཤེས་འདོད་སྐྱེས་ཏེ“ཡ། ཁྱོད་ཀྱི་སྡོམ་པ་ཅི་ལྟར་ཤོར་བ་ངོ་མ་མི་བཤད་དམ”ཞེས་དྲིས།
“ཧེ་ཧེ། ད་དེ་བཤད་སྲོལ་མེད།”
“བཤད་སྲོལ་མེད”ཟེར་བས་ང་ལ་ཡང་བསྐྱར་ལྷག་པར་ཤེས་འདོད་སྐྱེས་ནས“གལ་ཏེ་སྒོར་མོ་བྱིན་ན་བཤད་དམ”ཞེས་ཀུ་རེ་དང་གཟབ་ནན་འདྲེས་མའི་ཚུལ་གྱིས་དྲིས།
“ཧ་ཧ། གལ་ཏེ་སྒོར་མོ་བྱིན་ན་དེ་ཙམ་ཕར་ཞོག ‘གོང་ཁུགས་ན་རུམ་གི་བུ་ཡང་བཙོང’ཟེར་བ་མིན་ནམ། ཡིན་ཡང་དེ་སྒོར་མོ་ཅི་ཙམ་སྟེར་བ་ལ་ཐུག་ཡོད”ཁོས་ཀྱང་ཀུ་རེ་དང་གཟབ་ནན་གང་ཡིན་མི་ཤེས་པའི་ཚུལ་གྱིས་དེ་ལྟར་བཤད།
“སྒོར་མོ་ཅི་ཙམ་བྱིན་ན་བཤད་རྒྱུ་ཡིན?”
“ཨ་ལ་ཀུ་རེ་ཡིན། སྒོར་མོ་ཅི་ཙམ་བྱིན་ཡང་མི་བཤད། དེ་ངོ་མ་བཤད་སྲོལ་མེད། དེ་ངས་རང་གི་ཚེ་རོགས་ལའང་བཤད་མ་མྱོང་།”
“ཁྱོད་ཀྱི་སྡོམ་པ་འཆོར་ས་དེ་ད་ལྟའི་ཆུང་མ་མིན་ནམ།”
“དེ་ག་ལ་ཡིན། ངས་ཀ་ཅི་ནས་རྒྱ་མོ་ཞིག་གི་སྟེང་ལ་བཏང་བ་ཡིན། ཡ་ད་དེའི་སྐོར་མི་གླེང་། ཨ་ཤི་རེ་ཁོ། གལ་ཏེ་བརྡ་རྟགས་ཡོད་ན་ད་ནི་རྟ་རྒྱུག་བཞིན་པའི་སྒང་ཡིན་སྲིད།”
ངའི་སེམས་ནས་བརྡ་རྟགས་མེད་པ་ལ་དགའ་སྤྲོ་ཞིག་སྐྱེས།
ཆུ་ཚོད་གཅིག་ཙམ་ལ་སྨྱོན་པ་རྒྱུག་རྒྱུག་བྱས་མཐར་གཞི་ནས་གནམ་མ་གཏོགས་མི་མཐོང་བའི་ལུང་ཁོག་ཟབ་མོ་དེ་བརྒྱུད་ཚར་ཏེ་ཁོད་ཡངས་པའི་རྩྭ་ཐང་དུ་སླེབས། ང་ཚོའི་མགོ་ནས་སྨུག་པ་སྟུག་པོ་ཞིག་གཞི་ནས་དྭངས་སོང་བ་འདྲ་བའི་ཚོར་སྣང་ཞིག་སྐྱེས་པ་དང་མཉམ་དུ་བརྡ་རྟགས་ཀྱང་ཡོད་པར་གྱུར། ཡིན་ནའང་ཁ་ལོ་བས་ཁ་པར་ལ་བལྟས་ཚེ་སྡེ་བའི་རྟ་རྒྱུག་ཐད་གཏོང་བྱེད་མཁན་མེད་ལ། མི་འགའ་ལ་འཆར་བརྙན་བཀར་ཡང་ཁོ་ལ་ཁ་ཡ་བྱེད་མཁན་མ་ཡོད། དེ་ནས་ཁོས་མི་འགའ་ལ་ཁ་པར་བཏང་ནའང་སྔར་བཞིན་ཁ་པར་ལ་ཉན་མཁན་མ་བྱུང་། དེར་ང་ཡང་ཡ་མཚར་སྐྱེས་ཤིང་། ནུ་བོ་ལ་ཁ་པར་ཞིག་བཏང་ཡང་ཉན་མཁན་མེད། དེའི་ཕྱིར་ངེད་གཉིས་མ་བགྲོས་རང་མཐུན་གྱིས་ཅི་ཞིག་ལ་སེམས་ཁུར་བྱས། དེ་ཡང་གསལ་པོར་བཤད་ན་བཀྲ་མི་ཤེས་པའི་དོན་དག་ཅི་ཞིག་འབྱུང་བའམ་ཡང་ན་བྱུང་ཟིན་པར་སེམས་ཁུར་བྱས།
ཁ་ལོ་བས་སྣུམ་སྒོ་ཆེས་ཆེར་ཕྱེས་ནས་རྒྱུག་ཅིང་། ངས་ཀྱང་དལ་མོ་བྱེད་དགོས་པའི་དྲན་སྐུལ་མ་བྱས། མཚམས་ཤིག་སུ་ཞིག་གིས་ཁ་ལོ་བ་ལ་ཁ་པར་ཡོང་སྟེ“འབྲོག་རྟ་ཕྱི་རྟ་མཉམ་དུ་རྒྱུག་ཆོག་མིན་བརྩད་ནས་རྡུང་རེས་བརྒྱབ་སྟེ་དྲྭ་དཔོན་རིག་ཁོ་བསད་སོང་། ད་དུང་མི་འགའ་རེར་རྨས་ཕོག་ཡོད……”ཟེར།
ངེད་གཉིས་ལ་ཁ་བརྡ་མེད་པར་བརྒྱུགས་བརྒྱུགས་མཐར་གཞི་ནས་རྩེ་གཞུང་རྩྭ་ཐང་དུ་སླེབས། དབྱར་གཞུང་གི་རྩྭ་ཐང་ལྗང་ལྡེམ་མེར། མེ་ཏོག་སྣ་བརྒྱ་ཁྲ་ཆིལ་ལེར་འདུག ལྷག་པར་དུ་དེ་རིང་ནམ་མཁའ་ཧ་ཅང་སྔོ་ཞིང་སྤྲིན་པ་ཤིན་ཏུ་དཀར། འདི་ནི་གྲོང་ཁྱེར་དུ་ཕལ་ཆེར་མཐོང་རྒྱུ་མེད། རླངས་འཁོར་གྱི་སྒེའུ་ཁུང་ཕྱེས་ཚེ་སྤང་སྤོས་ཀྱི་དྲི་ཞིམ་འཐུལ་ཡོང་། ཡིན་ནའང་དེ་རིང་ང་ལ་འདི་དག་མྱོང་རོལ་བྱེད་པའི་སྤྲོ་བ་མེད་པར་མུ་མཐུད་དུ་བརྒྱུགས། ངེད་ཚོའི་སྡེ་བའི་སྒར་ཤོག་གི་འདབས་ལ་སླེབས་པ་ན་མི་ཚོགས་ཕྱོགས་གཉིས་སུ་གྱེས་ཏེ་འུར་འུར་ཟིང་ཟིང་བྱེད་བཞིན་འདུག་ལ། སོ་སོའི་མདུན་ན་གློག་དམར་པོ་དང་སྔོན་པོ་རེས་མོས་སུ་འཁྱུག་བཞིན་པའི་ཉེན་རྟོག་རླངས་འཁོར་དང་བཅས་ཉེན་རྟོག་པ་མང་པོས་བཀག་འདུག སྒར་ཤོག་དཀྱིལ་ན“2024年泽雄村民族团结杯赛马会(2024ལོའི་རྩེ་གཞུང་སྡེ་བའི་མི་རིགས་མཐུན་སྒྲིལ་བུམ་པའི་རྟ་རྒྱུག་འགྲན་ཚོགས)”ཞེས་པའི་རྒྱ་ཡིག་གི་འཕྲེད་བྱང་དམར་པོ་མཐོ་རུ་འཐེན་ཡོད་པའི་ཚོགས་ར་དེ་སྟོང་འཇགས་སེ་འདུག །
——2024ལོའི《གསེར་མོ་ལྗོངས》དེབ་གཉིས་པ་ལས་བདམས།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ལོ་ཕྱེད་དེབ《གསེར་མོ་ལྗོངས》