མགོ་ལོག་འགྲིམ་པའི་ཟིན་ཐོ་ལས། གསུམ་པ།

    ཉིན་གསུམ་པ།
   གནམ་ཐིངས། ཆར་ཤ་གློ་བུར་བ་རེ་ཐོལ་གྱིས་འོང་། སྔ་དགོང་ལ་ཅུང་གྲང་།
   དེ་རིང་ནི་རྟ་བོ་ཐང་ལ་སླེབས་པའི་ཉིན་གཉིས་པ་རེད། གཞུང་ལམ་ཁོད་ཡངས་པ་དེའི་མཚམས་རེ་ན་བཞི་མདོ་ཁ་ཤས་གྱེས་ཡོད་མོད། སྲང་ལམ་གྱི་ཕུ་ཐག་མི་རིང་བས་བལྟས་མ་ཐག་ཚོང་ཁང་དང་ཟ་ཁང་སོགས་ཅི་ཞིག་ཡོད་པ་ཕལ་ཆེར་མཐོང་ཐུབ། ཁུལ་ཆགས་སའི་གྲོང་ཆེ་རྒྱུ་མེད་པས་མཐའ་ཡི་སྤང་དང་རི་བོ། དེའུ་འབུར་སོགས་ཧ་ཅང་ཐག་ཉེ་བར་སྣང་། འདི་ནས་གནམ་ཐིངས་དུས་ནུབ་ཕྱོགས་སུ་བལྟས་ན་ཨ་མྱེ་རྨ་ཆེན་མཐོང་ཐུབ་ཟེར་མོད། དེ་རིང་ནི་ནུབ་ཕྱོགས་ན་སྤྲིན་པ་ཅུང་མཐུག་པས་མཐོང་ཐབས་བྲལ།
  ཉིན་གུང་འཇུ་སྐལ་བཟང་དང་འཕྲད་པའི་དུས་བཏབས་ཡོད་པས། ཁོང་གི་གཞུང་སྒྲུབ་ཁང་ལ་ཕྱིན་པ་ཡིན། ཁོང་གི་ཕྱག་ལས་ནི་ཁུལ་སྲིད་གཞུང་གི་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་དུ་ཡོད་ལ། གཞུང་ལས་ཁང་ཁུལ་སྲིད་གཞུང་གི་ར་སྐོར་གྱི་དབུས་སུ་ཁ་མར་འཁོར་ཡོད་པའི་ཐོག་ཁང་ཞིག་གི་ཉིས་ཐོག་ན་འདུག ང་ཚོ་ནང་ལ་ཕྱིན་དུས་ཁོང་ཚོགས་འདུ་འཚོག་པར་ཕྱིན་འདུག་པས་ཅུང་ཟད་སྒུག་དགོས་བྱུང་སོང་། གཞུང་ལས་ཁང་གི་ཁང་བ་ཆེ་རྒྱུ་མེད་ལ་གོས་གདང་ཞིག་དུ་ཁ་བཏགས་མང་པོ་བཀལ་ཡོད་པ་དང་། ནང་དུ་བདག་པོ་འདུག་སའི་འབོལ་སྟེགས་ཀྱི་མདུན་ནི་ཅོག་ཙེ་རིང་བོ་ཞིག་གིས་བཅད་ནས་གཞིས་མགྲོན་གྱི་དབྱེ་བ་ཕྱེས་ཡོད་པ། དེའི་མར་ནང་དུ་ཡང་འབོལ་སྟེགས་ཁ་ཤས་གྲལ་བསྒྲིགས་ཡོད་པའི་མདུན་ལ་ཅོག་ཙེ་དམའ་ཤོས་རེ་བཞག་ཡོད་པ་སོགས་རྒྱུན་ལྡན་གྱི་གཞུང་ལས་ཁང་ཞིག་ལས་གཞན་པའི་བཀོད་པ་ཅང་མེད་མོད། དཔེ་སྒྲོམ་དུ་བོད་ཡིག་གི་དཔེ་ཆ་མང་པོ་ཞིག་བསྒྲིགས་ཡོད་ལ་མདུན་ཅོག་སྟེང་དུ་རྒྱ་བོད་ཚིག་མཛོད་དང་དུང་དཀར་ཚིག་མཛོད་སོགས་ཚིག་མཛོད་མང་པོ་ཞིག་བརྩེགས་ཡོད་ཅིང་། མི་རིགས་རྩོམ་རིག་སོགས་དུས་དེབ་གསར་ཤོས་མང་པོའང་གཞུང་གི་ཡིག་ཆ་དག་གི་གྲས་ན་མང་དུ་ཡོད་པར་བལྟས་ན་ཁོང་གིས་བྱ་བ་སྣ་ཚོགས་ཀྱི་བར་གསེང་དུ་དཔེ་ཆ་ཀློག་པའི་མཚམས་ད་དུང་བཞག་མེད་པ་ཤེས་ཐུབ།
  དུས་ཚོད་ཅུང་འགོར་རྗེས་ཁྱིམ་མཚེས་ཀྱི་གཞུང་ལས་ཁང་ནས་ཚོགས་འདུ་གྲོལ་སོང་བས། ཁོང་རང་གི་གཞུང་ལས་ཁང་ལ་འཛུལ་བྱུང་། སྔོན་ཆད་འཆད་ཁྲིད་སོགས་ལས་ཁོང་ལ་ཐེངས་མང་པོར་མཇལ་མྱོང་མོད། དེ་རིང་འདི་འདྲ་བཞིན་ཐག་ཉེ་ས་ནས་ཁ་བརྡ་ཀློད་ཅིང་བསྡད་པ་མེད། ཁོང་གི་གཟུགས་པོ་ནི་བདག་གིས་ཡིད་ཚོད་བྱས་པ་ལས་ཅུང་ཐུང་བར་སྙམ་ལ། ཕར་བལྟས་ཚོད་ཀྱིས་ལོ་ཚོད་ཀྱང་ཅུང་ཆུང་བའི་སྣང་བ་སྟེར། ནང་དུ་སླེབས་མ་ཐག་བདག་དང་གྲོགས་པོ་ལ་ལག་འཇུ་གནང་ཞིང་། ཁ་བརྡ་ལྷུག་པོར་གནང་བྱུང་། ང་ཚོས་ཡོང་དོན་དག་སྔར་ལས་ཅུང་རྒྱས་པར་བཤད་ཅིང་དེར་བསྟུན་གྱིས་དུས་ཚོད་ཀྱང་བཀོད་སྒྲིག་བྱས་པ་ཡིན། འདི་དག་ཚང་མར་ཁོང་གིས་འཕྲལ་མར་དང་ལེན་གནང་སོང་ལ་པར་དང་རྩོམ་གྱི་མ་ཡིག་སོགས་མཁོ་སྤྲོད་གནང་བའི་རེ་བ་ཞུས་པར་དེ་མ་ཐག་ཁས་བླངས་སོང་བས། བདག་གི་ཐོག་མར་ངོ་འཕྲད་པའི་སེམས་ཁྲལ་དག་ཞི་བར་བྱས་སོང་། ཁོང་གིས་ཁ་བརྡ་ཀློད་དུས་མིག་མདངས་ནི་ནམ་ཡང་ང་ཚོ་ལ་གཏད་ཅིང་སྐབས་སྐབས་སུ་ལག་བརྡ་ཤུགས་ཆེ་བས་གོ་བ་སྤྲོད་པར་རམ་འདེགས་ཀྱིན་འདུག ཁོང་གི་ཚིག་འགྲོས་ནི་ཅུང་ཟད་མྱུར་མོད། མགོ་ལོག་གི་སྐད་ཀྱི་ཁྱད་ཆོས་ཡིན་ནམ་ཁོང་རང་གི་གོམས་གཤིས་ཡིན་ནམ། གང་ལྟར་ཡིག་འབྲུ་རེ་རེ་ལྕེ་ཐོག་ལ་གསལ་བོར་བླངས་ནས་སྒོར་འདོན་པས། སྐད་ཆའི་འགོ་སྔ་གང་ལའང་ཚིག་ཐག་ཆོད་པའི་སྣང་བ་ཞིག་སྟེར།
  ཉི་མ་འདི་ཚོའི་རིང་མགོ་ལོག་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་འགན་བླངས་ནས་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་ལོ་ཙཱ་བྱ་བའི་ཚོགས་འདུ་ཞིག་འཚོག་རྒྱུའི་སྟ་གོན་བྱེད་བཞིན་པས་ཁོང་རང་ཕྱག་ལས་ལ་བྲེལ་བ་སྔར་ལས་ཀྱང་ཆེ་བའི་དུས་ཤིག་ལ་སླེབས་འདུག དེ་བས་ང་ཚོས་ཁོང་གི་ཕྱག་ལས་ལ་འགོར་འགྱངས་མ་བཟོས་པར་ཡུད་ཙམ་འགོར་རྗེས་ཕྱི་ལ་ཐོན་པ་ཡིན། ཐོག་མར་ངོ་འཕྲད་པའི་དོན་ལེགས་པར་འགྲུབ་སོང་ལ། ཕྱིས་ཀྱི་བྱ་བ་ལའང་ཁག་ཐེག་ཅུང་ཟད་འདུག་སྙམ་པས་སེམས་པ་སྐྱིད་པོ་ཞིག་བྱུང་སོང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགོ་ལོག་འགྲིམ་པའི་ཟིན་ཐོ་ལས། གསུམ་པ།

2011-08-31 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།