ཕ་ཡུལ་དང་གྲོང་ཁྱེར།

   ང་ནི་རུས་རྒྱུད་གཙང་བའི་བོད་པ་རྣལ་མ་ཞིག་ཡིན། རྒྱུ་མཚན་བོད་པ་ཡིན་པས་ངས་ནམ་ཡང་སྤྲིན་པ་ལྟར་དཀར་བའི་གངས་རི་དང་ནམ་མཁའ་ལྟར་ཡངས་པའི་རྩྭ་ཐང་། ད་དུང་དཀར་ཚོགས་ལྟར་བཀྲ་བའི་རྟ་ནོར་ལུག་གསུམ་དྲན་འོང། མདོར་བསྡུས་ན་ངས་རང་བྱུང་གི་མཛེས་སྡུག་ལྷད་མེད་པ་དེ་མཐོང་ན་འདོད།
   ང་འདུག་སའི་སློབ་གྲྭའི་མལ་ཁང་ནི་ཁང་བརྩེགས་བཞི་བ་ཡིན་ཞིང་ངས་ཕ་ཡུལ་དྲན་ཐེངས་རེར་སྒེའུ་ཁུང་འགྲམ་ནས་ཐང་ཡངས་པའི་རང་བྱུང་ཁམས་ལ་རྒྱང་ལྟ་བྱེད་བསམ་ན་ངའི་མཐོང་ལམ་མགོ་ཡུ་འཁོར་བར་བྱེད་པའི་ཁང་བརྩེགས་སྣ་ཚོགས་ཀྱིས་བསྒྲིབས་སོང། འཛུགས་བསྐྲུན་དགོས་ན་ཡང་ཁང་བ་འདི་ལྟར་གྱེན་ལ་བརྩེགས་དགོས་པ་དང་བར་ཐག་གདོང་ཐུག་བརྒྱག་ལ་ཁད་ཀྱིས་ངའི་རང་བྱུང་མཛེས་སྡུག་ལ་དུངས་པའི་མིག་གི་རྣམ་ཤེས་ལ་ཡོལ་བ་འཐེན་དགོས། ངོ་མ་རང་ཉིད་ནི་གྲོག་ཚང་ནང་གི་གྲོག་མ་ཞིག་དང་འདྲ་བར་དབུགས་ཡངས་མོ་ཞིག་ཀྱང་ལེན་དཀའ་བའི་སྣང་བ་སྟེར། ངས་ད་དུང་སྒེའུ་ཁུང་གམ་ནས་ཕྱི་རོལ་དུ་བལྟ་སྐབས་རྒྱའི་རྩོམ་པ་པོ་ཡུས་ཇེ་<余杰>ལགས་ཀྱི་གནད་ལ་ཁེལ་བའི་འོ་དོད་དང་ཁོ་ཡང་ང་དང་འདྲ་བར་སྒེའུ་ཁུང་གམ་ནས་འགྲེངས་ཏེ་རང་བྱུང་མཛེས་སྡུག་ལ་འཚོལ་བསྙེག་བྱེད་པའི་རྣམ་པ་ཞིག་གློག་བརྙན་ཤར་བ་བཞིན་མིག་ལམ་ལ་ཐོལ་གྱིས་འཆར་འོང་། འདི་ནི་དུང་དཀར་སེར་སྣང་གི་དབང་ཤེས་ལྟ་བུ་ཡིན་པ་སྨོས་མེད་ཡིན་ལ་ང་ལ་མཚོན་ན་འཆར་ཡན་ལ་འདྲེས་པའི་དྲན་པ་རྙེད་སྟངས་ཤིག་ཀྱང་རེད། ང་ནི་ཆུང་དུང་ནས་ནམ་མཁའ་ལྟར་ཡངས་པའི་དྲན་པ་འཆར་ཡན་ལ་དགའ།
   ཡུས་ཇེ་ན་རེ། ‘‘ངས་ཧ་མི་གོ་བ་ཞིག་ལ་མིའི་རིགས་ཀྱིས་ཅིའི་ཕྱིར་ཁང་བརྩེགས་ཇེ་མཐོ་ནས་ཇེ་མཐོ་དང་། བར་ཐག་ཡང་ཅིའི་ཕྱིར་ཇེ་ཉེ་ནས་ཇེ་ཉེ་གཏོང་དགོས། མིའི་རིགས་ཀྱིས་ཕུག་རོན་གཟེབ་དྲའི་ནང་དུ་བཅུག་པ་དང། མཐའ་མཇུག་རང་ཉིད་ཀྱང་གཟེབ་དྲའི་ནང་དུ་འཛུལ་སོང་། ”
   ང་ནི་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལས་ཅན་ཞིག་ཡིན་ན་གཟེབ་དྲའི་ནང་ལ་ཚུད་པའི་ཕུག་རོན་ཞིག་ཡིན་མི་དཔེ་ལ་ཟས་ཁོ་ནའི་ཆེད་དུ་འདུར་རྒྱུགས་བྱེད་པའི་གྲོག་མ་ཡང་ཡིན་མི་སྲིད།
   ངའི་ཕ་ཡུལ་མཐོ་སྒང་དུ་ཡངས་མོ་རླུང་ལ་འགྲོགས་པའི་ཁ་དབུགས་ཡང་མེ་ཏོག་ཨར་ནག་གི་ཞིམ་མངར་འཐུལ་བའི་དྲི་བསུང་ཇི་བཞིན་ངའི་སྣ་ཤེས་ཀྱི་དབང་བོ་བཟི་རུ་བཅུག་ཡོད་ངེས། སྔོན་ཆད་ཐབ་ཀ་མ་གཏོགས་ངོ་མི་ཤེས་པའི་སྐབས་སུ་ངས་རྟག་ཏུ་དྲན་པ་ནི་ཁང་བརྩེགས་དང་གླིང་ཀ་སྤྱི་གླིང་སོགས་ཀྱིས་མཚོན་པའི་རང་བྱུང་ཁོར་ཡུག་ལ་བཟོ་བཅོས་སྣ་ཚོགས་བརྒྱབ་པའི་གྲོང་ཁྱེར་ཞེས་པ་དེ་རེད། གྲོང་ཁྱེར་གྱི་འཛུགས་བསྐྲུན་ལས་མིའི་རིགས་ཀྱི་བློ་གྲོས་དང་འཕེལ་རྒྱས་མཐོང་ན་ཡང་ང་གྲོང་ཁྱེར་དུ་ཡོང་ནས་ལོ་གཉིས་འགོར་བའི་དེ་རིང་ངས་ལྡོག་སྟེ་ཆེས་དྭངས་གཙང་གི་མིག་ཟུང་ཞིག་སྤྱད་དེ་ཆེས་དྭངས་གཙང་གི་རང་བྱུང་ཁོར་ཡུག་ངོ་མ་ཞིག་དང་ཆེས་དྭངས་གཙང་གི་རྣམ་ཤེས་ཀྱིས་ཟིན་པའི་དཔུང་སྡེ་གསར་བ་ཞིག་མཐོང་ན་འདོད། ང་ད་ལྟ་གྲོང་ཁྱེར་ལ་མི་དགའ།
    གལ་ཏེ་རང་བྱུང་ཁོར་ཡུག་འདི་མཛེས་ཤིང་བལྟ་ན་སྡུག་པའི་མཛེས་མ་ཞིག་གི་ངོ་གདོང་ཞིག་ཡིན་པའི་དབང་དུ་བཏང་ན་ཁོ་ཚོས་འཛེམ་དོགས་ཅི་ཡང་མེད་པར་མཚོན་མདུང་རྣོན་པོ་བཟུང་སྟེ་ཧ་ཅང་གདུག་རྩུབ་ཀྱིས་སྒེག་མོའི་མཛེས་སྡུག་དེ་ཡར་གཞོགས་མར་གཞོགས་བཅོ་བརྒྱད་བྱས་སོང་། སྟོང་འདང་ལྷག་མ་ཞིག་བརྒྱབ་ན་ཁོ་ཚོས་རང་བྱུང་ཁོར་ཡུག་འདི་རང་བྱུང་གི་ལྡོག་ཟླ་བཅོས་མ་དང་རྫུན་མ་ཞིག་ཏུ་བཏང་རྗེས་མཐའ་མཇུག་རང་གི་མི་ཚུགས་ཡང་ཚུགས་ཀ་ཡ་མ་བརླ་ཞིག་ཏུ་མི་བསྒྱུར་བའི་ངེས་པ་ག་ལ་ཡོད།    
    དེ་བས་ང་ད་ལྟ་སེམས་གཏིང་ནས་ཚན་རིག་པ་དང་བཟོ་ཤེས་པ་གཉིས་ལས་བསམ་བློ་བ་དང་ཆོས་ལུགས་པ་རྣལ་མ་ལ་ཡིད་ཆེས་ཡོད་ལ་དགའ་ཡང་དགའ།
    ལོ་ངོ་གཅིག་གི་སྔོན་དུ་ངས་རེ་སྨོན་འཛུམ་མདངས་སུ་བསྡུས་ནས་ད་ལྟ་གནས་པའི་གྲོང་ཁྱེར་འདི་ལ་ཐོན་པ་ཡིན། གྲོང་ཁྱེར་ནི་དངོས་འབྲེལ་ངས་སྔོན་ཆད་རྩྭ་ཐང་ནས་མཐོང་བའི་ས་སྤུངས་ཐོག་ཏུ་བྱས་པའི་གྲོག་ཚང་དང་ཨ་ན་མ་ན་རེད། ས་གོ་ལ་དེ་ལྟ་བུ་ཆེ་ན་ཡང་ང་ཚོ་ཅིའི་ཕྱིར་གཞི་གཅིག་ཏུ་མཉམ་རུབ་བརྒྱབ་སྟེ་དབུགས་ཀྱང་རྔུབ་དཀའ་བ་ཞིག་ཏུ་ཆགས་དགོས། ང་ཁྲོམ་གཞུང་ག་གེ་མོ་ནས་འཆམ་འཆམ་དུ་འགྲོ་སྐབས་རང་ཉིད་ནི་གྲོག་ཚང་ཆེན་པོ་ཞིག་གི་ནང་ན་འདུར་རྒྱུགས་བྱེད་བཞིན་པའི་གྲོག་མ་ཞིག་ཡིན་པའི་འཁྲུལ་ཤེས་འཆར་འོང་། ང་ནི་གྲོག་མ་ཞིག་དང་འདྲ་བར་གྲོག་ཚང་ལྟ་བུའི་གྲོང་ཁྱེར་དུ་སྐོར་ཉུག་བྱས་ན་ཀུང་ཟིའི་ར་སྐོར་དང་སྤྱི་གླིང་སོགས་ནས་རྩྭ་ཐང་བཅོས་མ་དང་། རི་བཅོས་མ་། ཆུ་བཅོས་མའི་མཛེས་ལྗོངས་མཐོང་ངེས་ལ། སྐབས་དེར་ངས་ཕ་ཡུལ་མཐོ་སྒང་གི་རང་བྱུང་ཡུལ་ལྗོངས་ངོ་མ་སྟེ།ཚར་དུ་དངར་བའི་གངས་རིའི་གཟི་ཉམས་དང་། མུ་མཐའ་མེད་པའི་རྩྭ་ཐང་། ད་དུང་སྔོ་ཞིང་དྭངས་པའི་ནམ་མཁའ་སོགས་དྲན་པའི་ངོ་ལ་ཤུགས་ཀྱིས་འཆར་འོང་། ང་ནི་མཐུ་སྔགས་ཐེབས་པ་ཞིག་དང་འདྲ་བར་ཁྲོམ་གཞུང་དུ་ཀྲོང་ངེར་འགྲེངས་ཏེ་ངུས་པ་ཡིན།  
    ངོ་མ་གླེང་ན་འདི་ནི་ངས་ཕ་ཡུལ་ལ་བཅངས་པའི་ཤ་ཞེན་གྱི་བརྩེ་དུང་དང་ལ་རྒྱ་ཡིན་པ་ལས་བོད་ཁུལ་མ་ཡིན་པའི་ས་ཆ་གཞན་དུ་ཡང་རང་བྱུང་གི་ཡུལ་ལྗོངས་བལྟ་ན་སྡུག་པ་ནམ་རྒྱུན་བརྙན་འཕྲིན་ལས་མཐོང་ཐུབ་ན་ཡང་སེམས་ཀྱི་ཟབ་ས་ལ་ཟུག་པའི་ཕ་ཡུལ་དེ་མི་དྲན་རང་དྲན་རེད།
   ད་ལྟ་ང་གྲོང་ཁྱེར་དུ་ཐོན་ནས་ལོ་ངོ་གཉིས་དང་ཕྱེད་ཀ་འགོར་ཞིང་ངའི་ཕྱི་ཚུགས་དང་ནང་སེམས་གཉིས་ཀ་སྔོན་ཆད་ཕ་ཡུལ་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ངའི་མགོ་སྐྲ་སེར་པོ་དང་གློག་བརྒྱབ་སྟེ་གཟེངས་སུ་བཅུག་ནས་ཕྱི་ཚུགས་རྒྱ་མི་ཞིག་དང་འདྲ་ལ་ནང་སེམས་གཞན་མི་རིགས་ཀྱི་འདུ་ཤེས་ཀྱིས་བཟུང་སྟེ་ངའི་རྣམ་ཤེས་ཀྱི་ཞགས་ཐག་ཕ་ཡུལ་དང་རྒྱང་ཐག་རིང་བའི་ཕུར་ཤིང་བརྟན་པོ་ཞིག་ལ་བཏགས་པ་དང་འདྲ་བར་ང་ཕ་ཡུལ་གྱི་མི་དམངས་ལ་ཁ་ཐག་ཇེ་རིང་ནས་ཇེ་རིང་རེད། སྟབས་བདེ་ངང་གླེང་ན་རྒྱའི་རྩོམ་པ་པོ་པོ་ཡང་〈伯杨〉ལགས་ཀྱིས་བྲིས་པའི་ཐ་ཤལ་གྱི་ཀྲུང་གོ་བ་དེ་ནི་རང་ཉིད་ཨེ་ཡིན་སྙམ་པའི་དངངས་འཚབ་སྐྱེས་ལ། དེ་དང་ལྷན་དུ་རང་ཉིད་དང་ན་ཚོད་དང་མཉམ་པའི་ཕ་ཡུལ་གྱི་ཡུལ་མི་རྣམས་དྲན་ན་རང་གི་ཕ་ཡུལ་ནི་མི་ཤ་དང་མི་ཁྲག་དང་འཐུང་བའི་འཇིག་རྟེན་གསར་བ་ཞིག་ལ་འཐིམ་བཞིན་པའི་སྣང་བ་འཆར་འོང་། དེ་ནི་འཇིགས་སུ་རུང་བའི་གློག་བརྙན་ཞིག་ལ་བལྟ་བ་ཇི་བཞིན་ངའི་ལུས་སེམས་རེ་ཞིག་ལ་གཏིང་ནས་སྦྲིད་འགྲོ།
    ད་ལྟ་ངས་སློབ་ཆེན་འདི་ན་སློབ་སྦྱོང་བྱེད་བཞིན་ཡོད།ལོ་ངོ་གཅིག་གི་སྔོན་དུ་ང་ནི་གྲོང་ཁྱེར་འདིའི་ནང་ན་གྲོག་མ་ཞིག་གི་ཟོལ་གྱིས་རང་གི་ཁ་རྒྱབ་ཀྱི་ཆེད་དུ་ཉིན་ཧྲིལ་བོར་ངལ་རྩོལ་བྱེད་པའི་འཐབ་མོ་བ་ཆུང་ཆུང་ཞིག་སྟེ། རྒྱུ་སྟོབས་འཛོམས་པའི་སྦྱིན་བདག་ཅིག་གི་མངའ་འོག་ཏུ་ལས་ཀ་གཉེར་བཞིན་ཡོད། དུས་དེར་ངས་ཡིད་ཀྱི་གཏིང་ལ་གྲོང་ཁྱེར་འདི་གྲོག་ཚང་དང་རང་ཉིད་ནི་གྲོག་མ་ཞིག་ཡིན་པའི་སྣང་བ་མེད་པར་ལྡོག་སྟེ་གྲོང་ཁྱེར་དང་གྲོང་ཁྱེར་བ་ནི་ལྷ་ཡུལ་དང་ལྷ་ལྷ་མོ་ལ་འཁྲུལ་ཡོད་་སྟབས་ངས་རང་ཉིད་མི་ནས་ལྷ་ཞིག་ཏུ་འགྱུར་བའི་ཆེད་དུ་གྲོང་ཁྱེར་གྱི་སྲང་ལམ་ག་གེ་མོ་ནས་གད་སྙིགས་རྫོད་པོ་མཐོང་ན་གད་སྙིགས་སྣོད་དུ་བླུགས་པ་དང་། རང་གི་ལས་གྲོགས་རྣམས་ལ་རང་གི་ལྷག་བསམ་རྣམ་དག་བླ་ཆེན་ཞིག་ལ་ལུས་ངག་ཡིད་གསུམ་འབུལ་བ་བཞིན་དུ་ཕུལ་བ་ཡིན། ད་ལྟ་ཕྱིར་དྲན་བྱས་ན་དེ་ནི་ངའི་ཕ་ཡུལ་གྱི་ཨ་མས་ཚེ་ཕྱི་མར་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བའི་ཆེད་དུ་དུས་རྒྱུུན་མ་ཎི་བགྲང་བ་དང་ཧ་ཅང་མཚུངས། ང་ལ་ཁག་མེད་དེ་རྒྱུ་མཚན་ངས་ཕ་ཡུལ་དུ་གློག་བརྙན་ལས་མཐོང་བའི་གྲོང་ཁྱེར་བ་ནི་ཀུན་སྤྱོད་ལྡན་པ། བརྩི་བཀུར་ཆེ་བ། ཤེས་ཡོན་ལྡན་པ། བློ་ཁོག་ནམ་མཁའ་ལྟར་ཡངས་པ་རྐྱང་རྐྱང་ཡིན་པས་ངའི་ཡིད་སེམས་དབང་མེད་དུ་བཀུག་སྟེ་མཐའ་མཇུག་ངས་ཕ་ཡུལ་རྒྱབ་ཏུ་དོར་ཏེ་རྒྱུས་མངའ་མེད་པའི་གྲོང་ཁྱེར་འདི་པང་དུ་ལེན་དགོས་བྱུང་། ཡང་གཅིག་གླེང་ན་འདི་ནི་ང་ཤེས་ཡོན་ལ་དགའ་བའི་རྟགས་མཚན་ཡིན་ལ་ཁྱད་པར་དུ་ཕ་ཡུལ་ན་མཐོང་མྱོང་མེད་པའི་ངོ་མཚར་བའི་ཅ་ལག་སྣ་ཚོགས་དང་འཕྲུལ་ཆས་སོགས་ལ་སེམས་ཤོར་བའི་བསླུ་བྲིད་ཅིག་ཀྱང་རེད། གྲོང་ཁྱེར་གྱི་འགྲོ་འདུག་ཁྲོད་དུ་སྒྱུ་མའི་རྟ་གླང་ཇི་བཞིན་མིག་དང་ཀླད་པ་འཁྲུལ་བར་བྱེད་པའི་ལག་རྩལ་དང་ཤེས་བྱ་སྣ་ཚོགས་ཀྱིས་ཁྱབ་ཡོད་སྟབས་ངའི་ཕ་ཡུལ་དང་བསྡུར་ན་གྲོང་ཁྱེར་ནི་གནམ་རེད་ལ་ཕ་ཡུལ་ནི་ས་རེད། ང་གྲོང་ཁྱེར་དུ་ཐོན་ནས་ངའི་ཤེས་བྱའི་སྤུས་ཀ་གོང་འཕེལ་དུ་སོང་བ་སྨོས་མེད་ཡིན་ན་ཡང་ངའི་བསམ་བློའི་སྤུས་ཀ་ཉམས་རྒུད་དུ་གྱུར་ཏེ་ང་ནི་རློམ་རྒྱུ་མེད་པའི་གྲོང་ཁྱེར་བ་ཞིག་ཏུ་གྱུར་ལ་ཉེ། ཡིན་ན་ཡང་ང་གྲོང་ཁྱེར་བ་ལ་གཏན་ནས་བསྡུར་ཐབས་མེད་དེ། གྲོང་ཁྱེར་བ་མེས་པོ་ནས་བརྒྱུད་པའི་ཁང་པ་དང་གཉེན་ཉེ་ཡོད་ལ་ང་ལ་ཅི་ཡང་མེད། གཞན་ཞིག་ནི་གྲོང་ཁྱེར་བའི་མིག་ལམ་དུ་ང་ནི་ཕྱི་ནས་ཡོང་བའི་ཞིང་གྲོང་བ་ཤེས་མེད་ཅིག་རེད་ལ། ལྷག་ཏུ་རྒྱ་སྐད་ཚད་ལྡན་བཤད་མི་ཤེས་པའི་གྲངས་ཉུང་མི་རིགས་གཞུང་དྲང་ཞིག་ཡིན་པས་གྲོང་ཁྱེར་བས་དུས་རྒྱུན་གླེང་བའི་མི་བླུན་པོ་ཟེར་བ་དེ་རེད་འདུག། དེ་ནི་གྲོང་ཁྱེར་བའི་བསམ་བློའི་རྣམ་པ་ཞིག་ལས་དོན་ངོ་མ་ང་བླུན་པོ་ཞིག་གཏན་ནས་མིན།ངས་གྲོང་ཁྱེར་བ་ཇི་བཞིན་རྒྱུ་ནོར་གྱི་ཆེད་དུ་གཡོ་སྒྱུ་ཁྲམ་གསུམ་བློ་གྲོས་ཤིག་ཏུ་བརྩི་མི་འདོད་ལ། གཞུང་དྲང་པའི་མི་བཟང་ཞིག་ལ་མཛུབ་མོ་ཀེར་ནས་བླུན་པོ་ཞེས་ནས་ཀྱང་འཕྱ་མི་འདོད།
    གལ་ཏེ་རི་བྱ་ཞིག་གཟེ་དྲའི་ནང་དུ་བཅུག་ན་ཁོས་རྟག་ཏུ་དྲན་པ་ནི་ནམ་མཁའི་རང་དབང་གི་འཚོ་བ་དང་དགའ་མ་ཡིན་ངེས་ལ། དེ་དང་མཚུངས་པར་ང་གྲོང་ཁྱེར་བའི་ཁ་འོ་མ་དང་ཁོག་ཚེར་མའི་ཡོ་དོང་ལ་ལྷུང་སྐབས་ངས་དྲན་པ་ཁོ་ན་ནི་ངེད་ཚང་གི་བརྙན་འཕྲིན་ལས་འཆར་བའི་བསམ་བློ་ཀུན་སྤྱོད་ལྡན་པའི་གྲོང་ཁྱེར་བ་དེ་དག་རེད། ཡང་གལ་ཏེ་ང་ལ་ཁྲི་ཚོ་ལྔ་བརྒྱ་ཡིན་པའི་འཇེབ་འཁོར་ཞིག་དང་རྩེ་མོ་དགུང་ལ་ཟུག་པའི་ཀུང་ཟི་ཞིག་ཡོད་རྒྱུ་ན་ང་ནི་ཞིང་གྲོང་བ་མིན་པར་གྲོང་ཁྱེར་བའི་ངོ་སོ་དང་གཟི་དཔལ་ཡིན་ལ། བསམ་ཡུལ་ལས་འགོངས་པ་ལ་ངའི་ཕ་ཡུལ་གྱི་ཡུལ་མིས་མཇལ་དར་བཟུང་སྟེ་ང་ལ་བསུ་མ་བྱེད་ཀྱང་སྲིད། ང་འདི་ལྟར་སྟོང་འདང་ལ་བྱིངས་ན་མི་ནི་མ་གཞི་ནས་འཇིགས་སུ་རུང་བ་ཞིག་ཡིན་པའི་སྣང་བ་འཆར་འོང།
    ལོ་གཉིས་ལྷག་འགོར་བའི་དེ་རིང་ངས་ཕ་ཡུལ་གྱི་ཤེས་རྨོངས་དང་རྗེས་ལུས་མེ་ལོང་ལ་བལྟ་བ་བཞིན་གསལ་བོར་མཐོང་ན་ཡང་ང་སྔོན་ཆད་བཞིན་གྲོང་ཁྱེར་ལ་གཏན་ནས་མི་དགའ། ད་ལྟ་ང་གྲོང་ཁྱེར་གྱི་ཡོད་ཚད་ལ་དོགས་པ་ཟ་འོང་།
                                                                                                        ༢༠༡༡.༣.༡༨

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་དང་གྲོང་ཁྱེར།

2011-07-15 གདུ་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།