ནམ་ཡང་སེམས་ལ་ཟུག་འོང་བའི་ཚེར་མའི་མེ་ཏོག
༡. བོད་ཀྱི་ན་གཞོན་མི་རིགས་གཞན་དང་ཆང་ས་རྒྱག་མཁན་འདི་ཚོ།
མི་རིགས་ཀྱི་འདུ་ཤེས་ཁྱོན་ནས་མེད་པའི་མི་འདི་ཚོས་རང་གི་གནས་བབས་དང་འཚོ་བ་ལ་ཁ་གཡེར་ནས་མི་རིགས་གཞན་ལ་ཆང་ས་རྒྱག་གིན་འདུག ངས་བསམ་ན་འདི་རིགས་ཀྱིས་བོད་རང་གི་འདས་མ་ད་གསུམ་ལ་བསམ་གཞིགས་གཏོང་བའི་བློ་གྲོས་དང་ལ་རྒྱ་གཏན་དུ་བོར་སོང་ལ། ཞོར་དུ་མི་རིགས་ཀྱི་ཁྲག་རྒྱུན་ལ་སེར་ཐིག་གཏོང་བཞིན་པའི་ནག་ཉེས་ཀྱང་ཚབས་ཆེན་གསོག་གིན་འདུག ད་དུང་རང་ཉིད་ཀྱི་མི་རབས་རྗེས་མའི་འཚོ་བའི་གཞི་ཁྱོན་ལ་ས་ཁྲ་གཞན་ཞིག་བཀོད་ཀྱིན་འདུག
ལྷག་པར་དུ་ཕྱི་རྒྱལ་ན་གནས་པའི་བོད་རིགས་གཞོན་སྐྱེས་མང་བོ་འདིའི་ཕྱོགས་ལ་ཟབ་འཇུག་བྱེད་ཀྱིན་པ་མངོན་གསལ་དོད་པོས་མཐོང་ཡོང་གི
ངའི་མཐོང་ཚོད་དང་ཐོས་ཚོད་ནོར་བ་མིན་ན་ཁོ་བ་ཚོས་ཉེས་དོན་འདི་རླབས་ཆེན་གྱི་བྱ་བའམ་རང་ཉིད་ཀྱི་འཇོན་ཐང་ཞིག་ཏུ་བརྩི་བཞིན་ཡོད་ཚོད་རེད། ངོ་མ་གླེན་པ་ཁ་ནག་ཟེར་ན་ཁོ་བ་ཚོ་རེད། ཨ་སྒོར་གྱིས་བསླུས་པའི་ཁོ་ཚོ། དཔལ་འབྱོར་གྱིས་བཅུམས་པའི་ཁོ་ཚོ། ཁ་སང་ངས་སྙིགས་སྒམ་དུ་བླུགས་པའི་ཟས་ལྷག་རུལ་བ་དེ་དག་དང་འདྲ་ཨང་།
ངས་ནམ་རྒྱུན་འདི་ལྟར་བསམ་གྱིན་ཡོད། ཁོ་བ་ཚོས་མི་རིགས་ཤིག་གི་དྭངས་གཙང་གི་ཁྲག་རྒྱུན་ལ་དོན་མེད་ཀྱི་སེར་ཐིག་འཕེན་དོན་དེ་ཅི་འདྲའི་ས་ཡིས་མི་ཤོང་ཞིང་གནམ་གྱིས་མི་ཁེབས་པའི་གྱོད་གཞི་ཆེན་པོ་ཞིག་རེད་ཨང་། གང་ལྟར་ཀྱང་། མི་རིགས་གཞན་དང་ཆང་ས་རྒྱག་པ་ནི་གང་དེར་རང་རིགས་ཀྱི་འདུ་ཤེས་ཧ་ཅང་ཞན་པའི་རྟགས་སུ་གྲུབ་ཅིང་། འདོད་ཧམ་གཞན་ཞིག་གི་བསླུ་བྲིད་ཀྱིས་འཐེན་ནས་ཁྲིད་སོང་བ་མངོན་གསལ་རེད། འདོད་ཧམ་ནི་འདོད་ཧམ་རང་རེད། ནམ་ཡང་ཞབས་བརྡོལ་བའི་སྣོད་ཆེན་པོ་དེ་རེད།
ངས་འདི་ལྟར་གླེང་དུས། གླེང་གཞི་འདི་དང་ཐག་ཉེ་བར་གནས་པ་ཚོས་དེ་ནི་སྔོན་ཐོན་གྱི་རང་བཞིན་ཞིག་ཡིན་ཚུལ་བཤད་ན་ཐང་། ཁོ་བ་ཚོ་འཛམ་གླིང་ལ་ཁ་ཕྱོགས་འདུག་ཟེར་ནའང་ཐང་། ད་དུང་ང་ཚོའི་འདས་པའི་ལོ་རྒྱུས་ནང་གི་རླབས་ཆེན་མི་སྣ་ཁ་ཤས་ཀྱི་མཚན་བྱང་བཀོད་ན་ཐང་། འོན་ཀྱང་། ཐ་ན་རང་ཁའང་གཞན་ལ་བསྟེན་དགོས་པའི་ཕོ་རྐྱང་མོ་རྐྱང་དེ་ཚོས་བླུན་པོའི་རང་ཚུགས་ཕུད་པ་ལས་གཞན་ཅི་ཞིག་འཁྱོངས་སམ།
༢. དགོང་མོ་རྒྱ་སྲང་ཉུལ་བའི་གྲྭ་བ་འདི་ཚོ།
ང་གཙོད་གྲོང་ཁྱེར་དུ་གཏན་སྡོད་བྱས་ནས་ལོ་གཅིག་འགོར་སོང་། ད་ལྟ་ངས་གཙོད་གྲོང་ཁྱེར་ནི་ག་འདྲ་ཞིག་ཡིན་པ་ཤེས་ཡོད་ལ་གཙོད་གྲོང་ཁྱེར་གྱི་མི་ཚོགས་འདིའང་ཅི་འདྲ་ཞིག་ཡིན་པ་ཤེས་ཡོད་མོད། དགོང་མོ་རྒྱ་སྲང་ཉུལ་བའི་གྲྭ་བ་འདི་ཚོའི་གསང་བ་ངས་ད་དུང་ཤེས་མ་སོང་། ཁོ་ཚོ་ཆོས་ཀྱིས་ངོམས་དྲགས་ཏེ་ཉོན་མོངས་འཚོལ་དུ་འགྲོ་བཞིན་ཡོད་པ་ཡིན་ནམ། ཁོ་ཚོ་ཉོན་མོངས་ཀྱིས་སྦགས་དྲགས་ཏེ་འཇིག་རྟེན་སྒྲུབ་ཀི་འགྲོ་བཞིན་ཡོད་པ་ཡིན། གསང་བ་ལྐོག་གྱུར་མ་འདིས་ང་འདུག་བཟོད་ཁྱོན་ནས་མེད་པར་བཟོས་སོང་།
ངས་ནམ་རྒྱུན་ངལ་གསོ་བྱེད་དུས་ཧ་ཅང་འཕྱི། ཆུ་ཚོད་བཅུ་གཉིས་ནས་གཅིག་བར་ཕལ་ཆེར་རྒྱུན་ལྡན་ཡིན ། ང་ལས་སྒྲུབ་ཁང་ནས་ཁྱིམ་ལ་ལོག་པའི་ལམ་བར་དུ་ངའི་མིག་ལ་གྲྭ་བ་མང་བོ་དུས་རྒྱུན་དུ་ཐོགས་འོང་གིན་འདུག ད་དུང་ཀུན་སྤྱོད་ཧ་ཅང་ངན་པའི་གྲྭ་བའང་མང་བོ་མཐོང་གིན་འདུག མགོ་གཟན་གྱིས་བཏུམས་ཤིང་སྟེང་ལ་སྐྱ་ཆས་སྤྲས་པའི་གྲྭ་བ་འདི་ཚོ། རྐང་ལ་རྒྱ་ལྷམ་གྱོན་ཞིང་སྐེ་ལ་གསེར་སྐུད་དཀྲིས་པའི་གྲྭ་བ་འདི་ཚོ། རྒྱ་སྲང་ན་སྐད་མགོ་མཐོ་བའི་གྲྭ་བ་འདི་ཚོ། ཟ་ཁང་ན་བཙོག་བཤད་རྒྱག་པའི་གྲྭ་བ་འདི་ཚོ། ཁྱོད་ཚོ་དོ་ནུབ་གང་དུ་འགྲོ་རྒྱུ་ཡིན་ནམ། དགོན་ནང་དུ་ལོག་རྒྱུ་ཡིན་ནམ། ཡང་ན…. … .. .
སྔོན་ཆད་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་མཁས་གྲུབ་ནམ་མཁའི་ཉི་ཟླ་ལྟ་བུ་མང་བོས་བོད་གངས་ཅན་ལྗོངས་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད་ལ། བཀའ་བསྟན་རི་བོའི་གཏོས་དང་ཉམས་པ་མཛད་ཅིང་བསྒྱུར་ཏེ་ཆོས་ཀྱི་ཞིང་ཁམས་ཞེས་སུ་གྲགས་པར་གྱུར ། འོན་ཀྱང་། ད་རེ་ཁོ་ཚོ་དྲན་ན་མིག་ཆུ་ལྷུང་ཞིང་སེམས་པ་སྐྱོ་བར་འགྱུར ། དེ་ནི་ཁ་སང་དེ་རིང་གི གྲོང་ཁྱེར་དང་རྒྱ་སྲང་ན་འདུ་འཛི་ལ་རོལ་གྱིན་པའི་བླ་གྲྭ་ཁ་ཤས་ཀྱིས་བསླངས་འོང་བའི་སྐྱོ་ཤེས་ཤིག་རེད། བདག་གི་དད་འདུན་ལ་འགལ་རྐྱེན་བཟོད་མཁན་དེ་ཁྱོད་ཚོ་རེད། དམ་ཆོས་ནི་ནམ་ཡང་དམ་ཆོས་རེད། འཇིག་རྟེན་འདིའི་ཆེས་དྭངས་གཙང་གི་གཞུང་ལུགས་ཤིག་རེད། འོན་ཀྱང་ཁྱོད་ཚོས་ཕྱི་གོས་གཅིག་པོ་གོན་ནས་བདག་ལ་འཁོར་བའི་ཉེས་དམིགས་མ་གསུང་རོགས། ང་ལ་ཐེ་ཚོམ་སྐྱེས་འོང་།
ཉེ་སྔོན་བསང་ཆུ་རྫོང་ནས་ཡང་དགོང་མོ་གྲྭ་བ་ཁ་ཤས་ཀྱིས་སྟེགས་ལྒང་ཁང་ཞིག་ནས་རྡུང་རེས་བྱས་ཤིང་ཁོ་ཚོས་ཅི་ཡིན་འདི་ཡིན་མེད་པར་རྡོ་རྒྱག་རེས་བྱས། སྐབས་དེར་ངའི་གྲོགས་པོ་འགས་བར་ཞིག་དུས་ཅུང་མིན་ན་གྲོགས་པོ་ཞིག་གི་རྐང་པ་བཅག་སོང་། བྱ་སྤྱོད་འདི་དག་རིག་ན་ངོ་མ་སེམས་ནས་ཟུག་གཟེར་སྐྱེས་ཡོང་གི ཆོས་ཀྱིས་མ་ཐུལ་བའི་དཔའ་རྒོད་འདི་ཚོ། འབྱོར་བས་མ་བརྒྱག་པའི་སྤྲང་བོ་འདི་ཚོ། ཁྱོད་ཚོ་དཀོན་མཆོག་སུམ་གྱི་ཡ་གྱལ་ཞིག་ཨེ་ཡིན ། ང་ཡང་བསྐྱར་ཐེ་ཚོམ་སྐྱེས་འོང་།
༣. བོད་ཡིག་བོད་སྐད་ལ་མི་དགའ་བའི་བོད་རིགས་ལས་བྱེད་ཁ་ཤས །
མི་སུ་ཞིག་ཡིན་རུང་རང་གི་སྐད་དང་ཡི་གེ་ཞེས་འུར་ལང་ལིང་དུ་གླེང་བཞིན་ཡོད་མོད། གླེང་བཞིན་པ་ཁ་ཙམ་དང་དོན་གྱིས་རང་གི་སྐད་དང་ཡི་གེ་ནི་མཁོ་མེད་ལན་ཆགས་ཀྱི་ལག་ཆ་ཞིག་རེད་འདོན་མཁན་ནི་བོད་རང་གི་ལས་བྱེད་པ་ཁ་ཤས་རེད། ལས་ཁུངས་ག་གེ་མོ་ཞིག་གི་ནང་དུ་ཞུགས་པ་ནས་རང་ཉིད་བརྗེད་འགྲོ་བའི་བོད་ཀྱི་ལས་བྱེད་པ་ཁ་ཤས་ཁྱི་ཡི་གཤིས་སུ་གྱུར་ཏེ་ང་རྒྱལ་དང་འདོད་ཧམ། གཡོ་སྒྱུའི་ལས་ཀྱིས་རྨོངས་འདུག
རང་གི་མི་རིགས་ཀྱི་འདུ་ཤེས་མེད་པ་དང་རང་གི་སྐད་དང་ཡི་གེ་ལ་མཐོང་ཆུང་བྱེད་མཁན་གྱི་བོད་རང་གི་མི་འདི་ཚོ་ངོ་མ་ཐ་ཤལ་ལས་ཀྱང་ཐ་ཤལ་རེད། འཇིག་རྟེན་དཀར་ངོགས་འདིར་སླེབས་པ་ནས་བཟུང་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་དབྱེར་མེད་འདྲེས་ཤིང་བོདཡིག་དང་བོད་སྐད་ཀྱི་ཞིང་ས་རུ་ལྷད་མེད་འབུས་པའི་སྐྱེ་བོ་འདི་ཚོ་ནར་སོན་རྗེས་ཁྲམ་པ་ངོ་གཉིས་མ་ཞིག་ཏུ་ཆགས་སོང་བ་ཅི་འདྲའི་ཡིད་ཕངས་པའི་གནས་ཤིག་རེད་ཨང་།
ངའི་མཐོང་ཐོས་ལ། མི་འདིའི་རིགས་ཀྱིས་ད་དུང་མི་རིགས་གཞན་ལ་རང་ཉིད་འགྲེལ་བཤད་དགོད་བྲོ་བ་རེ་རྒྱག་གིན་འདུག བོད་ཅེས་པའི་ལོ་རྒྱུས་ལ་གྲིབ་ནག་བྱུགས་ཀྱིན་འདུག ཆོས་ལུགས་དང་ལོ་རྒྱུས། སྤྱི་ཚོགས་འཚོ་བ་དང་ཡུལ་སྲོལ་གོམས་གཤིས། ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་སོགས་ལའང་དགོད་བྲོ་བའི་འགྲེལ་བཤད་རྒྱག་གིན་འདུག དོན་ངོ་མ་བསམ་ན་མི་རིགས་འདི་ཚལ་བར་གཤགས་མཁན་དེ་ཁོ་ཚོ་རེད། ཁོ་ཚོས་མི་ཤེས་ཤེས་མདོག་གིས་བོད་ཅེས་པ་འགྲེལ་བཤད་རྒྱག་དུས་ང་དགོད་བྲོ་ལ་ངུ་ཡང་ཤོར་ཡོང་།
ཉེ་སྔོན་གཙོད་གྲོང་ནས《གཟའ་ཉི་མའི་ཁ་བརྡ》ཞེས་པའི་ཁ་བརྡ་རང་བཞིན་གྱི་བགྲོ་གླེང་ཐུང་ཐུང་ཞིག་བྱས་པར་ངས་གྲོས་གཞི་འདི་འདྲ་ཞིག་བཏོན་མྱོང་།“སློབ་ཆེན་པ་ལས་གནས་ལ་ཞུགས་རྗེས་སྤྱི་ཚོགས་ལ་ཇི་ལྟར་ཁ་གཏོད་དགོས”ཞེས་པ་འདི་ཡིན ། འདི་ནི་ངས་སློབ་ཆེན་པ་ཡག་པོ་མི་འདུག་ཅེས་པ་མིན་ལ་སློབ་ཆེན་པ་ལས་གནས་ལ་ཞུགས་རྗེས་མི་ཁ་ཤས་རྦད་དུ་འདུ་ཤེས་ཡག་པོ་མེད་པ་དང་ཁ་ཕྱོགས་མེད་པ་ཞིག་ཏུ་འགྱུར་འགྲོ་ཡི་འདུག་པས་གྲོས་གཞི་དེ་བཏོན་པ་ཡིན ། སློབ་ཆུང་ནས་སློབ་ཆེན་བར་བོད་ཡིག་བོད་སྐད་ལ་བསྟེན་ནས་འོང་བའི་སློབ་མ་ཞིག་ལས་ཞུགས་བྱས་རྗེས་བོད་ཡིག་བོད་སྐད་ལ་སྡང་སེམས་ཆེ་བའི་མི་ཞིག་ཏུ་འགྱུར་འགྲོ་བའི་གནད་དོན་དེ་ང་ཚོས་ཇི་ལྟར་འཚོལ།
༤. བྱིས་པར་བོད་ཡིག་སློབ་སྐལ་མི་སྤྲོད་པའི་བོད་རིགས་ཤེས་ལྡན་མི་སྣ་འགའ།
འདི་ནི་ཚབས་ཆེ་བའི་གནད་དོན་ཞིག་ཡིན་ལ་ལྐོག་གྱུར་གྱི་གནད་དོན་ཞིག་ཀྱང་རེད། ང་ཚོས་མི་རབས་འདིར་ཇི་ལྟར་བརྩོན་འགྲུས་བསྐྱེད་ཀྱང་བྱིས་པ་དག་འདི་ལྟར་བོད་ཡིག་བོད་སྐད་དང་རྒྱང་ཐག་རིང་དུ་བཀྱེད་ཚེ་འབྱུང་འགྱུར་གྱི་བོད་ནི་ཉམ་ཐག་ཅིང་ཟུངས་ཟད་པའི་ངོ་གདོང་རལ་བོ་ཞིག་ཡིན་ཨང་།
མངོན་སུམ་དུ་མཐོང་རྒྱུ་ཧ་ཅང་མང་བའི་གནད་དོན་འདི་སུ་ཞིག་ལ་གཏུགས་ཤར་དང་ཅོ་འདྲི་བྱེད། བོད་རིགས་མི་མང་ཁྲོད་ཀྱི་ཤེས་ལྡན་མི་སྣ་ཞིག་གིས་ལས་དོན་འདི་ཙམ་ལ་བསམ་བློ་གཏོང་མི་ཤེས་ན་མང་ཚོགས་ཕལ་བ་ཞིག་གིས་ཇི་ལྟར་དཔྱོད་ཤེས་བྱེད། འཚོ་གནས་རྐྱང་རྐྱང་ལ་དམིགས་པའི་མི་འདི་ཚོས་ཤེས་ལྡན་མི་སྣ་ཞིག་གི་མིང་བྱང་བཏེགས་ནས་མི་རིགས་ལ་ཕམ་ཉེས་གཏོང་གིན་པར་ང་ཚོས་ཇི་ལྟར་མཐེ་བོང་སྒྲེང་ནས་ཞུ་བ་འཐེན་ནམ།
བླུན་པོ་བརྒྱ་ཡི་ཉེས་མཚེ་ལས་དཔྱོད་ལྡན་གཅིག་གི་བྱ་ལས་ལ་སྒུལ་ཤུགས་རྣོ་བས་ང་ཚོའི་སེམས་པ་བོད་ཀྱི་ཡིག་རྨོངས་པ་མང་བོ་ཞིག་གི་འདུ་ཤེས་ཀྱིས་མ་རྨས་པར་ཤེས་ལྡན་མི་སྣ་ཁ་ཤས་ཀྱི་འགུལ་སྟངས་འདི་མིག་ལ་གཟེན་འོང་བ་རེད། ཤེས་ལྡན་མི་སྣ་ནི་མི་རིགས་ཤིག་གི་སྣེ་ཁྲིད་པ་ཡིན་ལ་མི་རིགས་ཤིག་གི་ལམ་སྟོན་སྒྲོན་མེ་ཡང་རེད། དེ་ན་ཁོ་ཚོས་ལོག་ལམ་འདིར་འཁྲིད་ཀྱིན་པའི་བོད་རིགས་འདི་དག་སུ་ཞིག་གི་བྲན་གཡོག་ཏུ་མི་འགྱུར་བའི་ངེས་པ་མེད་པས། ཁྱོད་ཚོ་ནི་མི་རིགས་ཀྱི་ཉེས་ཅན་ཞིག་རེད་ཅེས་བརྗོད་ཀྱང་འོས་བསམ།
༢༠༡༡ལོའི་ཟླ༦ཚེས༢༨ཉིན།
མཐོང་ཐོས་ཁ་ཤས་དང་བསྡོངས་ནས་སེམས་ཀྱི་སྐད་ཆ་ཞིག་འདི་ལྟར་ཤོར་སོང་།
རྩོམ་ཁུངས། ངེད་དྲ་བ།