ང་དང་སྦྲ་ནག་གི་ལས་དབང་།

གངས་གཙང་འབྲོག་གཙང་། (གཞིས་རྩེ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-03-22

སྐར་ཆའི་ཚགས་སྒྲ་འཕར་བའི་སོ་ཁ་ན།  ངའི་སྣང་བའི་ལྷ་ལམ་ངོས་སུ་འདུ་འགོད་ལ་བྲེལ་བ་ནི་འཇིག་རྟེན་གྱི་མགྲོན་དུ་འབྱོར་བའི་དབྱངས་རྟ་ཐོག་མར་གྱེར་ས།   ལུས་ཟུངས་ཀྱི་བཅུད་ལས་གྲུབ་པའི་ལྟེ་ཁྲག་དང་པོར་ཐོར་ས་སྟེ།  དཔྱིད་ཉི་མའི་ཚ་ཟེར་གདུགས་ལྟར་བཀག་ཅིང་དབྱར་སྦྲང་ཆར་ཟིལ་མའི་དངོས་གྲུབ་འཇོ་ལ།  སྟོན་སྙེ་མའི་མགོ་བོ་གྲིབ་འོག་རུམ་ཞིང་དགུན་ཁ་བ་དཀར་པོའི་བྱིན་རླབས་བསྩལ་མཁན་ཕང་ཕུང་སྤྲིན་ནག་གི་རྟུལ་ཞུགས་འཛིན་པའི་རེ་སྦྲ་སྨུག་པོ་འདི་ཉིད་ལགས།

ཞོགས་པ།  ཐོ་རེངས་སྐར་ཆེན་གྱི་འོད་མདངས་མ་ཉམས་གོང་།    ཁྱིམ་བྱ་དེ་ཕོ་ཡིས་རྨི་ལམ་མ་དཀྲོག་གོང་།    ཡོད་ཚད་ཁུ་སིམ་མེར།  འཇམ་ཅག་གེར་གནས་པའི་འཇིག་རྟེན་ཆུང་ཆུང་ཞིག་ནས།  ངས་དྲོ་སོབ་སོབ་ཀྱི་མལ་ལས་ལངས་ཏེ་མདང་གསུམ་གྱི་རྨི་ལམ་ལ་ཕྱིར་འདང་ཞིག་རྒྱབ་ཚེ།  སྣང་བ་སྤྲོ་སྤྲོ་འདྲ།    རིག་པ་གསལ་གསལ་འདྲ། ཚོར་བ་རྐྱེན་རྐྱེན་འདྲ། དེས་ན་ངས་ཅོག་སྟེང་གི་ཤོག་བུ་པང་དུ་བླངས་ཏེ།    སྒམ་ནང་གི་སྨྱུ་གུ་ལག་ཏུ་བཟུང་ནས། རྒྱ་ཡན་གྱི་སེམས་པ་རྡོག་གཅིག་སྒྲིལ་ཏེ།  འཆར་ཡན་གྱི་མེ་ལོང་ཕྱིས་འདར་བྱས་ཏེ།    བརྗོད་འདོད་ཀྱི་སྨྲ་ལྕེ་གྱ་གྱུར་བཏང་ནས་ཚོར་ཟིན་རིང་མ་ཐུང་ཞིག་འགོད་མགོ་བརྩམ།  ངས་རྣོ་མྱུར་ཚོར་བའི་རལ་པ་ལན་གསུམ་དཀྲུགས་རྗེས་འབྲི་འོས་པའི་བརྗོད་བྱ་ཞིག་བཙལ་བས།  དྲན་ཤིང་གི་ཨ་ལོང་འཁོར་འཁོར་འདི་ལ་འཕྲེང་སེམས་ཀྱི་ལྕགས་ཀྱུ་གུག་གུག་ཅིག   འོ་ཆུ་ཇི་བཞིན།  སྨུག་སྤྲིན་ཇི་བཞིན།  གསེར་བྱེ་ཇི་བཞིན།  མ་བུ་ཇི་བཞིན་ངང་གིས་འཁོན་ཏེ་སེམས་ཕུང་འདི་ཁུར་མ་དྲུད།  འཕུར་མ་ལྡིང་གིས་ཕ་ཡུལ་རྩྭ་ཐང་ལ་ཕྱོགས་ཙ་ན།  ལ་གཅིག་བརྒྱབ་གཉིས་བརྒྱབ་ནོར་ཁྱུའི་ལྷས།  ཀླུང་གཅིག་བརྒལ་གཉིས་བརྒལ་གཡང་མོའི་གཞིས།    ངས་ན་དང་སྤང་གཤོང་རྡོག་པས་རྫིས་ཏེ།ཆུ་དང་གཙང་པོ་གཤོག་པས་བཅད་དེ།  རང་སྡེ་ཁྲ་མོ་སྣང་བས་སྐྲུན་པས།    ཞི་ཁྲོའི་ལྷ་ཚོགས་ཀྱིས་ལྷ་དར་བསྲིངས་བྱུང་།    དྲི་ཟའི་སྒེག་མོ་ཡིས་བསུ་ཆང་དྲངས་བྱུང་།  སྦྲ་ནག་ལགས།  འདི་དག་ནི་ཁྱེད་ཀྱིས་ངའི་ཕྱིར་མངགས་པའི་ཕོ་ཉ་ཨེ་རེད།    འདི་དག་ནི་ཁྱེད་ཀྱིས་ང་ལ་གནང་བའི་ལེགས་སྐྱེས་ཨེ་ཡིན། དེ་ཡིན་ན།  ང་སེམས་ཁྱེད་ལ་འཕྲེང་ལུགས་འདི་ངའི་བརྩེ་བ་ཡིན།   བརྩེ་བ་དེ་ཁྱེད་ལ་བཅངས་ཡོད།  སྨྲེང་གཞས་སེམས་ནས་འཆོར་ཚུལ་འདི་ངའི་དུང་བ་ཡིན།  དུང་བ་དེ་ཁྱེད་ལ་དབང་ཆོག  བསྟོད་དབྱངས་ངག་ནས་གྱེར་ཚུལ་འདི་ངའི་ལྷག་བསམ་ཡིན།  ལྷག་བསམ་དེ་ཁྱེད་ལ་དཀར་ཡོད།  སྙན་ཚིག་ཁྱེད་ལ་སྒྲོན་ལུགས་འདི་ངའི་རང་གཤིས་ཡིན།  རང་གཤིས་དེ་ཁྱེད་ཀྱིས་བསྒྱུར་ནུས།

སྦྲ་ནག་ལགས།  ཁྱེད་དང་ང་གཉིས་ཀྱི་དབར་ལ་གཏམ་བཏང་སྟོང་བཤད་ཀྱི་གླེང་མོ་མེད་ལ།   འདུ་བྲལ་མི་རྟག་གི་ཆོས་ཉིད་ཀློང་ནས།  ཆགས་ཞེན་སེམས་པ་དེ་གང་ལགས་ཤེ་ན།   ངའི་ལྟེ་ཁྲག་གི་སྦྲང་ཆར་ཁྱེད་ཀྱི་ཐུ་འོག་ནས་ཕབ་ཅིང་།   ངའི་ལང་ཚོ་ཡི་མེ་ཏོག་ཁྱེད་ཀྱི་སྦྲ་འདབ་ནས་བཞད་པས་སོ།།  དེས་རྐྱེན་པས་དུས་བཞི་འཁོར་བགྲོད་ཀྱི་དབྱེ་བ་གསལ་ཞིང་གནས་དང་རུ་སྡེ་ལ་གཏན་ཆགས་མེད་པའི་གངས་གྲོང་འདི་ནས།  ལུང་ཁུག་ཁུག་དང་ཐང་གཤོང་གཤོང་།  ལྷས་སྐྱོར་སྐྱོར་དང་སྤང་ལྡིང་ལྡིང་གང་དུའང་ཁྱེད་ཡོད་པའི་ས་ཆ་འདི་ན།   ངས་གོ་ལ་གོམ་པས་བཅལ་བའི་ལོ་རྒྱུས་ཡོད་ལ་འཇིག་རྟེན་སྦར་མོས་གཟུང་རྒྱུའི་དམ་བཅའ་ཡོད།  ཁྱེད་གར་སོང་གི་ས་ཆ་འདི་ན།  འཐུ་དཀར་འབྲི་མོའི་ངུར་སྒྲ་དང་མདོ་རིགས་རྟ་ཕོའི་འཚེར་སྐད་ཡོད་ལ།  གཡང་དཀར་ལུག་ཁྱུའི་འབའ་སྒྲ་དང་རྫི་གླུ་སྙན་མོའི་འགྱུར་ཁུག་ཡོད།   ཁྱེད་གར་འདུག་གི་རུ་སྡེ་འདི་ན།  སྟག་ཤར་པའི་དགོད་སྒྲ་ལྷང་ངེར་ཡོད་ལ་སྨན་བུ་མོའི་འཛུམ་ཆུང་འཁྱིལ་ལེར་ཡོད།  བཟས་དཀར་གསུམ་དྲི་བསུང་འཐུལ་ལེར་ཡོད་ལ་བསང་དུད་སྤྲིན་མཆོད་པ་ལྷོག་གེར་ཡོད།

རེ་སྦྲ་སྨུག་པོ།  སྦྲ་མེད་རོང་པ་ཞིག་གི་རྟོག་འཆར་དུ།  ཁྱེད་ནི་གནམ་ཨ་སྔོན་ལྟར་གྱོན་ཞིང་ས་དོག་མོ་གདན་དུ་བྱས་ལ།  སྤྲིན་དཀར་པོ་མཁའ་རུ་ལྡིང་ཞིང་རྩྭ་ལྗང་ལོས་མཐའ་ནས་བསྐོར་བའི་ནག་པོ་ལྕགས་ཀྱི་ཕོ་བྲང་ཞིག་ཏུ་འདོད།   སྦྲ་ཅན་འཚེར་འཛིན་ཚང་གི་དྲན་འཆར་དུ།  ཁྱེད་ཀྱི་སྤྱི་ཁོག་ནི་སྲིད་པ་རྒན་པོའི་རལ་པ་ལ་བཏགས་ཤིང་།  ཆོན་ཐག་སྨ་ར་ལ་ཡོག་ཅིང་རྒྱན་ཐག་བ་སྤུ་ལ་ལྷས།  སྦོ་ལེབ་རྩིབ་རུས་ཀྱིས་བྱས་ཤིང་ཀེང་རུས་ཀ་བ་ལ་བཀོལ་བར་བཤད།   དང་པོ་ཙ་ན་ཁྱེད་ཀྱིས་འབྲོང་གཡག་གི་རྩིད་པར་སྤྲུལ་ནས་སྤྲེའུ་ཕྲུག་ལ་བྱ་ར་བྱས།  བར་བརྒལ་ཞིག་ལ་ཁྱེད་ཀྱིས་འབངས་འཁོར་གྱི་ཆར་རླུང་བཀག་སྟེ་རྒྱལ་རབས་ཀྱི་དཔུང་པ་སྐྱོར།  ད་ཆའི་དུས་ན་ཁྱེད་ཀྱིས་མཐོ་སྒང་གི་འབྲོག་ཐང་བདག་གིར་བཟུང་སྟེ་གང་ན་གདོང་དམར་བའི་ཁྱད་ནོར་འདུག་པ་དེ་རུ་སྙོར་སྐྱོང་གི་ཉི་ཟེར་སྤྲོས།  དེ་བས་ན་ངས་ཁ་ཚོན་ཙམ་ཞིག་བརྗོད་ནུས་པ་ནི་ཁྱེད་ལུས་ཀྱི་གྲུབ་ཆ་རེ་རེ་ངེད་ཚང་གི་བཤད་མི་ཚར་བའི་གཏམ་རྒྱུད་ཀྱིས་གྲུབ་ཅིང་དར་རྒུད་ཀྱིས་ཕུབ་ཡོད།  རེ་སྦྲ་སྨུག་པོ།  ཁྱེད་ལ་རྒྱུས་མངའ་ཟེར་བ་ང་རང་ཆེ།  འབྲེལ་འདྲིས་ཟེར་རུང་ང་རང་མང་།  བརྩེ་བ་ཟེར་རུང་ང་རང་ཟབ།  ཁྱེད་ཀྱི་རྒྱུ་སྤུན་ནི་མ་ལོ་བྲག་སྲིན་སྒྲོལ་མའི་ཁྲག་རྒྱུན་ལས་གྲུབ་ཅིང་འཚེམ་འདྲུབ་ནི་ཕ་ལོ་བྱང་ཆུབ་སེམས་པའི་རུས་རྒྱུད་ལས་ཆེད།  ཁྱེད་ཀྱི་ཀ་བའི་སྲུབ་ཀ་ནས་འཕྱུར་གྱིན་པའི་དུ་བའི་དར་ཐག་ནི་གཉའ་ཁྲི་གནམ་ལ་གཤེགས་སྐབས་ས་གནམ་གྱི་ཟམ་པ་ཡིན་ལ་དུད་རྩ་མེ་ལ་ཐུག   མེ་ཤུལ་ཐལ་བར་གྱུར།   ཐལ་དཀར་སྙིམ་པར་ཉར་བའི་སྒྱིད་པུ་དེ་ཡང་གྲི་གུམ་རྫ་ལ་གནས་པའི་བང་སོ་དེ་ཡིན་སྲིད།  ཁྱེད་ལ་ཕྱོགས་བཞི་མཚམས་བརྒྱད་ནས་བསྐོར་བའི་ཕུར་ཆེན་ཕུར་ཆུང་རེ་རེ་ཆོས་རྒྱལ་མེས་བོན་གྱིས་དབང་དུ་བསྡུས་པའི་གསུམ་གཉིས་ས་ཡི་དཀྱིལ་འཁོར་དུ་གནས་པའི་སྡེ་ཚོ་རེ་རེ་ཡིན་ཆོག་ལ་སྦྲ་མཐའ་མེ་ཏོག་གིས་མཛེས་པ་དེའང་མཁས་གྲུབ་ལོ་པཎ་རྣམས་ཀྱི་ཐུགས་གཏེར་ལས་འཁྲུངས་པའི་རིག་བཅུའི་སྐྱེད་ཚལ་དེ་ཡིན་མི་ཆོག་པ་ཅི།   མདོར་ན་ཁྱེད་ཀྱི་ལུས་གཟུགས་ནི་མེས་པོ་དང་མེས་པོའི་ཤ་ཁྲག་གིས་གྲུབ་ཅིང་།   ཁྱེད་ཀྱི་ལོ་རྒྱུས་ནི་རྒྱལ་རབས་དང་བཙན་པོའི་རྟོགས་བརྗོད་ལ་སྦྲེལ་ཡོད།

སྦྲ་ནག་ཡ་སྦྲ་ནག   ངའི་དྲན་འཛིན་ཡིད་ཀྱི་སྒོ་ཐང་སྟོངདུ་ཁྱེད་ཀྱིས་འདུར་རྒྱུགས་རེ་བྱས་ཚེ།  ན་སྤང་གི་མཚམས་ན་ཁྱེད་ཉིད་ནག་རོག་གེར་ཆགས་པ་མཐོང་ལ་ཐང་ཆེན་གྱི་ཀློང་ན་ཁྱེད་ཉིད་སྒམ་རླིང་གིས་འགྱིང་ཡོད་པ་འཆར།  རྫ་བྲག་གི་འདབ་ན་ཁྱེད་ཉིད་རྔམ་བརྗིད་ཀྱིས་ཕུབ་ཡོད་པ་མངོན་ལ་ནེའུ་གསེང་གི་ཤོད་ན་ཁྱེད་ཉིད་སྣུམ་འཁྱིལ་ལེར་འཁྱིལ་ཡོད་པ་ཚོར།   མ་ཟད།  ཕོ་གྲྭ་གཡུ་འབྲུག་འཕྲེད་ཉལ་གྱི་ཟུར་འདབ་ན་ནོར་གདང་ཕྲ་རིང་ཉག་མ་དེ་སོར་བཅུ་མཉམ་གཤིབ་ཀྱི་ཚུལ་དུ་བཏབ་ཡོད་པ་སྣང་ལ།  མོ་གྲྭ་ཁྱུང་གཤོག་སྔོན་མོའི་རྒྱབ་ཕྱོགས་ན་ཕྱར་བ་དོན་འགྲུབ་རྩེ་བཞིའི་ཡང་སྟེང་དུ་ཕྱུར་བ་ལུག་ཁྱུ་བརྡལ་འདྲ་ཞིག་བཀྲམ་ཡོད་པའང་མཐོང་འོངས།   སྦྲ་སྒོ་ནས་བཞོ་ཟེའུ་ལག་ཏུ་ཐོག་པའི་འབྲོག་མོ་ཞིག་ཐོན་ཡོང་བ་མངོན་ལ་ལྷས་ར་ན་བེའུ་ཆུང་རོག་རོག་འཁྲིད་པའི་འབྲི་མོ་ཞིག་ངུར་གྱིན་པ་ཚོར་འོངས།  ར་ཆུང་ན་བལ་དཀར་སྐྱ་ཐུལ་ཐུལ་གྱི་ལུག་ཁྱུ་འབའ་བ་ཐོས་ལ་སྒོ་འགྲམ་ན་རྫི་གླུ་སྙན་ལྷང་ལྷང་གི་འབྲོག་ཕྲུག་ཅིག་རྒྱུ་བའང་ཚོར་འོངས།   དེ་མུར།  ལོ་མང་གི་གོང་རོལ་ན།  ཟླ་མང་གི་སྔ་རོལ་ན།  ཉིན་མང་གི་ད་ཚོད་ཙམ་ཞིག་ལ་ངས་རྫི་གླུ་དལ་བ་རིང་མོ་ངག་ནས་གྱེར་ཏེ་ལུག་ཁྱུའི་ཁ་ལོ་བསྒྱུར་བ་དྲན་ལ།   འུར་རྡོ་ཕྱི་མིག་དགུ་སྒྲིལ་སྐེད་ལ་གཟེར་ཏེ་ནོར་ཁྱུའི་རྨིག་རྗེས་བསྙེགས་པའང་དྲན་བྱུང་།  མ་ཟད།   རྩེད་ར་གཅིག་དང་རྫ་ལུང་གཅིག་ནས་རལ་པ་ཚི་བྲེག་གིས་བཅིངས་ཤིང་།   སྣ་སྒོ་བྱ་ཐལ་གྱིས་ཁེངས་ལ།  ལག་ཟུང་བྲེག་པ་ཡིས་བཏུམ་པའི་ན་ཟླ་ཚོ་དང་ལྷན་དུ་དམར་སེར་མེ་ཏོག་གི་འདབ་མ་བཏུས་ཤིང་མཐིང་མདོག་སྤང་ལྗོངས་སྟེང་རྩེད་བྲོ་ཡིས་མྱོས་པ་དག་ཀྱང་གསལ་ལེར་དྲན་བྱུང་།  ངས་སླར་ཡང་བསམ་གཞིག་དང་རྗེས་དྲན་གྱི་ལ་མོ་རེ་རེ་བརྒྱབ་དུས།   དྲན་པའི་གཞལ་ཡས་ཁང་བཟང་་གི་མགྲོན་དུ་འོངས་མཁན་ནི་དཔྱིད་ཁུ་བྱུག་གསུང་ལ་མཉམ་ཉན་དང་དབྱར་སྦྲང་ཆར་ཟིལ་མས་མཉམ་བརླན།   སྟོན་འབྲས་བུའི་མཆོད་པ་མཉམ་འབུལ་དང་དགུན་ཁ་བའི་དར་གོས་མཉམ་གྱོན་བྱས་པའི་སྦྲ་ནག་དེ་ཉིད་ལས་མ་འདས།

གནའ་གཏམ་ལ།༼   སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་།   སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་།༽ཟེར་བ་ངེད་གཉིས་ལ་འཛོམས་པ་ཤེས་དུས།  ངེད་གཉིས་ནི་གནམ་ནེ་གུང་སྨན་རྒྱལ་མོས་ལས་དབང་སྦྲེལ་ཟིན་པའི་མཛའ་གྲོགས་ཤིག་དང་།  ལྷ་ཆེན་ཚངས་པ་དཀར་པོས་གཏན་ལ་ཕབ་ཟིན་པའི་གཏན་གྲོགས་དེ་ཡིན་སྣང་ཤར།  ཁྱེད་ནི་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱིས་ཆེད་དུ་ང་ལ་གནང་བའི་ནོམ་པ་ཞིག་དང་ནོར་ལྷ་གནམ་ཐོས་སྲས་པོ་དེས་ཆེད་དུ་ང་ལ་བསྩལ་བའི་སྲིད་པའི་དཀོན་ནོར་དེ་ཨེ་ཡིན་སྙམ།   ལོས་ཡིན།   སྦྲ་ནག་ལགས།  ཁྱེད་ཀྱིས་དྲན་ནམ།  བགྲང་བྱ་མང་པོའི་གོང་རོལ་ན་ངེད་གཉིས་ཀྱིས་ནོར་ལུག་བརྒྱ་ཕྲག་མང་པོ་དཔང་དུ་རྟེན་ཏེ།   མེ་ཏོག་སྟོང་ཚོ་མང་པོ་མདུན་དུ་སྤུངས་ནས།   བར་ཆད་ཁྲི་ཚོ་མང་པོ་ཁྱད་དུ་བསད་དེ།  ཆོས་སྐྱོང་སྲུང་མ་འབུམ་ཚོ་སྐྱབས་སུ་བཅོལ་ནས།   ཇི་སྲིད་སྐལ་བ་ཡི་མེ་དཔུང་འབར་འབར།   དེ་སྲིད་ཕྱི་ཐག་གི་མདུད་པ་དམ་ཞེས།   མི་འགྱུར་དམ་བཅའ་ཡི་རི་མོ་ཐ་དག    སྲ་མཁྲེགས་རྡོ་རྗེ་ཡི་བྲག་ལ་བྲིས་པ་ཨེ་དྲན་གྱིས།  ད་ཆ་ཁྱེད་དུས་རབས་ཀྱི་ཁུར་པོས་མནན་དུས་ང་བག་ཕེབས་ངང་གནས་འདུག་མ་གསུངས་རོགས།  རས་གུར་གྱིས་ཁྱེད་ཀྱི་འགྲོ་ལམ་བཀག་དུས་ངས་དམ་བཅའ་དག་བསྐྱུར་འདུག་མ་ལབ་རོགས།   བ་གམ་གྱིས་ཁྱེད་ལ་འགྱིང་ཚུགས་ངོམས་དུས་ངས་བརྩེ་བ་དག་དོར་འདུག་མ་གླེང་རོགས།   ཁྱེད་སྐྱོ་དོན་ཤན་གྲི་མགོ་ཐོག་ཏུ་ལྷུང་བས་ཡིན་སྲིད་ཀྱང་།   ང་སྡུག་དོན་སེམས་པ་དེ་བྲག་ལ་གཅེར་བས་སོ།།

སྦྲ་ནག་ལགས།    ང་དུས་ནམ་ཞིག   དོན་ཅིའི་ཕྱིར།   ཡུལ་གང་དུ་འབྱོར་རུང་གྲིབ་གཟུགས་ལྟར་འགྲོགས་མཁན་ནི་ཁྱེད་ཀྱི་རང་བཞིན་དང་ངོ་བོ།   ངེད་ཀྱི་དམ་བཅའ་དང་བརྩེ་བ་དེ་དག་ཡིན།  ངས་ཁྱེད་དྲན་ཐེངས་རེར་སྐྱོ་གདུང་གི་ཇག་ཚོགས་ལན་མང་འཕྲད་མྱོང་ལ་བཟོད་བསྲན་གྱི་གྲི་མགོ་ལན་མང་འཕུར་མྱོང་།   སྐབས་སྐབས་སུ་ངའི་དྲན་འཆར་དུ་མགོ་ནག་བོད་མིའི་སྐྲ་ལོ་དེ་ཁྱེད་ཀྱི་ཐུ་འོག་ནས་ནག་པར་བསམ་ལ་ཆོས་ལྡན་བོད་མིའི་ལྷག་བསམ་དེ་ཁྱེད་ཀྱི་ཐུ་འོག་ནས་དཀར་བར་བསམ།   སྲིན་པོ་གདོང་དམར་བའི་དཔའ་མཛངས་དེ་ཁྱེད་ཀྱི་ཐུ་འོག་ནས་རྒོད་པར་དྲན་ལ་གངས་ཅན་བོད་མི་ཡི་རང་གཤིས་དེ་ཁྱེད་ཀྱི་ཐུ་འོག་ནས་བཟང་བ་དྲན།   མཐོ་སྒང་འབྲོག་པའི་མཁུར་ཚོས་དེ་ཁྱེད་ཀྱི་ཐུ་འོག་ནས་དམར་བར་སྙམ་ལ་ཤ་མར་ཐུད་གསུམ་གྱི་ལོངས་སྤྱོད་ཀྱང་ཁྱེད་ཀྱི་ཐུ་འོག་ནས་འཛོམས་པར་སྙམ།   ད་དུང་།   ཆོས་ཚིག་མ་ཎི་ཡིག་དྲུག་ངག་ནས་བཟླས་ཤིང་ཕྲེང་དཀར་བརྒྱ་རྩ་བརྒྱད་པོ་ལག་ཏུ་འཆང་བའི་སྐྱ་སེར་རེ་རེ་ཁྱེད་ཀྱི་ནུ་ཞོ་ཡིས་གསོས་ཤིང་བྱམས་བརྩེ་ཡིས་ཚར་བར་འདོད་ཡོད།   འོན་ཀྱང་།    སྐབས་རེ་ང་ལ་གློ་བུར་དུ་བཟོད་དཀའ་བའི་འཇིགས་སྐྲག་ཅིག་སྐྱེས་སུ་བཅུག་གིས།   ནམ་ཞིག་ཚེ་ན་ཁྱེད་ངའི་འཇིག་རྟེན་འདིར་དབང་བའི་ལས་སྐལ་དེ་རྫོགས་པར་སྐྲག་གིས།   གལ་ཏེ་ང་ཁྱེད་དང་བྲལ་ན་ཆོས་དགེ་བ་དང་བྱམས་སྙིང་རྗེའི་ཐ་སྙད་དེ་འཐོར་བར་ཉེན་ལ་གོས་བོད་ལྭ་དང་སྐད་ཕ་སྐད་ཟེར་བའང་འདོན་པ་ཙམ་དུ་ཟད་འགྲོ་བ་མ་ཡིན་ནམ།   དེ་ལྟར་དྲན་པས་ངས་ཁྱེད་ཡོད་ན་ངའི་ཡོད་ཚད་ལྷག་ཡོད་པ་ཤེས་བྱུང་ལ་ཁྱེད་མེད་ན་ངའི་ཡོད་ཚད་བརླག་འགྲོ་བའང་རྟོགས་བྱུང་།   གལ་ཏེ་ཁྱེད་མེད་ན་ང་ལ་དགའ་ས་མེད།  ཆགས་ས་མེད།  ཞེན་ས་མེད།   བདེ་སྐྱིད་མེད།   འཛུམ་མདངས་མེད།   གལ་ཏེ་ཁྱེད་མེད་ན་ང་ལ་སྡུག་བསྔལ་ཡོད།  མིག་ཆུ་ཡོད།  གདུང་སེམས་ཡོད།  སུན་སྣང་ཡོད།  སྐྱོ་བ་ཡོད།   ད་དུང་།    ཁྱེད་ཡོད་ན་ངས་སྤྲོ་གར་ཞིག་ཚེ་མཐའི་བར་འཁྲབ་སྲིད་ལ།  ཁྱེད་མེད་ན་ངས་སྐྱོ་དབྱངས་ཞིག་སྲིད་མཐའི་བར་གྱེར་ངེས།  སྦྲ་ནག་ལགས།   ཁྱོའི་དབང་གིས་གཡག་ཕོ་གྲུས་ལོན་ལ་ཤིང་སྒ་གཏད་དབང་ཡོད་ལ་འབྲི་མོ་འཐུས་ལོན་ལ་བེའུ་འཁྲིད་སྐལ་ཡོད།  ཁྱོའི་དབང་གིས་ལུག་ཐོང་བས་སྤང་ཐང་ན་རྩེད་བྲོ་འཁྲབ་ཅིང་རྟ་ཅོ་པས་རྐྱང་རྒོད་ལ་བང་རྩལ་འགྲན་ནུས།  དེ་དག་ནི་ངའི་མཐོང་སྣང་ཡིན།  དགའ་སྣང་ཡིན།  འདོད་དོན།   ལོངས་སྤྱོད།  འཚོ་བ་ཡིན།    དེ་དག་ནི་ཁྱོའི་ངོ་བོ་ཡིན།   རང་བཞིན་ཡིན། ནུས་པ།  གྲུབ་འབྲས།   དངོས་ཟོག་ཡིན།   ངས་ཡུན་རིང་བསམ་མྱོངས།  ང་ལ་དགོས་པ།  འདོད་པ།  སྒུག་པ།  བསམ་པ་ཐ་དག་ཁྱེད་ཀྱིས་བསྩལ་ནུས་ལ།    ཁྱེད་ལ་ཐོབ་འོས་པ།   འབྱུང་ངེས་པ།   རྔོ་ཐོགས་པ།   ཡོང་སྲིད་པ་ཡོད་ཚད་ངས་སྐྲུན་ནུས།   མདོར་ན་ཁྱེད་ནི་ང་དང་ང་ནི་ཁྱེད་ཡིན།   ང་མེད་ན་ཁྱེད་ལ་གནས་ཚོར་མེད།  ཁྱེད་མེད་ན་ང་ལ་རྟེན་ཁང་མེད།

དེས་ན་ངེད་གཉིས་ཀྱིས་དམ་བཅའ་སླར་འཇོག་དང་དད་དམ་འགྱུར་མེད་ཀྱིས་ལས་སྐལ་བཟང་པོ་འདི་ལ་བར་ཆད་མི་འབྱུང་བའི་གསོལ་བ་འདེབས།  དེས་ན་ངེད་གཉིས་ཀྱིས་ཀུན་སློང་གཙང་མ་དང་སྨོན་ལམ་མཉམ་འདེབས་ཀྱིས་གནམ་འོག་གི་སེམས་ཅན་ཐམས་ཅད་འཚེ་མེད་ཞི་བདེར་འཁོད་པའི་བཀྲ་ཤིས་ཁ་གཡང་འབོད།

                          ༼   ༢༠༡༦ ལོ་འཇུག་ཙམ་ཞིག་ལ་བྲིས། ༢༠༡༨—༣—༢༠ ཉིན་བཟོ་བཅོས་དང་སྦྲག་རྫོགས་པར་བྱས་སོ།།༽

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་སྦྲ་ནག་གི་ལས་དབང་།

2018-03-22 གངས་གཙང་འབྲོག་གཙང་། (གཞིས་རྩེ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།