ང་ཚོ་ལ་ཤེས་རབ་མེད་པ་མིན་པར་བརྩོན་འགྲུས་མེད་པས་རེད།

ཁྱུང་ཐར་རྒྱལ།(རྩེ་ཁོག) 琼迈文学网 2022-12-06

  རྩོམ་པ་པོ་རྣམས་ཀྱིས་རྒྱུན་པར་རྩོམ་ཡིག་འབྲི་བ་དེ་དེ་འདྲའི་ལས་སླ་མོ་ཞིག་མ་ཡིན་ཞེས་ལབ་ཀྱིན་འདུག དོན་དངོས་ཀྱིས་བཤད་ན་དངོས་གནས་དེ་འདྲ་རེད་དེ། ནང་ནས་རྩོམ་ཡིག་འབྲི་བའམ། ཕྱི་ན་ངལ་རྩོལ་བྱེད་པ་གང་ཞིག་ཡིན་རུང་། ཚང་མ་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། ང་ཚོས་རྒྱུན་པར་གླེང་པའི་ལས་ཀ་འམ་ལས་དཀའ་ཞིག་གི་ནང་ན་ལས་སླ་བོར་བསྒྲུབ་ཆོག་པ་དེ་འདྲ་ཧ་ཅང་ཉུང་ཉུང་རེད། ལྷག་པར་དུ་རྩོམ་པ་པོ་ཞིག་ལ་མཚོན་ནས་བཤད་ན། རྩོམ་ཡིག་འབྲི་བ་ནི་ཀླད་ཤུགས་ངལ་རྩོལ་ཁོ་ནར་གཏོགས་ལ། ལས་ཚེགས་ཧ་ཅང་ལྕི་བའི་བཟོ་སྐྲུན་ཞིག་རེད། དེ་བས། ང་ཚོས་རྩོམ་ཡིག་འབྲི་དུས་ཏག་ཏག་ཡག་པོ་ཞིག་མི་འཁྱོངས་པའི་གནད་དོན་གང་ལ་ཐུག་ཡོད་ཅེ་ན། གནད་འགག་གཙོ་བོ་ནི་ང་ཚོ་ལ་རྩོམ་ཡིག་འབྲི་བའི་ཤེས་རབ་མེད་པ་མིན་པར་བརྩོན་འགྲུས་མེད་པས་རེད། ཨོ་ན་ཇི་འདྲ་ཞིག་ལ་བརྩོན་འགྲུས་ཟེར་ཞེ་ན། དུང་དཀར་ཚིག་མཛོད་ཆེན་མོ་ལས“སེམས་དགེ་བའི་ཕྱོགས་ལ་སྐྱོ་ངལ་མེད་པར་སྤྲོ་བའི་རྣམ་པ་ཅན་གྱི་སེམས་བྱུང་ངོ་”ཞེས་གསུངས་འདུག དེས་ན་བརྩོན་འགྲུས་ནི་འདོད་རྔམས་ཀྱི་ཕྱོགས་སུ་ཤ་ཐིངས་རུས་ཐིངས་དུ་འབད་པ་དང་། འཇིག་རྟེན་གྱི་ཆོས་ཉིད་དང་ལས་འབྲས་ལས་ལྡོག་པའི་ཁྲེལ་མེད་དང་ངོ་ཚ་མེད་པའི་བྱ་བར་ཉིན་མཚན་གཏོང་བ་དེ་འདྲ་གཏན་ནས་མ་ཡིན་པ་ཤེས་ཐུབ། དེས་བས་བརྩོན་འགྲུས་དེ་ཡ་རབས་ཚུལ་ལྡན་གྱི་སྐྱེ་བོ་རྣམས་ཀྱིས་རྒྱུན་པར་བསྒྲུབ་བཞིན་པའི་ལས་ཀ་ཧ་ཅང་ཡག་པོའི་སྐོར་དེ་ཡིན་ཞེས་ལབ་ཆོག་པར་འདུག་སྙམ། རྩོམ་པ་པོ་ཞིག་གིས་རྩོམ་ཡིག་འབྲི་བ་དེ་དགེ་སྡིག་གཉིས་ལས་དགེ་བའི་ཕྱོགས་སུ་གཏོགས་ཤིང་། འདིར་བཤད་བཞིན་པའི་ལས་ཀ་ཧ་ཅང་ཡག་པོའི་སྐོར་དེ་ཡིན། དེའི་ཕྱིར་ལས་ཀ་ཧ་ཅང་ཡག་པོ་ཞིག་བསྒྲུབ་ན་བརྩོན་འགྲུས་མེད་ན་ག་ལ་འགྲིག་སྟེ། ལས་ཀ་དེའི་མཇུག་སྐྱོང་མི་ཐུབ་པའམ། ཡང་ན་རྩ་ང་རྩིངས་ངེར་འགྱུར་ངེས། ཆུ་ཤིང་བསྟན་བཅོས་ལས“བརྩོན་པས་རབ་ཏུ་བརྡར་བ་ཡི།།རིན་ཆེན་རལ་གྲིས་འཁྲི་ཤིང་གཅོད།།”ཅེས་དང་། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས“མཁས་པའི་སྤྱོད་ཡུལ་ཐོབ་འདོད་ན།།བརྩོན་པས་དཀའ་བ་དང་དུ་ལོངས།།བརྩོན་པ་མེད་ན་ཤེས་རབ་མེད།།”ཅེས་བྱ་བ་ཅི་ཞིག་བསྒྲུབ་ཀྱང་གཙོ་བོ་བརྩོན་འགྲུས་ལ་རག་ཡོད་པ་གསལ་པོར་བསྟན་ལ། དེ་ནི་ལག་ལེན་དངོས་ཀྱི་ཁྲོད་ནས་ར་སྤྲོད་བྱེད་ཐུབ་པ་ཞིག་ཀྱང་རེད། ཡིན་ནའང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས“མཐོང་དང་མ་མཐོང་ཡོན་ཏན་ནི།།ཀུན་གྱི་རྩ་བ་ཤེས་རབ་ཡིན།།དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར།།ཤེས་རབ་ཡོངས་སུ་གཟུང་བར་བྱ།།”ཞེས་ཤེས་རབ་གཙོ་བོ་ཡིན་པར་གསུངས་ཡོད། ཡིན་ན་འང་དེ་ནི་ཁོང་གིས་བལྟས་ས་ལྟོས་འཇོག་གིས་གསུངས་པ་མ་གཏོགས། འཇིག་རྟེན་གྱི་སྐྱེ་བོ་ཡོད་ཚད་ཀྱི་རྒྱུད་ལ་ཁོང་གིས་འདོད་པའི་ཤེས་རབ་ཟབ་མོ་དེ་འདྲ་ཡོད་པ་མ་ཡིན། ཤེས་རབ་དེ་ཉོན་མོངས་ཧ་ཅང་སྲབ་པའི་སྐྱེ་བོ་ལས་ཅན་སྐོར་ཞིག་ལ་མ་གཏོགས་ང་ཚོ་སྔར་བཞིན་བརྩོན་འགྲུས་ལ་འཇུག་དགོས་པ་ང་ཚོ་རང་ཉིད་ཀྱི་རྒྱུད་ལ་ཡོད་པའི་ཤེས་རབ་དང་སྤྱོད་ལམ་གྱིས་ཐག་གཅོད་བྱས་ཡོད། བརྩོན་འགྲུས་ཀྱིས་ཤེས་རབ་འཚོལ་བ་ལས་ཤེས་རབ་ཀྱིས་བརྩོན་འགྲུས་འཚོལ་བ་དེ་འདྲ་དེ་བས་ཀྱང་མི་སྲིད་པ་ཞིག་རེད།

  དེའི་ཕྱིར་རྩོམ་པ་པོ་ཞིག་ལ་མཚོན་ན། རྩོམ་ཡིག་ཡག་པོ་ཞིག་འབྲི་བར་ཕྱོགས་གསུམ་གྱི་ཐད་ནས་བརྩོན་འགྲུས་བསྐྱེད་དགོས་པ་ནི་ཅིས་ཀྱང་ཟློག་ཏུ་མེད་པའི་ཆོས་ཉིད་ཅིག་ཏུ་མཐོང་།

  གཅིག་ནས་སྤྱི་ཚོགས་འཚོ་བར་ལྟ་ཞིབ་དང་བློ་སྦྱོང་གི་བརྩོན་འགྲུས་ཡོད་དགོས། སྤྱི་ཚོགས་ནི་གླེགས་ཐག་བཀྲོལ་མེད་པའི་གླེགས་བམ་ཧ་ཅང་མཐུག་པོ་མཐུག་པོ་ཞིག་ཡིན། ཁྱོད་ཀྱིས་གླེགས་བམ་དེའི་ཁ་ཕྱེས་ཏེ་སྐྱོ་ངལ་མེད་པར་སྤྲོ་སྣང་གིས་བཀླགས་ན་སྤྱི་ཚོགས་འཚོ་བའི་ཤེས་བྱ་དང་གསང་བ་ཧ་ཅང་མང་པོ་ཞིག་གླེགས་བམ་དེའི་ནང་ནས་རྟོགས་པར་འགྱུར། འདི་ནི་ཁྱོད་ཀྱི་རྩོམ་ཡིག་ཡག་པོ་ཞིག་འཁྱོངས་པའི་སྔོན་འགྲོ་དང་པོ་ཡིན་ལ། དེ་ཡང་གཙོ་བོ་བརྩོན་འགྲུས་ལ་རག་ལས་ཡོད།

  གཉིས་ནས་རྒྱུ་ཆ་བསྡུ་བསོགས་བྱེད་པར་བརྩོན་འགྲུས་ཡོད་དགོས། ཁྱོད་ཀྱི་ཁོར་ཡུག་ནི་མ་གཞི་ནས་རྩོམ་ཡིག་གི་རྒྱུ་ཆ་ཏག་ཏག་ཡིན། ཁྱོད་ཀྱིས་ནམ་ཡང་སུན་སྣང་མེད་པར་རང་གི་གཡས་གཡོན་དང་མདུན་རྒྱབ་གང་རུང་ན་ཡོད་པའི་རྒྱུ་ཆ་དག་བསོགས་འཇོག་བྱེད་ཤེས་དགོས་ལ་བཀོལ་སྤྱོད་ཀྱང་བྱེད་ཤེས་དགོས། འདི་ནི་ཁྱོད་ཀྱིས་རྩོམ་ཡིག་ཡག་པོ་ཞིག་འཁྱོངས་པའི་དངོས་གཞི་ཡིན་ལ། དེ་ཡང་གཙོ་བོ་བརྩོན་འགྲུས་ལ་རག་ལས་ཡོད།

  གསུམ་པ་རྩོམ་ཡིག་ལ་ཡང་དང་བསྐྱར་དུ་བཟོ་བཅོས་རྒྱག་དགོས། ཁྱོད་ཀྱིས་རང་གི་རྩོམ་ཡིག་ལ་སུན་སྣང་མེད་པར་ཐེངས་མང་པོར་བཟོ་བཅོས་བྱེད་དགོས་ཏེ། འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་དེ་དག་ཀྱང་བྲིས་ནས་བྱུང་བ་མིན་པར་བཅོས་ནས་བྱུང་བ་ཡིན་ཟེར། དེ་བས་ཡི་ཆད་དང་སུན་སྣང་མེད་པར་རྩོམ་ཡིག་ལ་བཟོ་བཅོས་རྒྱག་རྒྱུ་དེ་རྩོམ་པ་པོ་ཞིག་ལ་མཚོན་ན་མ་མཐའི་ཆ་རྐྱེན་གཙོ་བོ་ཞིག་ཡིན། འདི་ནི་ཁྱོད་ཀྱི་རྩོམ་ཡིག་དེ་ཡག་པོ་ཞིག་འཁྱོངས་པའི་མཐའ་སྡོམ་ཡིན་ལ། དེ་ཡང་གཙོ་བོ་བརྩོན་འགྲུས་ལ་རག་ལས་ཡོད།

  མཐར་གཏུགས་ན་བརྩོན་འགྲུས་ཟེར་བ་དེས་ཁྱོད་ཀྱི་སྔ་གཞུག་གང་རུང་ན་འགྲེ་ལྡོག་བྱེད་བཞིན་ཡོད་ཅིང་། ཁྱོད་ལ་ཤེས་རབ་མེད་པ་མིན་པར་གཙོ་བོ་བརྩོན་འགྲུས་མི་འདུག་ཅེས་འཁང་ར་བྱེད་བཞིན་འདུག །

                                                   2022-12-6ཉིན།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ང་ཚོ་ལ་ཤེས་རབ་མེད་པ་མིན་པར་བརྩོན་འགྲུས་མེད་པས་རེད།

2022-12-06 ཁྱུང་ཐར་རྒྱལ།(རྩེ་ཁོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།