ཨ་མ་པདྨ་མཁའ་འགྲོ།
བསླུ་བྲིད་ཀྱི་ནམ་མཁའི་བར་ནས་མིག་ཟུང་བཙུམས་ཙམ་བྱེད་རྗེས་འཇིག་རྟེན་ཡོངས་རྫོགས་ཁ་དོག་འགྱུར་འདུག དེ་མ་ཟད་བདག་གི་མ་ལོའི་ཞལ་རས་འགྱུར་འདུག་ལ་ད་རུང་ན་ཆུང་སྐབས་ཀྱི་དབུ་སྐྲ་ལན་བུ་ཡང་། ཁ་བ་ལྟར་དཀར་གཙང་ཞིག་ཏུ་གྱུར་འདུག ད་གཟོད་བདག་གིས་རྒས་བའི་སྡུག་བསྡལ་ཞིག་མིག་ཏུ་ལྷུང་སོང་། བྱམས་བརྩེའི་དྲོད་ཁོལ་ནི་སྔར་ལྟར་ཚོར་བའི་མེ་ཕུང་བཞིན་དྲོ་ཏིག་ཏིག་གིས་ཁང་ཆུང་གྲུ་བཞི་དེ་རུ་ཁྱབ་ཡོད། ཨ་མ་ནི་ཆེས་དྭངས་གཙང་གི་མཚོ་མོ་ཡིན་ལ་ཁོ་བོ་དག་ནི་ནམ་རྒྱུན་དེ་རུ་རྩེད་འཇོ་རོལ་བའི་ཉ་མོ་དག་ཡིན། མ་ཟད་མཚོ་མོའི་སེམས་པ་ཉོག་པོར་གཏོང་མཁན་དེ་ཡང་ཡིན་སྲིད།
ཨ་མས་ནམ་རྒྱུན་ང་ལ། སློབ་ཆུང་གི་སྒོ་ཁ་འགྲིམས་པའི་དུས་དེ་ཁྱོད་ནི་བྱིས་པ་གཞན་དང་མི་འདྲ་བ། རྟག་ཏུ་ཨ་མ་ལགས་ཀྱི་བྲང་ཁོག་ཏུ་ཉལ་བར་གོམས་པའི་སློབ་གྲྭ་འགྲོ་རྒྱུ་ལ་དཀའ་ཁག་མི་ཉུང་བ་ཞིག་གནང་མྱོང་ཡོད་ཅེས་ནམ་རྒྱུན་བདག་ལ་བཤད་ཀྱིན་ཡོད། ཁོ་བོས་དེ་ཁོ་ན་ལ་བསམ་བློ་གཏོང་ཚེ། ངོ་མ་ཨ་མ་ནི་ཁོ་བོར་ཤེས་རིག་གི་ལྡེ་མིག་གནང་མཁན་དེ་ཡང་ཅི་ལ་མིན། མ་གཞི་ངའི་ཨ་མ་སློབ་གྲྭ་སོགས་གཏན་ནས་འགྲོ་མ་མྱོང་བའི་རོང་བ་རྒན་མོ་ཞིག་ཡིན། ཡིན་ཡང་། ཁོང་མོས་ཤེས་རིག་གི་རྒྱལ་ཁམས་ནི་མཛེས་སྡུག་ལྡན་པའི་ཁོར་ཡུག་ཡིན་པ་སྔར་ལས་ར་སྤྲོད་ཐུབ་འདུག དེ་བས་ཁོ་བོ་ཡང་རིག་གནས་ལ་དགའ་མོས་སུ་ཆགས་པ་དེ་ཡང་ཨ་མ་ཁོང་གི་བཀའ་དྲིན་ལས་ལྟ་ཅི་སྨྲོས།
དེ་རིང་ཡང་ཨ་མ་དྲན་པའི་དུས་ལ་འཁེལ་འདུག སྒེའུ་ཁུང་འགྲམ་དུ་གློག་ཀླད་སྒོ་ཕྱེས་ཏེ། ཁོང་མོར་འཕྲིན་ཐུང་འགོ་མཇུག་ཚང་བ་ཞིག་འདི་ནས་འབྲི་བསམས་བྱུང་། ཆེས་སྤྱིར་བཏང་བའི་འཚོ་བའི་གྲུ་ཁ་ཞིག་ནས་སྨྲ་བསམ་གྱི་རི་མོ་ཁག་ཅིག་ཨ་མའི་ཕྱོགས་སུ་ནམ་རྒྱུན་འབྲི་གིན་ཡོད། སྐབས་འགའ་རེར། ཨ་མའི་ཞལ་གསུང་གི་ཐིགས་པ་རེ་རེ་ལ་ཁོ་བོས་བསམ་བློ་བཏང་སྟེ། མཛེས་སྡུག་གི་ཕོ་བྲང་ནང་ཨ་མ་དང་ཞལ་མཇལ་གནང་སྟེ་ཡིད་འོང་གི་གཏམ་རྒྱུད་མཐའ་དག་བསྐྱར་གླེང་གནང་ཞིང་། ངེད་གཉིས་ཁུ་སིམ་ངེར་བསྡད་པའི་གནས་ཀྱང་ཡིད་ལ་ཝ་ལེར་ཤར་གྱིན་འདུག ཨ་མ་མཛངས་མ་དགེ་བའི་བཤེས་གཉེན་ཡིན་ཞེས་པ་ལྟར། བདག་ལ་ནམ་རྒྱུན་རྩེད་འཇོ་ངང་ཀ་མད་སུམ་ཅུ་ངག་ལ་ཡང་ཡང་གྱེར་བཅུག་མྱོང་། ནུ་མའི་མངར་བཅུག་རོལ་ཞོར་ཡིག་དྲུག་མ་ཎི་ཡང་བདག་ལ་ཡང་ཡང་སློབས་བྱུང་། སྤྱང་གྲུང་འཛོམས་པའི་ངང་ནས་ངག་སྒྲུང་’’གསེར་ལུ་སྒྲོན་དང་དངུལ་ལུ་སྒྲོན་’’ཞིག་མང་པོ་བཤད་མྱོང་། དེར་དུས་བརྙན་འཕྲིན་སོགས་ཆ་འཕྲིན་རིགས་དཔེ་དཀོན་པོ་ཞིག་ཡིན་ཡང་ཁོ་བོ་ལ་མཚོན་ནས་ཨ་མ་ལགས་ཀྱི་ངག་སྒྲུང་ནི་བརྙན་འཕྲིན་ལྟར་ཕུན་སུམ་ཚོགས་པའི་རྒྱུ་ཞིག་ཏུ་གྲུབ། ངག་སྒྲུང་འཆད་ཞོར་ཨ་མའི་ལག་པ་ཁོ་བོ་མ་གཉིད་བར་དུ་མགོ་སྔས་སུ་བཞག་སྟེ། སང་ཉིན་ཞོགས་པ་ཨ་མའི་ལག་པ་སྦྲིད་དེ་འགུལ་སྐྱོད་བྱེད་པར་དཀའ་ངལ་ཅན་དུ་གྱུར་ཡོད། ཡིན་ཡང་། ཁོ་བོ་ལ་དེའི་སྐོར་ནས་གཏན་ནས་བཤད་མ་མྱོང་། ཁོ་བོས་ཀྱང་དེ་ཚོ་གཏན་ནས་རྟོགས་མ་མྱོང་བས་བྱིས་པ་པྲ་ཚགས་ཅན་ཞིག་ཏུ་སེམས་སོ།།
རླུང་བུ་ཡང་ལྡང་མཚམས་བཞག་བྱུང་། ལྗོན་པ་ཡང་གཡོ་མཚམས་བཞག་བྱུང་། དྲན་ལྷང་ལྷང་གི་འཇིག་རྟེན་ནས་ཨ་མའི་མདུན་གྱི་དགོད་ལྷང་ལྷང་གི་བདེ་སྣང་དང་། རྫོགས་རྒྱུ་མེད་པའི་ངའི་སྐད་ཆ་ཉག་ཉོག་བཤད་བཞིན་ཨ་མའི་པང་དུ་མགོ་བོ་བཞག་པའང་མང་པོ་དྲན་གྱིན་འདུག ད་རུང་། སྒྲ་དག་ལ་མ་དག་པའི་ཁ་བཏོན་བཏོན་པའི་སྣང་བརྙན་དག་ཀྱང་ཡིད་ལ་ཝ་ལེར་འཆར་གྱིན་འདུག ཞོགས་པ་རེ་རེའི་མཚམས་སུ་ཁོ་བོ་གཉིད་ལས་དཀྲོག་བྱེད་དེ་ཡང་ཨ་མ་ལགས་ཀྱི་ཁ་བཏོན་དེ་ཡིན། རྫོགས་མེད་ཀྱི་བར་གསེང་ནས་རྙེད་པའི་གཏམ་རྒྱུད་ཀྱི་འདི་དག་ནང་སེམས་སུ་ཁེར་ལབ་བྱེད་འོས་པ་ཞིག་ཅི་ལ་མིན།
གལ་ཏེ་ཆོག་ཚེ། འདས་དོན་གྱི་མཚོ་མོ་ནང་གི་རྨི་ལམ་ལྟར་ཡལ་བའི་རི་མོ་དག་ལྷ་བཟོ་མཁས་པ་ཞིག་ཡིན་ཚེ། པིར་སྣེ་ནས་བྱུང་བའི་རི་མོ་ལྟར་ངས་ཡང་ཡང་དུ་འབྲི་ཆོག སྒེའུ་ཁུང་ནས་ནམ་རྒྱུན་ནམ་མཁའ་རུ་ཅེར་དུས། ངའི་ནང་སེམས་སུ་དྲོད་ཁོལ་ཡལ་རྒྱུ་མེད་པའི་འོད་ཟེར་ཞིག་བདག་ལ་བརྩེ་བས་སྐྱོར་གྱིན་ཡོད། འཕྲུལ་བའི་མཐུ་ལས་ཁོ་བོ་བར་སྣང་དུ་འཕུར་ཏེ། རྒྱང་རིང་རྒྱང་རིང་དུ་ཨ་མས་གནང་བའི་བསླབ་བྱ་ཁག་ཅིག་རྣ་ལམ་དུ་གྱེར་བ་ཡང་ཐོས་མྱོང་། བསླུ་བྲིད་དང་གཡོ་ཟོལ་སོགས་མ་གོས་པའི་ཨ་མ་ཞིག་དྲན་གྱིན་འདུག གཟུགས་མེད་ཀྱི་དྲི་ཞིམ་ངང་འགྲོགས་པའི་ཟླ་བ་ནང་མཁའ་དབྱིངས་སུ་སྤྲིན་དཀར་བཞོན་ཞིང་། སྐྱིད་སྡུག་གི་ཡོལ་བ་གཏོར་བའི་གདུང་བ་ལ་སྤྱན་ཆབ་མེད་པའི་ལྷ་མོ་ཞིག་ང་དང་ངེད་མིང་སྲིང་གསུམ་གྱི་ཆེད་དུ་བགྲང་བྱ་མང་པོའི་རིང་ལ་དཀའ་ལས་མྱངས་སོང་།
2022 9 19

རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།