ང་རང་ཡིད་དགའ་བའི་བྱིས་དུས་ལ་ཕྱིར་ལྡོག་ཆོག་པར་ཞུ།
མདུན་ཕྱོགས་ན་ཅི་ཞིག་ཡོད་པ་འདྲ་ཡང་མེད་པར་སྙམ་པའི་རེ་འདུན་དེ་ནི། ལན་རེར་སྨིག་སྒྱུ་དང་གཉིས་སུ་མེད་པར་ཅི་ཙམ་ཉེ་ས་ལ་གཅར་ན་དེ་ཙམ་གྱིས་རིང་སར་ཡོད་པ་འདྲ་ལ། ཡང་ཐད་ཀར་བལྟས་ན་དེ་ཙམ་མི་རིང་བའི་སར་ལ་གནས་པའི་འོད་འཚེར་འཚེར་གྱི་རེ་འདུན་དེ་ནི། ང་ཡི་རེ་འདུན་ཏེ། ངས་དེ་ཡི་ཆེད་དུ་འདུར་རྒྱུགས་ཡང་ཡང་བྱས་ནས་ཐང་ཆད་བྱུང་། དངོས་གནས་ཐང་ཆད་བྱུང་། ད་ནི་མཐའ་ཡངས་པའི་རྩྭ་ཐང་ཞིག་ནས་བག་ཕེབས་ཀྱིས་ངལ་གསོ་ཡིད་ཚིམ་པ་ཞིག་བྱེད་སྙིང་བྲོ་སོང་།
ལོ་ཟླ་དེ་ལྟར་སྨྲ་བ་མེད་པར་འཇམ་ཅག་གེར་འགྲོ་བཞིན་དང་བསྟུན་ནས། ངས་རྡོག་པས་མནན་ཟིན་པའི་རྐང་རྗེས་རེ་རེེར་ཕྱིར་མིག་གི་ལམ་ནས་ཐེངས་གཅིག་བལྟས་པ་ན། ང་ལ་གང་ཞིག་ཐོབ་སོང་བ་འདྲ་བར་ལག་པས་འཛིན་རྒྱུ་ཞིག་ཆེར་མེད་ན་ཡང་། ངས་ཁ་མིག་མ་འོངས་པ་ཞེས་པའི་འབྱུང་འགྱུར་གྱི་འཚོ་བ་དེ་ལ་གཏད་པ་ཤུགས་དྲགས་པས། ངས་ཤོར་ཟིན་པ་ནི་ཏག་ཏག་ཡི་གར་འོང་བའི་བྱིས་དུས་ཀྱི་འཚོ་བ་དེ་དག་རེད། ངས་ང་ལ་ཐོབ་ཟིན་པའི་འཚོ་བ་མང་པོ་ཞིག་གི་རིན་ཐང་མ་རྟོགས་པར་དེ་ལྟར་ལག་ནས་ཤོར་སོང་། རྒྱུ་མཚན་དེ་ཡི་ཕྱིར་ན། ང་རང་ཡིད་དགའ་བའི་བྱིིས་དུས་ལ་ཕྱིར་ལྡོག་ཆོག་པར་ཞུ།
ན་ཚོད་སྨིན་པ་དང་མཉམ་དུ་ནང་སེམས་ཀྱི་དགོས་འདོད་ཀྱང་ཇེ་མང་ནས་ཇེ་མང་གྱུར། འགྲོ་བཞིན་པའི་དགོས་འདོད་ཀྱི་འདོད་སྲེད་དེའང་། ཇེ་ཆེ་ནས་ཇེ་ཆེར་ཕྱིན་ན། ངས་འཚོལ་བཞིན་པའི་གུ་ཡངས་ཀྱི་བདེ་སྐྱིད་གང་དུ་འཚོལ་ཨང་། ང་རང་ཡིད་དགའ་བའི་བྱིས་དུས་དེ་ནི། སྔོ་ལྗང་ལྗང་གི་རྩྭ་ཐང་ཐོག་ན་འབའ་སྐད་སྒྲོག་བཞིན་པའི་ལུ་གུ་ཞིག་དང་འདྲ་བར་སྙིང་དུ་སྡུག་པ་ཞིག་རེད། ང་རང་བྱིས་དུས་ལ་དགའ་དོན། བྱིས་དུས་སུ་བསྟན་བཤིག་ཚ་པོ་ཡོད་པའི་གཤིས་ཀ་ལ་དགའ་བས་མིན་ལ། གང་ལ་ཡང་བསམ་བློ་གཏོང་མི་དགོས་པར་རྩེད་ནས་བསྡད་ན། ལྟོ་བ་འགྲང་ཐུབ་པའི་འཚོ་བ་ལ་དགའ་བ་དེ་བས་མིན།
དེ་ན་གང་ཡིན་ཟེར་ན། ཅི་ལ་ཡང་གཅེས་འཛིན་གྱི་རྔམས་ཁ་མཐུག་པའི་སེམས་གཤིས་འཇམ་པོ་དེ་དང་། གང་ལ་ཡང་འགྲན་རྩོད་ཀྱི་འཐབ་འཛིང་དང་། འདོད་སྲེད་ཀྱི་སེམས་གཤིས་ཆུང་བའི་གཤིས་ཀ་དེ་ལ་དགའ་བ་ཡིན་ནོ། ། བྱིས་དུས་སུ། བྱིས་དུས་ཀྱི་རྩེད་རའི་ནང་དུའང་། རྩེད་རྡོ་ཡི་བཟོས་པའི་རྟ་ནོར་གྱིས་རྩྭ་ཆུ་འཐུང་ནས་རི་ལ་འགྲོ་ཤེས་ལ། ང་རང་ཨ་ཕ་དང་། སྒྲོལ་མ་ཨ་མ་བྱས་ནས་རྩེད་མཚར་གྱིས་འཁོར་བ་འཛིན་པ་དེ་ཡང་། ཏག་ཏག་དོན་དངོས་དང་འདྲ་བར་རོ་བྲོ་ཕུན་སུམ་ཚོགས་པ་ཞིག་ལྡན།
བྱིས་དུས་ཀྱི་འཚོ་བ་ནི་ཇི་འདྲ་ཡིད་དུ་འོང་བ་ཞིག བྱིས་དུས་ཀྱི་འཚོ་བའི་ནང་དུ། འཆི་བ་མེད། འགྲན་རྩོད་མེད། ཐོབ་ཤོར་མེད། འབྱོར་ཕྱུག་མེད། ཐ་ན་རྫ་དུམ་ཞིག་ཆག་པའི་གནོང་འགྱོད་ཀྱང་ཆེར་མེད། བྱིས་དུས་ཀྱི་འཚོ་བའི་ནང་དུ་ཡོད་པ་ནི་གཅེས་འཛིན་ཁོ་ནའོ། །རྩེད་རྡོ་ཡིས་བཟོས་པའིི་རྟ་ནོར་དང་། ཁྱིམ་གཞིས། ད་དུང་རྟོག་བཏགས་ཀྱིས་བཞེངས་པའི་ཆུང་མ་སོགས་ལ། གཅེས་པར་འཛིན་པའི་གཅེས་འཛིན་ཁོ་ནའོ།། དེའི་ཕྱིར་ང་རང་ཡིད་དགའ་བའི་བྱིས་དུས་ལ་ཕྱིར་ལྡོག་ཆོག་པར་ཞུ།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།