ཚེ་རིང་དོན་གྲུབ་ཀྱི་ལྷུག་རྩོམ་གསར་པ། 《ཨ་མའི་ལག་ཟས》

ཚེ་རིང་དོན་གྲུབ།(ཟི་ལིང) 琼迈文学网 2023-02-15

  དཔེ་ཀློག་དང་གསར་རྩོམ། བསམ་བློ་དང་སྒྱུ་རྩལ། མི་རིགས་དང་སྐད་ཡིག། སྒེར་གཅོད་དང་དམངས་གཙོ་སོགས་བཤད་རྩིས་མེད་པར་རྒན་དར་གཞོན་གསུམ་དང་ཕོ་མོ་མ་ནིང་། དཔོན་པོ་སྤྲང་པོ། ཁྱོད་དང་ང་གཉིས་བཅས་པ་ཉིན་གཅིག་ལའང་ཁ་འབྲལ་ཐབས་མེད་པའི་ཟ་འཐུང་གི་སྐོར་བཤད་རྒྱུ་ཡིན་པས་ན་འགྲམ་ཆུ་ལྡང་ཞོར་དང་མཆིལ་མ་མིད་ཞོར། ཁ་ཤ་ལྡག་ཞོར་ཀློགས་ཤིག

  ང་རང་ནི1961ལོའི་སྤྱི་ཟླ10ཚེས13ཉིན་སྐྱེས། སྤྱིར་བཏང་དུ་འབྲོག་ཕྲུག་རྣམས་ཀྱི་སྐྱེས་སྐར་ནི་ལོ་རྟགས་གང་གི་ཧོར་ཟླ་གང་དང་ཚེས་པ་ནམ་ཡིན་པ་ཙམ་ལས་སྐྱེས་མ་ཐག་ཏུ་ཁྱིམ་ཐོར་འགོད་མཁན་ཉུང་བས་ཁྱིམ་ཐོའི་སྟེང་གི་སྤྱི་ལོ་དང་། ལྷག་པར་དུ་ཟླ་ཚེས་ལ་དེ་འདྲ་རློམ་རྒྱུ་མེད། ཡིན་ཡང་དམིགས་བསལ་གྱི་ལོ་ཟླ་དེར་སྐྱེས་མ་ཐག་ཏུ་ཁྱིམ་ཐོར་བཀོད་ན་ཟས་སྐལ་ཉུང་ཙམ་བཙོངས་པས་ངའི་སྐྱེས་སྐར་ལ་འཁྲུལ་བ་མེད་ཅེས་ཕ་མ་དག་ཞིང་གཉིས་ནས་རྒྱུན་དུ་བཤད་པ་དང་། ད་དུང་བུ་འདིའི་ཟས་སྐལ་གྱིས་ཁྱིམ་གང་བོའི་མུག་སྣེ་ནས་བཟུང་སོང་ཞེས་ཁོ་ཚོས་ང་ལ་བུ་ལོན་ཆད་ཡོད་པ་ལྟ་བུའི་འདུ་ཤེས་ཤིག་ཡོད་པའི་ཁར་ང་ནི་མིང་སྲིང་དྲུག་གི་ཐ་ཆུང་ཡིན་པས་ཚང་མས་ལྷག་ཏུ་གཅེས།

  དེ་འདྲའི་དུས་ཁྱད་པར་བ་ཞིག་ལ་ང་རང་དགེ་བཅུ་ཚང་བའི་ཡུལ་གང་དུ་སྐྱེས་ཟེར་ན། དེ་ཡང་ངས་སྔོན་ཆད《རྨ་ཁུགས་གྱི་ལིང》ཞེས་པའི་བརྩམས་སྒྲུང་དུ་འདི་ལྟར་བྲིས་ཡོད་དེ། འཛམ་གླིང་གི་རྒྱ་ཕིབས་སུ་འབོད་པའི་མདོ་དབུས་མཐོ་སྒང་གི་ཕང་བ་ནས་དྭངས་གསལ་གྱི་ཆུ་མིག་ཅིག་བརྡོལ་ཅིང་། དེ་ས་སྟེང་དུ་ཐོན་པའི་ཉིན་ནས་བཟུང་ཡན་ལག་ཁྲི་སྟོང་དུ་མ་རང་གི་དཔུང་དུ་སྡུད་བཞིན་ཤར་ཕྱོགས་སུ་སྐྱོད། སྐད་ཅིག་ཙམ་ལ་ལང་ཚོ་དར་ལ་བབ་ཅིང་། ལྟ་བས་ཆོག་མི་ཤེས་པའི་གཞོན་ནུ་མ་ཞིག་དང་འདྲ་བར་གྱུར་པའི་དུས་མཚུངས་སུ་ཉིན་མཚན་དབྱེར་མེད་ཀྱིས་རྒྱ་མཚོའི་བྲང་དུ་བག་མར་བཞུད། མོ་ཕ་ས་དང་ཁ་འབྲལ་བར་ཉེ་བའི་སྐབས་སུ་སོམ་ཉིར་ཚུད་ཅིང་སེམས་པ་སྐྱོ་བྱུང་། མཚམས་ཤིག་མོ་གློ་བུར་དུ་ཁ་ཕྱིར་འཁོར་ཏེ་སླར་ཡང་ཕ་ཡུལ་གྱི་ཕྱོགས་སུ་རྒྱུག རྗེས་སུ་ས་སྟེང་དུ་འགྲོ་བ་མིའི་རིགས་བྱུང་བ་དང་། མིའི་རིགས་ལ་སྐད་ཆ་བྱུང་རྗེས་ཕ་ཡུལ་གྱི་མི་རྣམས་ཀྱིས་མོའི་མིང་ལ“རྨ་ཆུ”ཟེར། མོ་ཐེངས་དང་པོར་ཁ་ཕྱིར་འཁོར་བའི་གནས་དེར“རྨ་ཀླུང་ཁུགས་པ་དགུ་ལྡན་གྱི་ཁུགས་པ་དང་པོ”ཟེར། དེ་ནི་དེང་དུས་ཀྱི་སྲིད་འཛིན་ས་ཁོངས་དབྱེ་ཚུལ་ལྟར་ན་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་འདྲེས་མཚམས་ཀྱི་རྨ་ཁུགས་རྩྭ་ཐང་རེད། མུ་མཐའ་བྲལ་བའི་རྨ་ཁུགས་རྩྭ་ཐང་ནི་གཙོ་བོ་རི་ཁུལ་སྤང་ལྗོངས་རིགས་དང་མཐོ་གྲང་སྤང་ལྗོངས་རིགས། ན་འདམ་སྤང་ལྗོངས་རིགས། སྡོང་ཕྲན་སྤང་ལྗོངས་རིགས་ཀྱིས་གྲུབ་པ་ཡིན་ལ། སྤང་ལྗོངས་དེ་དག་ནི་རི་རྩྭ་དང་ལྷས་རྩྭ། འདམ་རྩྭ་སོགས་རྩྭ་མི་གཅིག་རྩྭ་སྣ་བརྒྱ་ཕྲག་དུ་མ་ལས་ད་དུང་གཞན་དབྱིབས་དང་ཁ་དོག་འདྲ་མིན། དྲི་བསུང་མཐའ་ལ་ཁྱབ་པའི་མེ་ཏོག་སྣ་ཚོགས་ཀྱིས་གྲུབ་པ་རེད། ང་རང་ཏག་ཏག་གནས་འདི་རུ་སྐྱེས་པ་ཡིན། གནས་འདིར་ནོར་ནག་ལས་གཞན་ད་དུང་ས་ཆ་གཞན་ན་མེད་པའི་རྨ་ཁུགས་གྱི་ལིང་དང་དངུལ་རྭའི་ལུག་ཟེར་བའི་ཕྱུགས་རྒྱུད་ཁྱད་པར་ཅན་གཉིས་ཡོད།

  དེང་སྐབས་ཚོང་ལས་ཀྱི་ཁྱབ་བསྒྲགས་མང་པོར“དབྱར་རྩྭ་ཟོས་ཤིང་གཏེར་ཆུ་བཏུང་བའི་ཤ་དང་འོ་མ”ཟེར་གྱིན་ཡོད་ལ། ལབ་བརྒྱབ་ནས་བཤད་ན་ང་ལྟ་བུའི་མདོ་དབུས་མཐོ་སྒང་གི་འབྲོག་པ་རྣམས་ཀྱིས་ཚེ་གང་བོར་དེ་འདྲའི་ཤ་ཟོས་ཤིང་འོ་མ་བཏུང་བ་རེད། དྲང་མོར་བཤད་ན་དབྱར་རྩྭ་དགུན་འབུ་སྐྱེ་སའི་གནས་ཤིན་ཏུ་དཀོན་པ་དང་སྐྱེ་བའི་དུས་ཡུན་ཧ་ཅང་ཐུང་བས་ནོར་ལུག་གི་ཁ་ལ་རེག་ཚད་དང་། དེ་དག་གི་ཤ་དང་འོ་མ་འབྲོག་པ་ཚོའི་ཁ་ལ་རེག་ཚད་ནི་རྒྱ་མཚོའི་གཏིང་གི་རུས་སྦལ་དང་རྒྱ་མཚོའི་ཁ་ཡི་གཉའ་ཤིང་གི་དཔེ་ལས་མ་འདས། “དབྱར་རྩྭ་ཟོས་ཤིང་གཏེར་ཆུ་བཏུང་བའི་ཤ་དང་འོ་མ”ཕར་ཞོག “དབྱར་ཁའི་ཤ་དང་དགུན་ཁའི་ཞོ”ཟེར་བའི་གཏམ་དཔེ་ཞིག་ཡོད་པ་འདིས་འབྲོག་པ་ཡིན་ཡང་དབྱར་ཁར་ཤ་དཀོན་པ་དང་། དགུན་ཁར་འོ་མ་དཀོན་པ་གསལ་བཤད་བྱས་ཡོད། ལྷག་པར་དུ་ང་རང་ཆུང་དུས་ཕྱུགས་ཟོག་ཚང་མ་ཐུན་མོང་ལ་དབང་བ་ལས་ཁྱིམ་ཚང་སོ་སོར་མཛོ་གཡག་དང་བཞོན་མ། ལུག་དང་ལྷག་པར་དུ་རྟ་སོགས་“སྒེར་ཟོག”ཟེར་བ་ཧ་ཅང་ཉུང་།

  ཐོན་སྐྱེད་རུ་ཁག་གིས་ཨ་རྡི་དང་ཨ་རྨེན་གྱི་ཤ་སྲ་ཞིང་བཤུལ་དྲི་བྲོ་བས་རྒྱལ་ཁབ་ཀྱི་འགན་ཁུར་དུ་བཙོང་བ་ལས་འབྲོག་པ་རང་གིས་བཟའ་བར་མི་བྱ། དགུན་ཤ་བཤའ་དུས་མི་རེར་ལུག་རེ་དང་། ཡང་ན་ཁྱིམ་རེར་སྐམས་གཅིག་ཙམ་རེ་ཡོད། དབྱར་ཤ་ལ་“ཟླ་ཤ”ཟེར་ཞིང་། ཟླ་རེར་ཁྱིམ་རེར་ལུག་རེ་དང་། ཡང་ན་ཁྱིམ་ཚང་གསུམ་བཞིའི་བར་ལ་སྐམས་རེ་བཤའ་རུ་འཇུག དེའང་ལོ་གཅིག་ལ་འབད་པའི་གླ་ཆའི་སྒོར་མོ་ལས་འཐེན་ཡོད་པ་བཤད་ཅི་དགོས། སྐམས་ལུག་བཤས་རྗེས་ཁྲག་གི་ནང་ལ་སྐེ་ཤ་དང་མཆིན་ཤ། གློ་བ(སྤྱིར་བཏང་དུ་སྐམས་ཀྱི་གློ་བ་དང་མཁལ་མ། མཚེར་བ། ཤན་རྨེན་སོགས་ཁྱི་ལ་སྟེར་བ་ལས་མིས་མི་ཟ)ཚིལ་འཐག་ནས་བསྲེས་ཏེ་ཚྭ་དང་གཡེར་མ། ཡང་ན་གོ་ཏོག(གོ་སྙོད)བཏབ། ཐོག་མར་རྒྱུ་ཤའི་ནང་བླུགས་ཏེ་ལྡུག་མཆུའི་ཚབ་བྱས་ནས་རྒྱུ་ནག་ནང་འདྲེན་པ་ལ་ཁྲག་རྒྱུ་ཟེར། ད་དུང་རྒྱུ་ཁྲ་ཕྲ་མོའི་ནང་འདྲེན་པ་ལ་ཁྲ་ཕྲ་ཟེར། རྒྱུ་ཁྲ་སྦོམ་པོ་དང་རྒྱུ་ཤ ཕོ་སུལ། ཕོ་ཁའི་ནང་ལ་ཤ་ཚིལ་འཐག་པའི་ནང་ལ་ཚྭ་དང་ཙོང་། ཡང་ན་སྒོག་པ་བཏབ་པ་ལ་སོ་སོར་གཡོས་རྒྱུ་དང་རྒྱུ་ཤ་ཟེར། གྲོད་ནག་དུམ་བུར་བཅད་པའི་ཁུགས་ལ་གོང་གི་དེ་དག་གཅུད་ནས་སྐུད་པས་བཙེམ་པ་ལ་ཙེམ་ཚི་ཟེར། ལོང་ཁའི་ནང་ལ་མཆིན་པ་དང་ཚིལ་འཐག་ནས་ཚྭ་དང་ཙོང་། ཡང་ན་གོ་ཏོག(གོ་སྙོད)བཏབ་སྟེ་ལྡུག་པ་ལ་མཆིན་པ་ཟེར། མཆིན་པ་རྡུང་བའམ་འཐག་རྗེས་ཚྭ་དང་ཙོང་བཏབ་ནས་ལྟོ་ཚིལ་གྱིས་གཅུད་དེ་རྒྱུ་ནག་གིས་བཅིངས་པ་ལ་ཚིལ་དཀྲིས་ཟེར། དེ་དག་དུམ་བུ་དུ་མར་བགོས་ནས་གྲོད་ནག་ནང་བཏུམས་པ་ལ་ནང་ཐུམ་ཟེར། གཡོས་རྒྱུ་དུམ་བུ་དང་ཁྲག་རྒྱུ་དུམ་བུ། ཁྲ་ཕྲ་དུམ་བུ། སེམས་བུ(འདི་དུས“སྙིང”ཞེས་མི་འབོད)ཤར་མོ། མཁལ་མ་ཚིལ་དང་འབྱར་བ་རྡོག་པོ་བཅས་ལ“སྣག་གསུམ”ཟེར་ནས་ཁྱིམ་མཚེས་གཡས་གཡོན་ལ་སྟེར་སྲོལ་ཡོད། དེ་ཡང་ལུག་མགོ་ཡ་མགོ་མ་མགོ་གཉིས་སུ་གཏོར་བ་དང་། སྐམས་མགོ་ལ་སྟ་རེ་བརྒྱབ་སྟེ་འགྲམ་རུས་གཉིས་ཀ་སོ་སོ་དུམ་བུ་གཉིས་རེ་དང་ཡ་མགོ་དུམ་བུ་བཞི་རུ་བགོས་ནས་དགུ་དང་པོ་ནས་བཞི་བའི་བར་གྱི་དགུ་རེའི་ཉིན་དང་པོར་མགོ་རུས་དང་སུག་པ་གྲོ་མ་དང་མཉམ་དུ་གདུས་ནས་རུས་བཏོག་བརྒྱག་པ་དང་གྲོ་ཁུ་བཏུང་བ་སོགས་ཤ་མཛུབ་མོ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་། ཕྱི་ཤ་ལས་མཚང་ར་དང་བྲང་། རྩིབ་གུ་ནི་ཤ་ཡག་ཤོས་དང་ཚོ་ཤོས། ཞིམ་ཤོས་སུ་བརྩིས་ཏེ་མགྲོན་པོ་གལ་ཆེན་དང་གཉེན་ཉེ་འདང་ཆེན་སླེབས་དུས་མ་གཏོགས་མི་བཙོ། དེ་ལས་ཀྱང་གལ་ཏེ་མནའ་མ་མག་པ་བསུས་ནས་སྟོན་མོ་བྱེད་དུས་མནའ་མ་དང་མག་པའི་ཨ་ཞང་ལ་ངེས་པར་དུ་ལུག་གི་མཚང་ར་གཅིག་སྟེར་སྲོལ་ཡོད། ཕྱི་ཤ་ནང་ཤ་ཚང་མ་དགུན་ཁར་ལྕི་བའི་འཁྱགས་སྒམ་དུ་བཞག་ནས་ཧ་ཅང་གྲོན་ཆུང་གིས་ཟོས་ཏེ་དཔྱིད་ཀར་ལྕི་སྒམ་དྲོས་ནས་འཐོར་ལ་ཉེ་དུས་ད་དུང་ལྷག་མ་ཡོད་ན་བསིལ་སྐེམ་བྱས་པ་དེ་ལ་ཤ་སྐམ་ཟེར་ཞིང་། དེ་ནི་ང་ལ་མཚོན་ན་ཤ་གསར་ལས་ཀྱང་ཞིམ་ལ། ལྷག་པར་དུ་ང་ཚོས་ལྡུ་རུ་ཁ་འབྱར་ཟེར་བའི་ཕྱེ་ཁུ་ནུར་མོའི་ནང་དུ་གཙབས་ནས་འཐུང་ན་དེ་བས་ཀྱང་ཞིམ། ཡིན་ནའང་དེ་ཡང་ཅི་འདོད་བཟའ་རྒྱུ་གང་ན་ཡོད། ལྷུ་རུས་རྣམས་བཅག་ནས་རྐང་ཟ་ཞིང་། ཐ་ན་རུས་པ་བརྡུངས་ནས་ཡུན་རིང་གདུས་ཏེ་ཞག་ལེན་དགོས་ལ། ཁྱིམ་ཚང་ལ་ལར་མར་ཆད་བྱུང་ན་མར་གྱི་ཚབ་ཏུ་ཞག་འཕངས་ནས་རྩམ་པ་བརྫི་བ་ལ་ཞག་རྩམ་ཟེར། དེ་ལ་འཚོ་བཅུད་ལྡན་ཡང་དེ་འདྲའི་ཞིམ་རྒྱུ་མེད། དཔྱིད་ཀ་ཕྱུགས་ཟོག་ལ་རྩྭ་ཆད་པ་དང་། ལྷག་པར་དུ་ཁངས་གནོད་བྱུང་ཚེ་བེའུ་ཡར་དང་ལུ་གུ་ལག་ག། གཞན་ཡང་ནོར་ལུག་རྒས་འཁོགས་འགའ་རེ་མུ་གེར་འཆི་ལ། མུ་གེར་ཤི་བའི་ཤ་ལ་ཤི་ཤ་དང་ཡང་ན་ཤ་རྗུད་ཟེར་ཞིང་མང་ཚོགས་ལ་རིན་མེད་དུ་བགོ་བ་ཡིན། དེ་དུས་ཤ་རྗུད་ཞག་ལ་བྱན་ནས་བཟའ་བར་བྱེད། ལྟོགས་སྐོམ་གྱིས་ཡུན་རིང་མནར་ན་སྐེ་དང་རྐང་ལག་ཧ་ཅང་ཕྲ་ཞིང་ལྟོ་བ་འབུར་ཏེ་རང་དབང་མེད་པར་ཡི་དྭགས་ཟེར་བ་མིག་ལམ་དུ་འཆར་བར་བྱེད་པའི་གཟུགས་སུ་འགྱུར་པ་ལ་སྦྲེ་ཐུར་བུད་ཟེར་བ་དང་། དེ་ཡར་ལང་བའི་ནུས་པའང་མེད་པ་ལ་བསྐ་ནས་ཉལ་སར་ལྷུང་ཟེར། དེས་ཞག་རྩམ་སོགས་ཟས་རིགས་སྣུམ་པོ་ཟོས་ཚེ་དེ་མ་ཐག་གསོན་ཤུགས་རྒྱས་ནའང་ཐེངས་གཅིག་ལ་ཚད་ལས་བརྒལ་བར་ཟོས་ན་ཉེན་ཁ་ཆེ། སྔོན་ཆད་ཕྱུག་པོ་སེམས་བཟང་ཞིག་གིས་སྤྲང་པོ་སྦྲེ་ཐུར་བུད་འདུག་པ་ཞིག་ལ་ཞག་རྩམ་བྱིན་ནས་གསོས། “རིག་གསར”སྐབས་སུ་ཕྱུག་པོ་དེ་ལ་འཐབ་རྩོད་བྱས་ཤིང་། སྔོན་གྱི་སྤྲང་པོ་དེས“ངན་དགུ་འཛོམས་པའི་སྤྱི་ཚོགས་རྙིང་བར་ལྟས་ངན་འདིས་ང་ལ་ཞག་རྩམ་ཟ་རུ་བཅུག་ནས་གསོད་རྩིས་བྱས”ཟེར་ནས“སྡུག་དྲན་སྐྱིད་བསམ”བྱས་པ་ལྟ་བུ་རེད། དཔྱིད་ཀར་རྩྭ་ཆད་ན་ཕྱུགས་ཕྲུག་ལ་ལའང་སྦྲེ་ཐུར་འབུད་ལ། དེར་ཞག་བླུད་ན་གནས་སྐབས་གློས་འདྲ་བར་འགྱུར་པས“ཞག་བླུད”ཅེས་པ་འདི་ལ་གོ་བ་གཞན་ཞིག་ཡོད་པ་ངའི་བརྩམས་སྒྲུང《སྒོར་མོ》ཞེས་པའི་མཆན་འགྲེལ་ཞིག་ཏུ་གསལ། ཞག་ལ་ད་དུང་ནུས་པ་གཞན་ཞིག་ཡོད་པ་ནི་ཀོ་ལྷམ་སྟེང་ལ་བསྐུས་ན་ཆུ་མི་རྟོལ་བ་དེ་ཡིན། གཞན་ཡང་ཀོ་བ་མཉེད་དུས་ཀྱང་མེད་དུ་མི་རུང་བ་སོགས་ཀྱི་དགོས་མཁོ་ཡོད་ནའང་འདིར་དེ་དག་འབྲི་བའི་སྐབས་སུ་མ་བབ།

  མར་དང་ཆུར་བ་ཡང་ཐུན་མོང་ནས་ཅི་ཙམ་བགོས་པ་དེ་ཙམ་ལས་ཁྱིམ་ཚང་རང་ལ་མེད། དགའ་འོས་པ་ཞིག་ནི་ངེད་ཚང་ལ་“སྒེར་ཟོག”ཟེར་བའི་བཞོན་མ་གཅིག་གཉིས་རེ་ཡོད་པས་དབྱར་དུས་སུ་ཞོ་དང་འོ་མ་ཕལ་ཆེར་ཆད་མ་མྱོང་བ་དང་། དགུན་ཁའང་ནངས་ཇ་དཀར་པོ་ཞིག་འཐུང་རྒྱུ་ཡོད། འོ་ཁ་མ་བླངས་པར་འོ་མ་བསྐོལ་ནས་ཐད་ཀར་ཞོ་བསྙལ་བ་ལ་རློན་ཞོ་ཟེར་ཞིང་། དེའི་ཁ་ན་འོ་ཁ་མཐུག་པོ་ཡོད་པ་དང་། དེའི་སྟེང་ལ་གྲོ་མ་བཙོས་མ(བྱེ་མ་ཀ་ར་ཡོད་ན་ལྷག་ཏུ་བཟང)བཏབ་པ་ལ་ཞོ་གྲོ་ཟེར་ཞིང་ཧ་ཅང་ཞིམ། འོ་མའི་ནང་ནས་ཆེས་དཀོན་ཞིང་ཞིམ་པ་ནི་བེའུ་སྩེབས་པའི་འོ་མ་ཐོག་མ་སྟེ་སྤྲི་ཡིན་ལ། ལྷག་པར་གཟས་ཁ་ནས་བེའུ་སྩེབས་ན་ཕྲུ་མའི་ནང་སྤྲི་བཞོས་ནས་རྡོ་ངར་བའི་སྟེང་སྲེག་པ་ལ་སྤྲི་སྲེག་བརྒྱབ་ཟེར་ཞིང་། དེ་ལས་ཞིམ་པའི་ཟས་ཤིག་མེད་པའི་བག་ཆགས་ཡོད། ད་དུང་བག་ཆགས་ཆེས་ཟབ་པ་ཞིག་ནི་ང་ཚོས་དཀར་ཡོལ་གྱི་ཁ་ཙམ་ཡོད་ཅིང་མཐུག་སྲབ་ལ་སོར་གང་ཙམ་ཡོད་པའི་བླ་བྲང་གི་གོར་སྐྱ་ལ་རྒྱ་གོར་ཟེར་ཞིང་། མཚམས་རེར་དེ་རེག་ཚེ་འོ་ཁ་དང་ལྗིབས་ནས་ཟོས་ན་ཧ་ཅང་ཞིམ་པ་དེ་ཡིན། འོ་མ་གླེང་ཚེ་བརྗེད་ཐབས་མེད་པ་ཞིག་ནི་ངའི་ཕུ་རྒན་དག་ཞིང་པོས་ཁངས་སྨུག་ཅིག་གི་ནང་ཁ་ཤྭ་ལ་འཁྲུལ་ནས་ཤྭ་ཡུ་མོ་གསུམ་བསད་པར་ཆད་པ་ཕོག་སྟེ་ཕལ་ཆེར་ལོ་གཅིག་གཉིས་ཙམ་གྱི་རིང་ངེད་ཚང་ལ་ནས་དང་ཕྱེ། ཇ་དང་ཚྭའང་ཉོ་བྱེད་དཀའ་བའི་གནས་སུ་གཏད། ཡིན་ཡང་བཟའ་མི་ཚོས“ཁ་བཞོན་གཉིས་ཀ་གཞུང་བཞེས་བྱས་ནས་ཁ་ནག་ཁུར་མ་གཏད་པ་དེ་བས་དགའ་འོས་པ་མེད”ཟེར།

  འབྲོག་པ་ཡིན་ཡང་ཁ་ཟས་གཙོ་བོ་ནི་རྩམ་པ་ཡིན་ལ། བཤད་ཚུལ་ལྟར་ན་སྔོན་ཆད་སྤྱི་ལེ་ཉིས་བརྒྱ་ཡས་མས་ཀྱི་ལམ་ཐག་ཡོད་པའི་བླ་བྲང་ལ་སོང་སྟེ་ཀོ་པགས་ཚ་རུ། བལ་དང་ཁུ་ལུ་སོགས་ཕྱུགས་ལས་ཐོན་རྫས་ཕར་བཙོངས་རྗེས་འབྲུའམ་ནས་དང་ཇ་སོགས་ཚུར་ཉོས་ཡོང་དགོས་ལ། མཚམས་རེར་དེ་ལས་ལམ་ཐག་རིང་བའི་བ་ཙེ་ལའང་འགྲོ་དགོས་རབས་ཟེར། དེ་དག་ནས་ལོ་གཅིག་ལ་ཐེངས་རེར་ཉོས་ཡོང་བའི་ནས་ཅི་ཙམ་ཡོད་ནའང་ལོ་གཅིག་ལ་མ་མཐའ་ཡང་དུས་ཚིགས་བཞིར་རུ་བ་སྤོར་སྐབས་མཛོ་གཡག་ལ་བཀལ་ནས་སྤོར་དགོས། ང་རང་ཆུང་དུས་བཟའ་འབྲུ་སོགས་ཉོ་ས་གཅིག་པུ་ནི་རྫོང་མཁར་གྱི་འབྲུ་རིགས་ས་ཚུགས་ཟེར་བ་དེ་ཡིན་ལ། མི་རེར་ཟླ་རེར་ནས་རྒྱ་མ་བཅུ་ལྷག་དང་གྲོ་ཕྱེ་རྒྱ་མ་བཞི་ལྔ་ཙམ་བཙོང་། འབྲོག་པ་ལ་འབྲས་མཁོ་སྤྲོད་མི་བྱེད་ནའང་ལས་བྱེད་པ་ཚོར་ཅུང་ཙམ་བཙོང་བས་ལས་བྱེད་པ་ཡོད་པའི་འབྲོག་ཁྱིམ་ཚོས་དགུ་ཐུག་ལ་འབྲས་ཐུག་འཐུང་ཐུབ་པ་དེ་ནི་ཧ་ཅང་རྒྱས་སྤྲོས་དང་གཞན་ལ་ངོམ་སོ་བྱེད་པ་ཞིག་རེད། ནས་ཉོས་ཡོང་རྗེས་ཆུ་འགྲམ་གྱི་བྱེ་མ་ཡག་པོ་ཅུང་ཙམ་བླངས་ཡོང་སྟེ་ཁྲོ་སླང་ནང་ལ་ངར་དུ་བཅུག་སྟེ་བརྔོ་བ་དང་། དེ་ནས་གཞོང་བ་ནང་ལ་དཀྲབ་སྟེ་ནས་ཁྲ་དང་བྱེ་མ་སོ་སོར་བཀར་རྗེས་ཁྱིམ་རེར་རྡོ་བའི་ལག་སྐོར་རམ་མཆིག་ཡོད་པ་དེས་ཞིབ་རགས་གང་འདོད་ལྟར་འཐག་པ་ནི་རྩམ་པ་ཡིན། ད་དུང་ཆུ་བརྔོ་ཟེར་བ་ནས་ཆུ་ནང་ལ་གཙང་མར་བཀྲུས་ནས་བརྔོ་བ་དེ་ནི་ཆེས་རྒྱས་སྤྲོས་ཡིན་ཡང་ངས་དེ་ཟོས་མ་མྱོང་། སྟེང་རྡོའམ་མཆིག་གུ་སྐོར་བ་ལས་རང་འཐག་གམ་ཆུ་འཁོར་ལྟར་དུ་འོག་རྡོའམ་མཆིག་སྐོར་ཐབས་མེད་ནའང“སྟེང་རྡོ་འཁོར་ན་འོག་རྡོ་འཁོར་ན་དགོས་རྒྱུ་རྩམ་པ་ཡིན”ཟེར་བའི་གཏམ་དཔེ་ཡོད་པ་དེར་གོ་བ་གཞན་ཞིག་ལེན་དགོས། རྩམ་པ་ཟ་སྟངས་འགའ་ཡོད་པ་ལས་དང་པོ་དཀར་ཡོལ་ནང་ལ་སོ་སོའི་ཆ་རྐྱེན་དང་མོས་པ་ལྟར་མར་རྡོག་ཆེ་ཆུང་མི་འདྲ་བ་འཕངས་རྗེས་དེའི་སྟེང་ལ་ཇ་ཚ་བོ་ཅུང་ཙམ་བླུགས། དེའི་སྟེང་ལ་རྩམ་པ་སྤར་བ་གང་ཙམ་བླུགས། དེའི་སྟེང་ལ་ཆུར་བ་ཅུང་ཙམ་གཏོར་ནས་བརྫི་བ་ལ་རྩམ་པ་ཟེར། གཉིས་པ་ནི་དཀར་ཡོལ་ནང་གི་ཕྱོགས་གཅིག་ལ་རྩམ་པ་སྤར་བ་གང་ཙམ་དཀར་ཡོལ་གྱི་ཁ་དང་མཉམ་པར་སྤུངས། དེའི་སྟེང་ལ་ཆུར་བ་ཅུང་ཙམ་བཏབ། དེའི་སྟེང་ལ་མར་ཅུང་ཙམ་འཕངས། དེའི་སྟེང་ལ་ཇ་བླུགས་ནས་འཐུང་ཞོར་རྩམ་པ་ལ་ལྕེ་ལྡག་བྱེད་པ་དང་། ཡང་ན་ཇ་གང་འཚམས་འཐུང་རྗེས་བརྫིས་ནས་ཟ་བ་དེ་ལ་གཏུལ་མ་ཟེར། གསུམ་པ་ནི་དཀར་ཡོལ་ནང་ལ་མར་ཆུར་རྩམ་གསུམ་མཉམ་དུ་བླུགས་པའི་སྟེང་ཇ་མང་ཙམ་བླུགས་ནས་དཀྲུགས་ཏེ་འཐུང་བ་དེ་ལ་ཇ་དཀྲུག་གམ་ཡང་ན་རྩམ་དཀྲུག་ཟེར། འདི་ནི་སྤྱིར་བཏང་དུ་ནད་པ་དང་ལོ་ལོན་གྱིས་བཏུང་བར་བྱེད། བཞི་བ་ནི་དཀར་ཡོལ་ནང་རྩམ་པ་དང་ཆུར་བ་བླུགས་རྗེས་དེའི་སྟེང་ལ་འོ་མ་ཁོལ་མ་བླུགས་ཏེ་དཀྲུགས་ནས་འཐུང་བ་ལ་འོ་འགྱོག(འབག)ཟེར་ལ། འདི་ནི་སྤྱིར་བཏང་དུ་བྱིས་པར་ལྡུད་པས་ན“བྱིས་པ་མ་ངུ་འོ་འགྱོག་སྟེར”ཟེར་བའི་གཏམ་དཔེའང་འདི་ལས་བྱུང་། སླ་ང་ངར་བའི་ནང་ཐོག་མར་ཚིལ་རྡོག་འགའ་དང་ཡང་ན་མར་ཅུང་ཙམ་འཕངས་པའི་སྟེང་གྲོ་ཕྱེ་དང་རྩམ་སྐྱ་བརྔོས། ཚྭ་དང་བཅའ་སྒ་བཏབ། དེའི་སྟེང་ལ་འོ་ཇ་བླུགས་པ་ལ་ཇ་ཐང་ཟེར་ཞིང་། ཚིལ་གྱིས་བརྔོས་པ་ལ་ཇ་ཐང་ཚིལ་ལོག(རྡོག)མ་ཟེར། ད་དུང་རྒྱབ་ན་བ་ལ་རྩམ་རྐྱང་ཉུང་ཙམ་ལ་ལྕེ་ལྡག་འགའ་བྱས་རྗེས་ན་བའི་གནས་དེར་རྩམ་སྐྱས་འཕུར་བ་ལ་རྩམ་འཕུར་ཟེར། མར་ཆུར་རྩམ་གསུམ་ཅི་ཙམ་གསར་པ་ཡིན་ན་དེ་ཙམ་ཞིམ་ལ། མར་མེད་པར་རྩམ་རྐྱང་བརྫིས་ནས་ཟ་བ་ལ་རྩམ་ནག་ཟེར་ཞིང་ཆེས་འཚོ་བ་སྡུག་པོར་བརྩི། མཆིག་དང་འདྲ་བར་ཁྱིམ་རེར་མེད་དུ་མི་རུང་བའི་ཅ་ལག་གཞན་ཞིག་ཡོད་པ་ནི་སྦོམ་ཚད་ལ་མི་དར་མའི་བརླ་ཙམ་ཡོད་པའི་ཤིང་སྟག་པ་དུམ་བུ་ཞིག་ལ་ཁོག་རྐོས་བརྒྱབ་པ་ལ་ཇ་རྐོ་ཟེར་ཞིང་། དེ་དང་མཉམ་དུ་རྡོ་ནར་མོ་བྱིས་པ་ལོ་བཅུ་ཅན་གྱི་ལག་ངར་ཙམ་ཞིག་ཡོད་པ་ལ་ཇ་རྡོ་ཟེར། འདི་ནི་སྔོན་ཆད་ཤར་ཁོག་ནས་ཐོན་པའི་ཇ་ཞིབ་བུར་རྡུང་བྱེད་ཡིན་ནའང་ང་རང་ཆུང་དུས་ཤར་ཇ་མེད་པས་ཇ་རྐོ་ནི་ཚྭ་དང་གཡེར་མ་སོགས་རྡུང་བྱེད་རེད།

  གྲོ་ཕྱེ་བརྫིས་ནས་གོར་གོར་དཀར་ཡོལ་ཆུང་བའི་ཁ་འདྲ་བ་ལེབ་མོར་བཟོས་པ་ལ་ཁོན་ཕྱེ་ཟེར། དེའི་ཁུགས་ལ་སྐམས་ཤ་དང་། རབ་ཡིན་ན་ལུག་ཤ་དང་ཚིལ་འཐག། ཚྭ་དང་ཙོང་། ཡང་ན་གཡེར་མ་བསྲེས་ཏེ་མོག་མོག་བཟོས་ནས་རླངས་བཙོ་བྱེད་པ་ལ་ཤ་ཁོན་ཟེར། ཁོན་གྱི་ཁ་བཟླུམ་པའི་དུས་མཚུངས་སུ་འབུར་རིས་བཏོད་པ་ལ་ཁོན་མེ་ཏོག་མ་ཟེར། མགྲོན་པོ་གལ་ཆེན་དང་གཉེན་ཉེ་འདང་ཆེན་སླེབས་ན་མ་གཏོགས་དུས་རྒྱུན་ཁ་ལ་མི་ཡོང་། དེང་སྐབས་གང་ས་གང་དུ་ཟ་ཐུབ་ནའང་ཟ་ཁང་ལ་ལའི་སྒོ་བྱང་དུ“ཤ་འཁོན”ཅེས་བྲིས་ཡོད་པ་མཐོང་ཚེ་སྙིང་ཆུང་ང་ལྟ་བུ་ནི་ཟ་རྒྱུ་ཕར་ཞོག། ཉེ་སར་ཡང་བཅར་མི་ཕོད། གོང་མཚུངས་ཀྱི་རྒྱུ་ཆས་ཤ་ཁོན་བཟོས་ནས་རླངས་བཙོས་མ་བྱས་པར་ལེབ་མོར་བཟོས་ཏེ་མར་དང་ཡང་ན་འབྲུ་སྣུམ་ནང་བསྲེགས་པ་ལ་ཤ་པ་ལི་ཟེར་ཞིང་། པ་ལི་ནི་བག་ལེབ་ཀྱི་སྒྲ་ཟུར་ཆག་པ་འདྲ་ལ་ཟས་ཀྱི་མཆོག་ཏུ་རྩི། ཤ་ཚིལ་འཐག་པའི་ནང་ལ་ཚྭ་དང་ཙོང་གཡེར་གང་མོས་གང་འཛོམས་བཏབ། ཕྱེ་བརྫིས་ནས་ལེབ་མོར་བརྡལ་བའི་ཁུག་ཏུ་གཅུད་ནས་ནར་མོ་དང་གོར་གོར་གང་རུང་བཅོས་ཏེ་ཁ་བཟླུམ་ནས་མེ་ཐལ་ནང་དུ་བསྲེག་པ་ལ་ཤ་ཐུམ་ཟེར། ཕྱེ་སྲབ་མོར་བརྡལ་རྗེས་ཕྲ་མོར་གཏུབས་ནས་སྐམས་ཤ་ལུག་ཤ་གང་རུང་གཙབས་ཏེ་ཐུག་པ་བསྐོལ་བ་ལ་བརྡལ་ཐུག་ཟེར་ཞིང་། དགོང་ཟས་གཙོ་བོ་ཡིན། ད་དུང་བྲེལ་བ་ཆེ་དུས་སྐམས་ཤ་ལུག་ཤ་གང་རུང་གཙབས་ནས་ཆུ་ནང་དུ་གདུས། ཕྱེ་སྐྱའི་ནང་ལ་ཆུ་ཉུང་ཙམ་གཏིགས་ནས་ཁྲབ་ཁྲིབ་བྱས་ཏེ་ཤ་ཁུ་ནང་གཏོར་བ་ལ་ལྡུ་རུ་ཁ་འབྱར་ཟེར་ལ། དེ་ནི་གོང་དུ་བཤད་པ་ལྟར་གལ་ཏེ་ཤ་སྐམ་ཡོད་ཚེ་དེ་གཙབས་ནས་བསྐོལ་ན་ལྷག་ཏུ་ཞིམ། ད་དུང་ཞོགས་པར་མདང་དགོང་གི་ཁུ་ལྷག་ཡོད་ན་དེའི་ནང་ལ་འོ་མ་ཅུང་ཙམ་བསྲེས་ནས་འཐུང་ན་དེ་བས་ཀྱང་ཞིམ། ད་ལྟའི་ཚིག་མཛོད་དག་ཏུ“རྒྱུས་ཐུག”དང“ཕྱེ་ཐག”སོགས་བསྒྱུར་ཚུལ་མི་འདྲ་བ་དུ་མ་ཡོད་པའི“粉条”ལ་ང་ཚོས་རྒྱ་ཐུག་ཟེར་ཞིང་། དེ་ནི་ཕལ་ཆེར་ནམ་ཡང་བཙོང་རྒྱུ་ཡོད་ལ། རིན་གོང་ཡང་ཅུང་སླ་བས་ང་ཚོས་ཐུག་པ་སྐོལ་བྱེད་གཙོ་བོའི་གྲས་ཡིན། ཐུག་པ་གང་ཡིན་ཡང་ནང་ལ་ཚིལ་ཉུང་ཙམ་གཙབ་ནས་འདེབས་སྲོལ་ཡོད། ད་དུང་སྐྱ་སྲབ་ཟེར་བ་ཕྱེ་བརྫིས་ནས་སྲབ་མོར་བརྡལ་རྗེས་སླ་ང་ངར་བའི་རྐུབ་ལ་སྦྱར་ཏེ་བསྲེགས་རྗེས་འོ་མའི་ནང་གཙབས་ནས་འཐུང་བ་ཞིག་ཡིན། གྲོ་ཕྱེ་བརྫིས་ནས་མར་ཁུ་དང་། རབ་ཡིན་ན་འབྲུ་སྣུམ་ནང་ལ་གོ་རེ་བཙོས་པ་ལ་གོར་དམར་ཟེར་ཞིང་། མེ་ཐལ་ནང་ལ་བསྲེགས་པ་དེར་ཐལ་གོར་ཟེར། ང་རང་ཆུང་དུས་འབྲོག་པ་ཚོས་སྐྱུར་རྫས་སྙོལ་མི་ཤེས་པས་གོར་དམར་དང་ཐལ་གོར་གང་ཡིན་ཡང་ཤིན་ཏུ་སྲ་ཞིང་དེ་འདྲའི་ཞིམ་སྣང་མེད། འོན་ཀྱང་དར་བའི་ནང་ལ་ཕྱེ་བརྫིས་ནས་གོ་རེ་ལས་ན་སོབ་ཅིང་སྐྱུར་དྲི་ཅུང་ཙམ་ཡང་ཡོད། འོ་མའི་ནང་ལ་ཕྱེ་ཉུང་ཙམ་དང་ཚྭ་བཏབ་ནས་དཀྲུགས་རྗེས་སྤར་མོ་རེ་རེ་བླངས་ནས་མར་ཁུ་དང་། རབ་ཡིན་ན་འབྲུ་སྣུམ་ནང་ལ་བཙོས་ན་སྤྲིན་པ་དང་སྲོག་ཆགས་འདྲ་བོ་དབྱིབས་རྣམ་པ་སྣ་ཚོགས་ཡོད་ཅིང་། ཟོས་ན་སོབ་ཅིང་ཞིམ། དབྱར་ཁར་ཡང་མི་གྱོང་མི་རུལ། བྲོ་བ་མི་ཡལ་བར་ཡུན་རིང་ཉར་ཐུབ། དེ་ལ་ང་ཚོས་འོ་དཀྲུག་ཟེར་ཞིང་བོད་ཀྱི་ཡུལ་གྲུ་གཞན་དུ་མཐོང་རྒྱུ་མེད་པས་ན་ངའི་ཕ་ཡུལ་ཁོ་ནར་ཡོད་པའི་ཟས་རིགས་ཤིག་ཡིན་པ་འདྲ། གྲོ་ཕྱེ་བརྫིས་ནས་མཐུག་ཚད་ལ་སོར་གང་ཡས་མས་ཀྱི་ལེབ་མོར་བརྡལ་རྗེས་ཆུ་ནང་དུ་བཙོས། སྣོད་གཞན་དུ་ལེན་པའམ་ཡང་ན་ཆུ་བཙགས་རྗེས་གྲོ་མ་བཙོས་མ་དང་མར་ཆུར་གང་འཚམས་(བྱེ་མ་ཀ་ར་ཡོད་ན་ལྷག་ཏུ་ཞིམ)དང་མཉམ་དུ་བརྫིས་པ་ནི་གྲོ་ཐུད་དེ་ཟས་མཆོག་ཅིག་ཏུ་རྩི། གྲོ་མ་མེད་པ་ལ་ཕྱེ་ཐུད་དང་ཡང་ན་ཆུར་ཐུད་ཟེར། སླ་ངའི་ནང་ལ་མར་བཞུས(གདུ་རུ་འཇུག་མི་རུང)པའི་ནང་ཕྱེ་སྐྱ་བླུགས་ཏེ་ཤིང་ཐོམ་དང་ལྕགས་ཐོམ་གང་རུང་གིས་ཕར་དཀྲུག་ཚུར་དཀྲུག་དང་སྟེང་ཞབས་བརྗེ་བ་སོགས་གང་ལྟར་ལག་མི་དལ་བར་བརྔོས་པ་ལ་ཉོག་ཟེར་ཞིང་ཧ་ཅང་སྣུམ་པོ་ཡིན།

  ང་རང་ཆུང་དུས་ལོ་གསར་ཚེས་གཅིག་ཉིན་ཡང་བསང་གཏོང་བ་དང་མཆོད་པ་འབུལ་བ་སོགས་མེད་ལ། ཐ་ན་ཕན་ཚུན་ལ“བཀྲ་ཤིས་བདེ་ལེགས”ཟེར་ནས་ཁ་གཡང་ཙམ་ཡང་འབོད་ཕོད་མཁན་མེད། དོན་དངོས་སུའང་དེ་ནི་བཀྲ་ཤིས་པའི་དུས་སྐབས་ཤིག་མིན་པ་འདྲ། འོན་ཀྱང་ལོ་གསར་ལ་ཉེ་དུས་གྲོ་མ་སྐམ་པོ་ནས་ལྟར་བརྔོས་ཤིང་རྩམ་པ་ལྟར་རགས་འཐག་བྱས་པ་ལ་གྲོ་རྩམ་ཟེར། མར་གང་གསར་གང་ཡག་བཞུས(གདུ་མི་རུང)པའི་ནང་ལ་གྲོ་རྩམ་དང་ཆུར་བ(བྱེ་མ་ཀ་ར་དང་ཡང་ན་ཀ་ར་ནག་པོ་ཡོད་ན་ལྷག་ཏུ་བཟང)བཏབ་རྗེས་གཞོང་བ་དང་དཀར་ཡོལ་སོགས་ཀྱི་ནང་ལ་བླུགས་ནས་དཀག་ཏུ་བཅུག་པ་ལ་གྲོ་ཞུན་ཟེར་ཞིང་ཟས་མངར་མོ་དང་བཟང་པོར་རྩི། གྲོ་རྩམ་མེད་པ་ལ་ཆུར་ཞུན་ཟེར་ཞིང་བཟང་པོར་མི་རྩི། དུས་མཚུངས་སུ་འབྲུ་སྣུམ་ནང་བཙོས་པ་ལ་གཡིས་གོར་ཟེར་ནས་རབ་ཏུ་རྩི་ཞིང་། དེ་མེད་ན་མར་གདུས་པའི་ནང་གོ་རེ་བཙོས་ཏེ་ཞུན་དང་མཉམ་དུ་སྡེར་ཁ་འཇོག་པ་དང་། ཕན་ཚུན་ལ་ལོ་སྐལ་ཟེར་ནས་ལེགས་སྐྱེས་སུ་འབུལ་སྲོལ་ཡོད། མནའ་མ་མག་པར་འགྲོ་དུས་ལག་ཞུན་ཟེར་བ་སླ་ང་སོགས་ཀྱི་ནང་ལ་བླུགས་པའི་ཞུན་ཆེན་པོ་ཁ་ན་མར་སོར་འགའ་ཅན་ཞིག་ངེས་པར་དུ་འཁྱེར་སྲོལ་ཡོད། ལོ་གསར་དགའ་སྟོན་མཇུག་རྫོགས་རྗེས་ཞུན་རྡོག་པོ་མར་ཆུར་གྱི་ཚབ་ཏུ་རྩམ་སྐྱ་དང་མཉམ་དུ་བརྫི་བ་ལ་ཞུན་རྩམ་ཟེར་ཞིང་གྲོ་ཞུན་ཡིན་ན་ཤིན་ཏུ་ཞིམ།

  འོ་མའི་ནང་ནས་མར་བླངས་རྗེས་དར་བ་ཡིན་ལ། དར་བའི་ནང་ནས་ཆུར་བ་བླངས་རྗེས་ཆུར་ཁུ་ཡིན། ཆུར་ཁུ་གདུས་གདུས་ནས་ནུར་བོ་ཆགས་ཤིང། མདངས་ཀྱང་སེར་ནག་ཏུ་གྱུར་རྗེས་ཧ་ཅང་སྐྱུར་ཞིང་མངར་དྲི་ཅུང་ཙམ་ཡོད་པ་དེར་ཆུར་ཁུའི་ཀ་ར་ཟེར། ཆུར་ཁུའི་ཀ་ར་བཟོ་མཁན་མང་པོ་མེད་པ་དང་། རྔ་བྲན་ཆུར་ཁུ་ལ་ཆེས་དགའ་བས་དེ་ཚོར་ལྡུད་ཀྱི་ཡོད། གལ་ཏེ་རྔ་བྲན་མེད་ན་ཐད་ཀར་ས་ལ་འཕོ་བ་ལས་མི་ཁྱི་གཉིས་ཀས་མི་འཐུང་།

  རི་སྐྱེས་སྐྱེ་དངོས་ལས་འབྲོག་པ་ཚོས་བེད་སྤྱོད་གཏོང་ཚད་མཐོ་ཤོས་ནི་གྲོ་མ་ཡིན་ལ། དེ་ཡང་སྟོན་ཁར་བརྐོས་པའི་སྟོན་གྲོ་ནི་ཡག་ཤོས་དང་། དཔྱིད་ཀར་བརྐོས་པའི་དཔྱིད་གྲོ་ནི་ཐ་མ་ཡིན། གྲོ་མ་ལས་གཞན་སྒོག་སྔོན(བྱིའུ་སྒོག)དང་སྒོག་དམར(འཛིམ་ནག)དང་ཆུ་སྒོག(ན་སྒོག)རི་སྒོག(ཤ་སྒོག)ཀྱང་བེད་སྤྱོད་གཏོང་བ་ཡིན། སྒོག་སྔོན་སྒོག་དམར་བརྡུངས་ནས་བརྫིས་རྗེས་བསིལ་སྐེམ་བྱས་ན་དགུན་ཁའང་བེད་སྤྱོད་བཏང་ཆོག རི་སྒོག་ཆུ་སྒོག་ཞིབ་བུར་གཏུབས་ཏེ་འོ་མའི་ནང་ལ་གདུས། རྩམ་པ་བརྫིས་ནས་ཆང་ཕོར་འདྲ་བོ་བཟོས་པའི་ནང་དུ་བླུགས་ནས་བཟའ་བ་ལ་སྒོག་ཆུ་ཟེར། གོ་ཏོག(གོ་སྙོད)ཡང་བྲོ་རྫས་གཙོ་བོ་ཞིག་ཏུ་བེད་སྤྱོད་གཏོང་། རྨ་ཆུའི་འགྲམ་རྒྱུད་ན་འབྲུ་ཏ་ས་འཛིན་སོགས་རི་སྐྱེས་སིལ་ཏོག་ཡོད་ཀྱང་ང་རང་ཆུང་དུས་རྨ་ཆུ་དང་ཁ་ཐག་རིང་བས་དེ་དག་ཟ་བའི་ཁ་བསོད་མ་བྱུང་། སྟོན་ཁ་སྟར་བུ་གང་འདོད་ཡོད་པས་ལ་ལས་ལྕེ་རལ་ནས་ཁྲག་བཞུར་རེག་བར་དུ་ཟ། གོང་དུ་བཤད་པའི“རང་བྱུང་གནོད་འཚེའི་ལོ་གསུམ”ཟེར་བའི་སྐབས་སུ་རྒན་རབས་པས་ཟོས་མྱོང་བར་གྲགས་པའི་རམ་བུ་ནི་དབྱར་དུས་སུ་གང་ས་གང་དུ་ཅི་འདོད་གང་འདོད་ཡོད་ནའང་ང་རང་ཆུང་དུས་དེ་ཟ་མཁན་མེད། ཐ་ན་ད་ལྟ་རིན་གོང་ཧ་ཅང་མཐོ་བའི་སྤང་ཤ་སེར་པོའང་གང་འདོད་ཡོད་ཀྱང་ཕལ་ཆེར་ཟ་མཁན་མེད།

  དགུན་སྟོན་གྱི་མཚམས་ལ་རེབ་གོང་གི་མི་གཅིག་གཉིས་རེ་ངེད་ཚོའི་རུ་སྐོར་ནང་གི་རང་གི་གྲོགས་པོ་དང་ཡང་ན་གཉེན་ཉེ་ཚང་ལ་ཡོང་སྟེ་སྐྱ་རྟིས་ཟེར་བའི་གོ་རེ་ཆེན་པོ་ཞིག་དུམ་བུ་དུ་མར་བཅད་ཅིང་། དུམ་བུ་རེ་དང་སིལ་སྐྱུར་གཅིག་གཉིས་རེ་རུ་སྐོར་གང་བོའི་ཁྱིམ་ཚང་རེ་རེར“འཚམས་རྟགས”ཟེར་ནས་སྟེར། ཉིན་འགའི་རྗེས་སུ་གནས་ཚང་གིས“ངེད་ཚང་གི་མགྲོན་པོ་ཕྱིར་འགྲོ་རྒྱུ་རེད”ཅེས་བརྡ་བརྒྱབ་ཚེ་ཁྱིམ་ཚང་རེས་ནང་ཐུམ་རེ་དང་ཡང་ན་མར་རྡོག་རེ། ཡང་ན་ཞག་ཐུམ་རེ་ཕྱིར་འཚམས་རྟགས་སུ་སྟེར། སིལ་སྐྱུར་དེ་ལ་ང་ཚོས“ཆང་བ་ལི”ཟེར་ཞིང་། དེ་ནི་ལོ་གཅིག་རིང་སིལ་ཏོག་ཅིག་ཁ་ལ་རེག་པ་ཐེངས་དང་པོ་ཡིན། བླ་བྲང་ཕྱོགས་ནས་ཀྱང་ངེད་ཚོའི་རུ་སྐོར་ནང་གི་སོ་སོའི་ངོ་ཤེས་དང་ཡང་ན་གཉེན་ཉེ་ཚང་ལ་ཡོང་མཁན་ཡོད་ལ། དེ་ཚོའི་འཚམས་རྟགས་ནི་རེབ་གོང་དང་མི་འདྲ་བར་གོང་ནས་བཤད་པའི་རྒྱ་གོར་དང་ཙོང་རྐང་ཐུར་གཅིག་གཉིས་རེ་ཡིན་ནའང་ཕྱིར་སྟེར་རྒྱུའི་འཚམས་རྟགས་གོང་མཚུངས་ཡིན། ད་དུང་མཚམས་རེར་ཞིང་ལས་ས་ཁུལ་གྱི་མི་གཅིག་གཉིས་རེ“སྐབས་འཚོལ་ལྐོག་ཚོང”གི་ཞྭ་མོ་གཡོགས་ཏེ་འཐབ་རྩོད་བྱས་ནས་དྲི་ངན་འཐུལ་བ་དང་ལང་རྒྱུ་མེད་བཟོ་བའི་ཉེན་ཁར་མི་འཛེམ་པར་འབྲོག་ཕྱོགས་སུ་ཙོང་སྒོག་གཡེར་མ་དང་། ཡང་ན་སྣ་གཅུ་བཞོ་ཟེའུ་སོགས་བཙོང་དུ་ཡོང་མཁན་ཡོད།

  ང་རང་ཆུང་དུས་ལྟོགས་སྐོམ་མྱངས་པ་མི་དྲན་ནའང་ཀ་ར་སིལ་ཏོག་སོགས་མངར་ཟས་ཀྱི་རིགས་ཕལ་ཆེར་ཁ་ལ་མི་ཡོང་། ནམ་རྒྱུན་ཚོང་ཟོག་ཧ་ཅང་དཀོན་པའི་ཞང་གི་ཚོང་ཁང་གི་མི་དེས་ཉིན་ཞིག་ཤིང་ཏོག་ཀ་རའམ་ཡང་ན་འོ་མའི་ཀ་ར་སོ་སྒྱེ་རྐེད་ཙམ་དོ་གཡག་གི་གཡས་གཡོན་ལ་བཀལ་ཡོང་སྟེ་ང་ཚོའི་རུ་དཀྱིལ་དུ་སོ་སྒྱེའི་ཁ་ཕྱེ་ནས་བཙོང་གིན་འདུག། ཉིན་དེར་ངའི་ཨ་ཕ་ཨ་མ་དང་ཕུ་བོ་ཨ་ཅེ་སོགས་གང་ལ་སོང་མི་ཤེས་མོད། གང་ལྟར་ང་གཅིག་པུ་མ་གཏོགས་མེད་པས་ཀ་ར་རྡོག་གཅིག་ཀྱང་ལག་ལ་མ་ཡོང་། ང་རང་ཧེབ་ལངས་ཤིང་ཐབས་ཟད་དེ་མི་དེའི་གམ་ནས་རྒྱུགས་ཞོར་སོ་སྒྱེ་ནང་ནས་ཀ་ར་སྤར་མོ་གང་བླངས་ནས་བྲོས། སྡེ་འབངས་རྣམས་འུར་ཆིལ་ལེར་གྱུར་ཏེ་ལ་ལས“ཨ་ཙི་ཨ་ཙི། པྲ་ཚགས་འདི”ཟེར་ནས་ཧ་ལས་པ་དང་། ལ་ལས“ལོ་ལོ། དེ་འདྲ་ཡེད་མི་ཉན། དེ་ཕྱིར་བྱིན་དང་ངས་ཁྱོད་ལ་ཀ་ར་སྟེར”ཟེར། མི་དེས་ང་བདས་ནས་བཟུང་རྗེས་མཛུབ་མོ་རེ་རེ་ཡར་གཅུས་ཏེ་ཀ་ར་ཚང་མ་བླངས་སོང་། དགའ་འོས་པ་ཞིག་ནི་སྡེ་འབངས་ཚོས་ང་ལ་སོ་སོའི་ཤིན་ཏུ་ཉུང་བའི་ཀ་ར་དེ་དག་ལས་གཉིས་རེ་གསུམ་རེ་བྱིན་ཏེ་ཡོང་འབབ་བསམ་ཡུལ་ལས་འདས་པ་རེག དེ་དུས་འབྱོར་བ་ཧ་ཅང་ཞན་པར་མ་ཟད་གལ་ཏེ་སྒོར་མོ་ཅུང་ཙམ་ཡོད་ནའང་ཟས་རིགས་མང་པོ་བཙོང་རྒྱུ་མེད། དེ་འདྲའི་དཀའ་ཚེགས་ཀྱི་ལོ་ཟླ་ལ་སུས་ཀྱང་ཡིད་སྨོན་བྱེད་མི་སྲིད་མོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་དེ་དུས་ཞིང་ཕྱུགས་གང་གི་ཐོན་རྫས་ཡིན་ཡང་ངེས་པ་དོན་གྱི་རང་བྱུང་དང་ལྷད་མེད་ཡིན་པས་ད་ལྟ་བསམ་ན་ཡིད་སྨོན་མི་འཆོར་རང་འཆོར་རེད། འབྲོག་སྡེ་རེ་རེ་དང་ཁྱིམ་ཚང་རེ་རེ། ཐ་ན་མི་རེ་རེས་ཟས་གཡོ་སྟངས་མི་འདྲ་ནའང་ཚང་མར་ཐུན་མོང་གི་ངོས་འཛིན་ཞིག་ཡོད་པ་ནི་རང་གི་ཨ་མའི་ལག་ཟས་ལས་ཞིམ་པོ་ཞིག་འཇིག་རྟེན་མེད་པ་དེ་ཡིན་སྲིད་ལ། མ་མཐའ་ཡང་ང་ལ་མཚོན་ན་དེ་འདྲ་རེད།

  དེ་ལྟར་ངེད་འབྲོག་ཕྲུག་ཚོས་དང་པོ་རྐང་རྗེན་གྱིས་བེའུ་འཚོས་ཤིང་། དེ་ནས་སོ་སོའི་རྩལ་དང་ལྡེམ་མྱུར། སྤོབས་པ་ལྟར་བཞོན་པ་གཡུང་མ་དང་རྒོད་པོ། གཡག་སར་དང་ཐོ་རུ་ཞོན་ནས་ནོར་ལུག་འཚོས་པ་ཡིན་ལ། ང་རང་རང་ལོ་བཅུ་གསུམ་ལ་སླེབས་དུས་ཏེ1974ལོའི་དབྱར་མཇུག་གློ་བུར་དུ་སློབ་གྲྭར་སོང་། སློབ་གྲྭས་སྔོ་ཚོད་དང་ཕག་ཤ་བྱ་ཤ་སོགས་སྔོན་ཆད་མཐོང་མ་མྱོང་བ་དག་བཟའ་རུ་བཅུག། རིམ་བཞིན་རྒྱ་ནག་དང་སོག་པོ། ཡུ་གུར། ཧ་སག འཇང་ཡུལ་སོགས་སུ་སློབ་སྦྱོང་དང་གཞུང་འུལ། ཚོགས་འདུ། ལྗོངས་རྒྱུར་སོང་དུས་ཉ་དང་སྡིག་སྲིན་སོགས་ཀྱང་བཟའ་དགོས་བྱུང་། ལོ་ན་གཞོན་དུས་མཚམས་རེར་ནོར་ཤ་ལུག་ཤ་དང་མར་ཆུར་རྩམ་གསུམ། ལྷག་པར་དུ་ནོར་ནག་གི་ཞོ་དང་འོ་མ་དྲན་པ་ནི་བཤད་མ་དགོས་ནའང་དེ་དག་མེད་ན་འཚོ་ཐབས་མེད་པའི་ཚོར་སྣང་མ་བྱུང་། ཡིན་ནའང་ལོ་ན་ཇེ་མཐོར་སོང་བ་དང་བསྟུན་ནས་ཆུང་དུས་ཀྱི་འབྲོག་ཟས་ཁོ་ན་མ་གཏོགས་ཟས་རིགས་གཞན་དང་། ལྷག་པར་དུ་རྒྱ་མི་ཚོས་“山珍海味”ཟོས་ཟེར་ནས་ང་རྒྱལ་གྱིས་ངོམ་སོ་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་ཤ་དང་ཉ་རིགས་འབུ་རིགས་ལ་རྦད་དེ་ཡི་ག་མེད་པ་དང་། གཞན་ཡང་ཚད་ལས་བརྒལ་བའི་བྲོ་རྫས་ཅན་གྱི་ཟས་རིགས་དག་མིད་ལ་འགྲོ་ཐབས་མེད། ཕར་ཆེར་ལོ་བཅུ་ཙམ་གྱི་ཡར་སྔོན་དུ་རྒྱ་ནག་གི་ཆེས་གཙང་ཞིང་མཛེས་པའི་གྲོང་ཁྱེར་དུ་གྲགས་པའི་ཏ་ལིན་ལ་ཁམས་གསོར་སོང་བ་ན་གང་ས་གང་དུ་རིག་ན་ཤ་བརྩེད་པའི་རྒྱ་མཚོའི་ནང་གི་ཉ་རིགས་འབུ་རིགས་ཀྱིས་ཁེངས་འདུག་ལ། མཚམས་ཤིག་གླིང་ག་དང་མགྲོན་ཁང་ནང་ལའང་ཉ་དྲི་འདམ་དྲི་བྲོ་བ་འདྲ་བས་སྤྱིར་ན་ཟླ་གཅིག་ཙམ་ལ་འདུག་རྩིས་ཡོད་ནའང་ཉིན་བཅུ་ཙམ་ལས་མ་སྡོད་པར་ཕྱིར་ལོག་པ་ཡིན།

  དེང་སྐབས་ཟས་རིགས་ཕུན་སུམ་ཚོགས་པོ་དང་། འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན་པས་ཐ་ན་མདོ་དབུས་མཐོ་སྒང་གི་གྲོང་ཁྱེར་དག་ནའང་སྐམས་ཤ་ལུག་ཤ་དང་མར་ཆུར་རྩམ་གསུམ། ནོར་ནག་གི་ཞོ་དང་འོ་མ་གང་འདོད་བཙོང་རྒྱུ་ཡོད་མོད། འོན་ཀྱང་ཚན་རིག་པས་བཤད་ན་བ་དམ་མ་གཏོགས་པའི་འབྲུ་རིགས་ཕལ་ཆེར་རྒྱུད་རྒྱུ་བསྒྱུར་མ་ཡིན་ལ། དེའི་མངོན་གསལ་གྱི་གནོད་འཚེ་ནི་སྐྱེས་པའི་ཁམས་དཀར་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ཡོད་པ་དེ་ཡིན་ཟེར། འབྲོག་པ་ཚོར་རྒྱུད་རྒྱུ་བསྒྱུར་བའི་ལག་རྩལ་མེད་ནའང་ཁ་ནས་མ་ཎི་འདོན་ཞོར་ལག་ནས་ལྷད་མ་བཙོང་བཞིན་པའི་སྐོར་ངའི་བརྩམས་སྒྲུང《ཝ་ནག་ལུང་བའི》ནང་བྲིས་ཡོད་པ་འདི་ལྟ་སྟེ། “མོས་བཤད་པའི་འོ་མ‘རྫུན་མ‘ཟེར་བ་དེ་ལའང་རིགས་མང་སྟེ། གཙོ་བོ་འོ་མའི་ནང་ལ་ཆུ་བསྲེ་བ་དང་འོ་མའི་ནང་གི་འོ་ཁ་བླངས་ནས་བཙོངས་པ། འབྲིའི་འོ་མ་ཡིན་ཟེར་ནས་བ་མོའི་འོ་མ་བཙོངས་པ་སོགས་ཡིན་ལ། དེ་ལས་ཀྱང་བདུད་ཀྱི་སེམས་ལའང་འཆར་དཀའ་བ་ནི། དབྱར་ཁར་དྲོད་ཚད་མཐོ་དུས་འོ་མའི་ནང་ལ་དུག་སྲིན་འགོག་སྨན་གྱི་རིགས་བཏབ་ཚེ་འོ་མ་རུལ་རྒྱུ་མེད་པ་སོགས་རེད།” འདིའི་སྐོར་ནས་ཉེ་སྔོན་ད་དུང་དགོད་གཏམ་ལྟ་བུ་ཞིག་གོ་མྱོང་སྟེ། མི་ཞིག་འོ་མ་ཉོ་རུ་སོང་བ་ན་ཚོང་ཁང་དུ་བྱིས་པ་ཞིག་ལས་མེད་པ་དེས“ཨ་མ་མེད་ན་ངས་འོ་མའི་ནང་ལ་ཆུ་ག་ཚོད་བསྲེ་དགོས་མི་ཤེས་པས་ཁྱེད་ཀྱིས་ཅུང་ཙམ་སྒུགས།”ཟེར་བ་དེ་རེད། བ་མོའི་འོ་མས་ཞོ་བསྙལ་ཏེ་འབྲི་ནག་གི་འོ་མ་ཡིན་པའི་ཚོང་རྟགས་སྦྱོར་བ། འབྲི་མར་ནང་ལ་ཤིང་མར་དང་ཡང་ན་ཞོག་ཁོག་བཙོས་མ་བསྲེ་བཞིན་པ་ནི་ཚང་མས་རིག་མྱོང་མེད་ནའང་གོ་མྱོང་ཡོད་ཚོད་རེད། ད་དུང་ཆེས་ཡིད་ཕམ་ཞིང་བྱ་ཐབས་བྲལ་བ་ནི་སྐམས་ལུག་མང་ཤོས་རྫས་ཅི་ཡིན་མི་ཤེས་པའི་གསོ་ཆས་ཤིག་གིས་གསོས་པ་དེའི་ཤ་ལ་བཤུལ་དྲི་ལས་ཀྱང་བཙོག་པའི་དྲི་ངན་ཐན་ལྟས་ཤིག་བྲོ་ནས་ཟ་ཐབས་མེད་པ་དེ་རེད། དྲི་ངན་དེ་གནོན་ཆེད་ལ་ལས་ཚྭ་གཡེར་སྒོག་གསུམ་ཚད་ལས་བརྒལ་བ་བཏབ་པར་དེ་བས་ཀྱང་བཤད་མི་ཤེས་བའི་བྲོ་བ་ཁ་བོ་ཞིག་ཏུ་འགྱུར། ཁྱིམ་ཚང་ལ་ལ་མ་གཞི་ནས་ཚྭ་དད་ཆེ(དེར་ཚང་མས་གོ་བ་གཞན་ཞིག་ཡོད་པའི་ངན་སྨྲས་བྱེད)བའི་ཁར་དེང་སང་གསོས་ཤ་མིན་པའི་ཟ་མའི་ནང་ལའང་ཚད་ལས་བརྒལ་བའི་བྲོ་རྫས་སྣ་ཚོགས་འདེབས་པ་དེས་གཅིག་ནས་ཟས་ཀྱི་བྲོ་བ་བརླགས་པ་དང་། གཉིས་ནས་ཕོ་ཁའི་ནད་སོགས་སྐྱེད་བཞིན་ཡོད། གསོས་ཤ་ཡིན་མིན་གཉིས་ཀ་འཁྱག་སྒམ་དུ་ཟླ་འགའ་དང་། ཐ་ན་ལོ་གཅིག་བཞག་རྗེས་ཤ་དྲི་ཟེར་བ་ཡེ་ནས་མེད་ནའང་ད་དུང་ཤ་གསར་ཡིན་པའི་འདུ་ཤེས་བཟུང་སྟེ་བཟའ། གང་ལྟར“གསོས་ཤ”ཞེས་པའི་ཐ་སྙད་གསར་པ་ཞིག་བྱུང་ཡོད་པ་འདི་ལས་དོན་དག་མང་པོ་མང་པོ་ཞིག་ཧ་གོ་མི་ཡོང་ངམ། གལ་ཏེ་འོ་མའི་ནང་ལ་ཆུ་སོགས་བསྲེས་མེད་ནའང་དགུན་ཁར་བཞོན་མ་རྣམས་ཕྱུགས་ཁང་དུ་བཅུག་སྟེ་རྫས་ཅི་ཡིན་མི་ཤེས་པའི་གསོ་ཆས་དེས་གསོས་ན་དབྱར་ཀ་ལས་ཀྱང་འོ་མ་མང་རབས་ཟེར་ལ། དེ་འདྲའི་འོ་མ་ལ“གསོས་འོ”མི་ཟེར་ཐབས་མེད་རེད། དེས་ན་དེང་སང་མི་མང་པོ་དང་། ལྷག་པར་དུ་བྱིས་པ་མང་པོར་གློས་ཚོ་འདྲ་བོ་བུད། སྨན་རྫས་སྨན་ཁང་དང་ཁ་འབྲལ་ཐབས་མེད་པའི་མི་ཉིན་རེ་ནས་ཉིན་རེར་ཇེ་མང་ཡིན་པ་འདི་གསོས་ཤ་དང་གསོས་འོ། རྒྱུད་རྒྱུ་བསྒྱུར་མའི་འབྲུ་རིགས། རྫས་འགྱུར་ལུད་རྫས་ལས་སྐྱེས་པའི་སྔོ་ཚོད་ཤིང་ཏོག་སོགས་ལ་འབྲེལ་བ་ངེས་ཅན་མེད་དམ་སྙམ། བཤད་ཚུལ་ལྟར་ན་གསོ་ཆས་དེ་ནི་དང་པོ་ལས་ཁུངས་གང་ཞིག་གིས་འབྲོག་པ་ཚོར་རྩྭ་སའི་ཁ་གསབ་ཀྱི་བརྒྱ་ཆའི་སུམ་ཅུ་བཞི་བཅུའི་ཚབ་ཏུ་བྱིན་པ་ཡིན་ཞིང་། གལ་ཏེ་དེ་མི་དགོས་ཟེར་མཁན་ཡོད་ན་ནག་ཚོགས་ཀྱི་གྲལ་དུ་རྩི་རབས་ཟེར། དེས་ན་ནག་ཚོགས་ངོ་མ་ནི་མང་ཚོགས་ཀྱི་མགོ་ལ་ཐོན་རྫས་ངན་པ་བཙན་འཇོག་བྱེད་མཁན་དེ་ཚོ་མ་ཡིན་ནམ།

  འབྲོག་ཕྱོགས་སུ་སྤེལ་བའི་སྲིད་ཇུས་འགའ་རེ་ནི་མ་གཞི་ནས་ནོར་འཁྲུལ་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད་པ་དཔེར་ན“ཕྱུགས་ལས་ཀྱིས་ཏ་ཀྲེ་ལ་སློབ་སྦྱོང་བྱེད་དགོས”ཟེར་ནས་སྤང་ཤུན་ཆེས་ཡག་ཤོས་བཀོག་སྟེ་རྩྭ་མཛོད་ར་བ་བསྐོར་ནས་རྩྭ་ཐང་གི་སྐྱེ་ཁམས་ལ་གནོད་འཚེ་བཟོས་པ་དང་། ངའི་ཕ་ཡུལ་གྱི་དངུལ་རྭའི་ལུག་རྒྱུད་བཟང་པོ་ཞིན་ཅང་གི་བལ་འཇམ་ལུག་དང་སྡེབ་སྦྱོར་བྱས་ནས་ར་མིན་ལུག་མིན་ཞིག་ཏུ་བསྒྱུར་རྗེས་ད་གཟོད་ལས་གཞི་དེ་མཚམས་བཞག་པ་ལྟ་བུ་རེད། གལ་ཏེ་ལས་གཞི་དེ་ལེགས་འགྲུབ་བྱུང་ཡོད་ཚེ་ཁོ་ཚོས་ཁྱོན་ཡོངས་ནས་མི་རྒྱུད་དཀར་ནག་གི་སྐྱེས་པ་ནང་འདྲེན་བྱས་ཏེ་རང་གི་བུད་མེད་དང་སྡེབ་སྦྱོར་བྱེད་ཀྱང་སྲིད། མཚམས་རེར་བལྟས་ན་ཆེད་ལས་མཁས་པ་ཟེར་བ་དེ་ཚོས་འབྲོག་པ་ལ་ཕྱུགས་ཟོག་ཅི་ལྟར་འཚོ་སྐྱོང་བྱེད་ཐབས་ཁྲིད་པ་ནི་ཨ་ཕ་ལ་ཕྲུ་གུ་ཅི་ལྟར་“ཐོན་སྐྱེད”བྱེད་ཐབས་ཁྲིད་པ་དང་གཅིག་མཚུངས་རེད། མདོར་ན་ས་གནམ་གཉིས་ནས་དུག་རྫས་སྣ་ཚོགས་ཀྱིས་བྲ་དང་འབུ་བསད་པའི་མཇུག་འབྲས་ནི་བྱ་བྱེའུ་འབའ་འབུ་དང་ཝ་སྦྲེ་རི་བོང་སོགས་ཀྱང་རྩ་མེད་དུ་འགྲོ་བཞིན་པ་ནི་མིག་མཐོང་ལག་ཟིན་ཡིན་ནའང་ད་དུང་སྐྱེ་ལྡན་ཐོན་རྫས་ཟེར་ནས་སྒྲོག་གང་ཐུབ་བྱེད་པ་འདི་མཐར་གཏུགས་ན་དགོད་བྲོ་བའམ་ངུ་བྲོ་བ་གང་ཡིན་བཤད་མི་ཤེས། དེ་ལྟ་ནའང་མཐོ་དབུས་མཐོ་སྒང་འདི་ཡུལ་གྲུ་གཞན་དང་བསྡུར་ན་ད་དུང་རི་མཐོ་ས་གཙང་ཡིན་པའི་ཁར་ཚང་མ་གསོས་ཤ་གསོས་འོ་ཡིན་མི་སྲིད་མོད། འོན་ཀྱང་ཡིད་སྐྱོ་བ་ཞིག་ནི་འབྲོག་པ་ཚོས་སོ་སོའི་རང་བྱུང་དང་ལྷད་མེད་ཀྱི་ཐོན་རྫས་རྣམས་ཕར་ལ་བཙོང་། གཞན་གྱི་གསོས་ཤ་གསོས་འོ་དང་། ལྷག་པར་སྙིགས་ཟས་སྣ་ཚོགས་ཚུར་ལ་ཉོ་བཞིན་པ་འདིས་སོ་སོའི་འཚོ་བར་ད་དུང་དཀའ་ངལ་ཆེ་བ་མཚོན་ཡོད་ནའང་རང་གི་བདེ་ཐང་ལས་གལ་ཆེན་པོ་མེད་པས་ན་གཟབ་གཟབ་གནང་རོགས་ཞེས་ཞུའོ།།

                               2022.5.18

            ———2023ལོའི《མི་རིགས་ཀྱི་རྩོམ་རིག》དེབ་དང་པོ་ལས་བདམས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཚེ་རིང་དོན་གྲུབ་ཀྱི་ལྷུག་རྩོམ་གསར་པ། 《ཨ་མའི་ལག་ཟས》

2023-02-15 ཚེ་རིང་དོན་གྲུབ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།