སུབ་ཏུ་མེད་པའི་དུས་རབས་ཀྱི་སྣང་བརྙན།
དབང་ཕྱོགས་ས་འཛིན་སྤོ་ནས་བཅུ་གཉིས་བདག་པོའི་མཛུམ་མདངས་ཡོངས་སུ་རྒྱས་ཏེ་དབྱིག་འཛིན་སྒེག་མོའི་ཕྱོགས་ཀུན་གསེར་འོད་ཀྱི་ཡོངས་སུ་བཀང་པས་སྨག་རུམ་གྱི་མུན་པའི་ཡོལ་བ་མཐའ་དག་ཡོངས་སུ་ཕྱེ། སྔོ་ཞིང་དྭངས་བའི་ནམ་མཁའི་མཁའ་འོག་ཀྱི་འགྲོ་བ་མི་ཡི་ཞིང་ཁམས་འཛམ་བུའི་གླིང་འོད་དང་དྲོད་ཀྱི་གཏམས་པར་བྱེད། རི་ཆུ་དང་ནགས་ཚལ་གྱིས་བཏུམས་པའི་འཇིག་རྟེན་འདིར་མཛེས་པའི་དཔལ་དུ་འདྲེན། སྲོག་ཆགས་འབུམ་ཕྲག་དུ་མའི་གནས་དང་ཁྱིམ་དུ་བཅའ་བའི་ཁོར་ཡུག་དང་སྤྱི་ཚོགས། དེའི་ནང་མགོ་བོ་གྱེན་དུ་ཕྱོགས་ཤིང་རྐང་གཉིས་སར་བཙུགས་ནས་འགྲོ་བའི་མི་ཡི་ཐོག་མར་གྱུར་བ་དག་ཟས་སུ་རི་དྭགས་ཀྱི་ཤ་རྗེན་པ་དང་ཤིང་འབྲས། ་ཤིང་ལོ་དང་། རི་དྭགས་ཀྱི་ལྤགས་པ་གོས་སུ་བྱེད་ཅིང་། རྐང་པར་རྩྭ་ལྷམ་དང་ཤིང་ལྷམ་གྱོན་པ། དུས་ཀྱི་ཚོད་འཛིན་ཉི་ཟླ་འཆར་ནུབ་དང་རྒྱུ་སྐར་འཁོར་ཕྱོགས་ལ་བལྟ་བའི་ཁྲོད། མིའི་རྣམ་དཔྱོད་གོང་འཕེལ་དུ་སོང་བར་བརྟེན་མིའི་སྤྱི་ཚོགས་ཞེས་པ་ཡོངས་སུ་གྲུབ། །
མིའི་རིགས་ཀྱི་རྣམ་དཔྱོད་ཇེ་འཕེལ་ནས་ཇེ་མགྱོགས་སུ་སོང་བའི་བར། ཕན་ཚུན་འགྲན་སེམས་དང་ཆགས་སྡང་གིས་རུམ་དུ་བསྣུར་ཅིང་ཞི་ལྷོད་ཀྱི་ངང་ནས་དབུགས་ཀྱང་དལ་མོར་གཏོང་ཁོམ་ཟད། ད་ལྟའི་ཆར་སྔར་གྱི་ཕ་མེས་ཡང་མེས་ཚོའི་འཚོ་བའི་ལོ་རྒྱུས་དེ་དག་མཇལ་དུས། ཕན་ཚུན་གནོད་མེད་སྤྱོད་གཙང་གི་ངང་ནས་འཚོ་འདུག་པས་མཛད་རྗེས་གསལ་བ་མ་གཏོགས། བྲེལ་འཚུབ་དང་ཆགས་སྡང་། སྤྱོད་ངན། འགྲན་སློང་གི་གསེབ་ནས་མི་ཚེ་འདའ་བའི་རྣམ་ཐར་ཅུང་ཟད་ཙམ་ཡང་མཇལ་བར་དཀའ་སོང་། །
གནའ་སྔ་མོ་ནས་ཆེ་ས་གྲོང་ཁྱེར་དང་ཆུང་ས་ས་ལུང་ཁུག་ཁག་ཏུ་ཕན་ཚུན་བག་མ་གཏོང་ལེན་གྱི་སྲོལ་དེ་སྔར་ནས་དར་ཁྱབ་ཆེ་བའི་སྲོལ་རྒྱུན་གྱི་གོམས་གཤིས་ཤིག་ཡིན་མོད་ཀྱང་། དེང་གི་ཆར་བུ་བུ་མོའི་མ་འོངས་མི་ཚེའི་མདུན་ལམ་ཐད་ནས་མནོ་བསམ་གཏོང་རྒྱུ་དང་བདེ་སྐྱིད་ཀྱི་འཚོ་བ་ཤིག་སྐྱེལ་ཐུབ་རེར་བསམ་བློ་ཅི་ཡང་མི་གཏོང་བར་དེ་ལས་ལྡོག་ཏེ་ཉོ་ཚོང་གི་ལྟ་བ་དང་བག་མ་སློང་བའི་སློང་རྟེན་མང་ཉུང་ལ་ཁད་ཆེ་ཞིང་། ལང་ཚོ་དར་ལ་བབ་པའི་བུ་བུ་མོའི་མི་ཚེའི་རིན་ཐང་ཡོངས་རྫོགས་རྒྱུ་ནོར་ཐོག་ཏུ་བཅོལ་མཁན་གྱི་གྲངས་འབོར་ཇེ་མང་ནས་ཇེ་འཕེལ་དུ་འགྲོ་བཞིན་འདུག་ལ་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པའི་རྐྱེན་ལས་དེང་གི་ཆར་ཁྱོ་ཤུག་ཕན་ཚུན་དབར་བརྩེ་དུང་མེད་པ་རང་གི་ཆུང་མ་དང་ཕྲུ་གུ་བསྐྱུར་མཁན། ཚ་སོབ་སོབ་ཀྱི་ཁྱིམ་གཞིས་ཆགས་པའི་ཁྱོ་ཤུག་མི་ཉུང་བ་ཞིག་གིས་ཀྱང་ཟུར་པོ་ཟུར་མོ་བཙལ་རྗེས་དཀའ་རྙོག་འཕྲད་པའི་སྐབས་ངོ་ཚ་ཡེ་ནས་བོར་ཏེ། གཟུགས་མཐོང་དྲྭ་ལམ་ཁག་ཏུ་ཐད་གཏོང་བརྒྱུད་ནས། མི་སེམས་སྐྱོ་བའི་སྤྱོད་ངན་དག་དམར་རྗེན་དུ་སྟོན་མཁན་ཡང་ཉུང་ཉུང་ཞིག་གཏན་ནས་མིན། དེང་སང་ཕྱིའི་དངོས་པོའི་ཐད་ནས་ཡར་རྒྱས་ཚད་མཐོན་པོར་སོང་ན་ཡང་། འགྲོ་ཀུན་ཡིད་སྨོན་འཆོར་བའི་གྲ་རྒྱས་འབྱོར་ཕྱུག་གི་ཕྱི་ཚུལ་དེའི་འོག་ན་འདོད་ཆུང་ཆོག་ཤེས་ཀྱི་བསམ་པ་མེད་པ་དང་འདོད་རྔམས་ཤུགས་ཆེའི་རྐྱེན་ལས། དགྲ་ཇག་ཆོམ་རྐུན། མགོ་བསྐོར་བླུ་འཁྲིད། ཉམ་ཐག་ལ་མཐོང་ཆུང་། སྤྱི་རྫས་ལ་བག་མེད། ཆང་རག་ལ་ངན་གོམས། འཁོན་འཛིན་དང་ཕྲག་དོག་སོགས་ཆུ་ཡི་མཉེར་མ་བཞིན་ཡོང་དང་ཡོང་མུས་དང་བྱེད་དང་བྱེད་མུས་ཡིན་པས་སྡུག་བསྔལ་གྱི་རྒྱ་མཚོ་གཏིང་ཇེ་རིང་དང་གནས་སྐབས་ཀྱི་བདེ་སྐྱིད་ཙམ་མྱོང་བའི་བསྐལ་བ་ཡུན་ཇེ་ཐུང་ཡིན་པས་རྒྱུ་ནོར་གཅིག་པུས་ང་ཚོས་འཚོལ་བཞིན་པའི་གནས་སྐབས་ཀྱི་བདེ་བ་དང་ཡིད་ཚིམ་སྣང་དེ་བསྐྲུན་ཐུབ་ཀྱི་མེད། །
སྤྱི་པའི་གསང་སྤྱོད་དང་གད་སྙིགས་ལ་སོགས་པའི་ནང་མིག་གི་ལྟ་མི་བཟོད་ཅིང་ཡ་ང་བའི་བཙས་མ་ཐག་པའི་བྱིས་པའི་བམ་རོ་ཇི་ཙམ་འདུག་པ་གྲངས་བགྲང་བར་དཀའ།ཐོས་རྒྱ་ཆུང་ཤིང་ཤེས་བྱའི་གནས་གཅིག་ལའང་སྒྲོ་འདོགས་གཅོད་པའི་སྤོབས་པ་དང་བྲལ་ན་ཡང་། གསེར་དངུལ་དང་བྱི་རུ་སོགས་ཀྱི་རྒྱན་ཆ་རྒྱ་མ་བཅུ་བཅོ་ལྔ་ལོན་ཙམ་འདོགས་མཁན་ཡང་ཉུང་ཉུང་མིན། དེ་དག་ནི་ནང་བསམ་བློའི་ཤེས་ཚད་དམའ་བ་དང་རྒྱུ་དངོས་པོར་ཞེན་ཆགས་ཆེ་བའི་དབང་གི་གོམས་གཤིས་དང་སྤྱོད་ཚུལ་ངན་པ་ཁོ་ན་ལས་མ་འདས། ང་ཚོ་ལུས་རྩལ་པ་ཞིག་ཡིན་ཡང་རུང་། ལས་བྱེད་པ་ཞིག་ཡིན་ཡང་རུང་། ངལ་རྩོལ་པ་ཞིག་ཡིན་ཡང་རུང་རང་ཉིད་ལ་ཟླ་བའི་གླ་ཕོགས་མཐོན་པོ་ཡོད་ན་ཡང་། ཁྱིམ་མཚེས་ཀྱི་ཡོང་འབབ་ལས་རང་ཉིད་དམའ་བ་ཡོད་པ་ཤེས་རྗེས་དེས་སེམས་མི་སྐྱིད་པ་རྒྱུ་མཚན་དུ་བཟུང་སྟེ། འགྲན་སེམས་ཀྱིས་འཁང་ར་བྱེད་ཀྱིན་ཡོད། དེ་ནི་བློའི་འཕེལ་འགྲིབ་ཙམ་ལས་གཟུ་བོར་གནས་པའི་སེམས་ཤིག་མ་ཡིན་མོད། ང་ཚོས་ད་ལྟ་རང་ཉིད་ཀྱི་འཚོ་བའི་སྤུས་ཚད་རིན་ཐང་གི་ཐད་ལ་ཚད་འཇལ་མཁན་མེད་པ་ནི་ནང་སེམས་ཀྱི་བདེ་སྐྱིད་གཙིགས་སུ་མི་འཛིན་པའི་རང་རྟགས་ཡིན། ང་ཚོ་མི་ཡི་བཟོས་པའི་དཀའ་རྙོག་དེ་དག་ད་དུང་སེལ་བའི་ནུས་པ་འདང་ངེས་ཤིག་མེད་པས་ཡིན་སྲིད། དེ་དག་ནི་ལྐོག་འགྱུར་གྱི་ཚུལ་དུ་མེད་པར་མངོན་སུམ་ཚད་མའི་འཇལ་བྱེད་དུ་གྱུར་ཏེ་ཡོད། སྤྱིར་ན་དུས་རབས་འདིར་འཕེལ་རྒྱས་མགྱོགས་ཤིང་འབྱོར་འབྲིང་གི་རྣམ་པ་གསར་པའི་སྟེང་། ཕྱིའི་ཟས་གོས་ནོམ་པ་གང་ལའང་དཀའ་ཚེགས་དེ་ཙམ་མེད་པར་གྱུར་ཀྱང་། འགྲོ་བ་མི་རིགས་ཀྱི་ཀུན་སྤྱོད་ཇེ་སྡུག་ཏུ་འགྲོ་བའི་དུས་མཚམས་ཀྱི་ཉག་མ་ཞིག་དང་། ནང་བསམ་བློའི་འདུ་ཤེས་དམན་པས་རང་གཞན་གྱི་བར་ལ་བརྩི་འཇོག་དང་ཡིད་ཆེས། བྱམས་བརྩེ་དང་ལྷག་བསམ། རྒན་བཀུར་གཞོན་གཅེས་སོགས་མི་འདང་བའི་གནད་གཅིག་ཏུ་སེམས། སྤྱོད་ཚུལ་དེ་དག་ནི་ཕྱི་རབས་པ་ཚོར་ཤོག་བུ་སྣུམ་ཟད་ཀྱི་དཔེ་རུ་འགྱུར་བཞིན། གཟུགས་བརྙན་དེ་དག་ནི་དུས་རབས་ཀྱི་སོ་མཚམས་འདིར་སུབ་ཏུ་མེད་པའི་འཚོ་བ་དངོས་ཀྱི་གྱང་སྟེང་དུ་བཤམས་པའི་རས་ཀྱི་གློག་བརྙན་གསར་པ་ལྟ་བུ་ཞིག་ཡིན། །
ཚེ་འདིར་བོད་ཡིག་ཤེས་མཁན་གྲལ་དུ་ཚུད། །
དགའ་སྐྱོ་སྤེལ་མའི་སྙན་ངག་རེ་གཉིས་བྲིས། །
སྙུག་ཁ་རྫོགས་པའི་ལོ་རྒྱུས་མེད་གྱུར་ཀྱང་། །
འབྲི་ཤོག་རྫོགས་པའི་ནོངས་པ་ཅུང་ཟད་ཡོད། །
འདི་ནང་བཤད་པའི་སྐད་ཆའི་ཚིག་ཚོགས་དག །
གཟུགས་མེད་ཚིག་གི་མཚོན་ཆར་གྱུར་པའི་ཚེ། །
སྙིང་ཁ་དཀྲུགས་པའི་ལྟོ་འགྲོའི་ཁ་རླངས་ལ། །
བཟོད་པའི་རིན་ཆེན་གླ་རྩི་སེམས་སུ་ཐོགས། །
༢༠༢༣/༥/༡༧ ཉིན་གཙང་མྱང་སྨད་གཞིས་ཀ་རྩེའི་མི་དམངས་སྨན་ཁང་ནད་སྡོད་ཁུལ་དྲུག་པ་རུ་བྲིས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།