བྲག་རྡོའི་ལྷུག་རྩོམ། 《རྩོམ་སྒྲིག་ཁང་གི་ལོ་ངོ་དགུ》
སྤྱི་ལོ༢༠༡༤ལོའི་ལོ་སྨད་དུ་ང་རང་བོད་ཡིག་རྩོམ་སྒྲིག་པ་ཞིག་བྱེད་པའི་གོ་སྐབས་ཤིག་ཐོབ།
མིག་རྡེབ་དབང་ཙམ་གྱི་ཡུན་ལ་ལོ་ངོ་དགུ་ཡི་ལོ་ཟླ་འདི་ལྟར་དྲན་མེད་དུ་རྫོགས་སོང་བས། ངས་ཀྱང་དྲན་པའི་ཡོལ་བ་ཆེས་ཆེར་ཕྱེས་ནས་ཕྱིར་དྲན་གྱི་ནམ་མཁར་ཐེངས་གཅིག་ཅིས་ཀྱང་བལྟ་འདོད་བྱུང་།
སློབ་ཆེན་མཐར་ཕྱིན་མ་ཐག་ལས་ཀྱི་བསྐོས་ཐང་ལྟར་ཕ་ཡུལ་དུ་ལོག་ནས«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་འདི་གར་རྩོམ་སྒྲིག་པའི་ལས་སྐལ་ལ་འཇུས། ཐོག་མའི་རང་གི་ཕུགས་བསམ་དང་ལོགས་སུ་གྱེས་ཏེ་འདི་ལྟར་འཆར་གཞི་དང་དོ་སྣང་བྱེད་མྱོང་མེད་པའི་ལས་ཀ་འདི་ནི་རང་གི་ཐོག་མའི་ལས་ཀར་གྱུར། དགེ་རྒན་ཞིག་བྱེད་པའི་སེམས་འདུན་དེ་སེམས་སུ་ཉར་དྲགས་པས་ཡིན་ནམ། ཡང་ན་སེམས་ཀྱི་སྨོན་ས་དང་ཡིད་ཀྱི་དད་སར་ཡོད་པའི་ལས་རིགས་འདི་ལ་རང་ཉིད་དུངས་ཞེན་རྣལ་མ་ཞིག་ཡོད་པའི་དབང་གིས། སློབ་ཆེན་མཐར་ཕྱིན་མ་ཐག་དགེ་རྒན་ཞིག་བྱེད་པར་སྤོབས་སེམས་ཀྱིས་ཁེངས་ནས་ཡོད་ནའང་། ལམ་ཁ་དེ་དང་རྒྱང་དུ་གྱེས་ནས་རང་ཉིད་ཀྱི་དགའ་ཕྱོགས་དང་འབྲེལ་བའི་རྩོམ་རིག་གི་ལས་ཀ་འདི་ལའང་དེ་འདྲའི་མི་དགའ་བ་མ་བྱུང་བས། ལོ་ངོ་དགུ་ལ་ཤ་ཐང་རུས་ཐང་གི་འབད་པས་བསྐྱལ།
ང་དང་དུས་དེབ་འདི་གཉིས་ཀྱི་བར་དུ་ལས་ཀྱིས་དེད་པའི་གཏམ་རྒྱུད་ཐོག་མ་ནི་དུས་ཀྱི་ཆ་ནས་ཅུང་སྔ་བར་ཡོད་དེ། སྤྱི་ལོ་༢༠༠༨ལོའི་ཆེས་ཐོག་མའི་དུས་དེབ་འདོན་སྤེལ་དང་འབྲེལ་བ་ཏན་ཏན་ཡོད་ལ། དེ་ཡང་ང་རང་རྩོམ་ཡིག་འབྲི་བར་དགའ་བའི་ཆ་དེ་དང་འབྲེལ་བ་ཆེན་པོ་ཡོད། ངས་དུས་ཚོད་མང་ཤོས་བཏང་མྱོང་བའི་རྩོམ་ཡིག་དེ་དག་ལ་དུས་དེབ་འདིའི་རུམ་ཁོངས་ནས་གཉོམ་ལག་དང་ཤུགས་རྐྱེན་ཆེན་པོ་ཐེབས་པས་ཡིན། དེ་དུས་ཀྱི་རྩོམ་སྒྲིག་པ་རྒན་གྲས་དག་གིས་བརྩེ་བའི་མིག་རྒྱང་དང་དཔྱོད་པའི་བློ་མིག་གིས་མ་བོར་བའང་ཡིན། ང་རང་དམའ་འབྲིང་མཐར་ཕྱིན་པའི་ལོ་དེར་བསྟུད་མར་ཁོ་ཚོས་ངའི་སྙན་ངག་གཉིས་དེབ་ཏུ་བཀོད་པ་དང་། ཁོ་ཚོའི་ལས་བཅོལ་ལྟར་ངས་རོགས་རམ་གྱི་ཚུལ་ཙམ་བཟུང་སྟེ། སློབ་གྲྭའི་སློབ་མ་དག་ལ་རྩོམ་སྐུལ་དང་རྩོམ་བརྡ་གཏོང་རོགས་ཀྱི་ལས་ཀའང་རང་གིས་འཇོན་ཚོད་ལྟར་རྩོམ་ཡིག་ཁ་ཤས་ཁོ་ཚོར་མཁོ་སྤྲོད་བྱས་མྱོང་ཡོད། ཡིན་ནའང་། དེའི་རྗེས་སུ་ང་རང་དམའ་འབྲིང་མཐར་ཕྱིན་པ་དང་དུས་དེབ་ཀྱི་རྩོམ་སྒྲིག་པ་བརྗེ་བ་སོགས་ཀྱི་དབང་གིས་ལོ་ངོ་དྲུག་བདུན་ཞིག་ལ་དོ་སྣང་མེད་པར་ཆགས། ངས་སྔར་བཞིན་དུས་ཚོད་མང་ཤོས་རྩོམ་ཡིག་ལྟ་བུའི་ཡིག་ཚོགས་དེ་དག་གི་ཐོག་ཏུ་བསྟིམས། དེ་ཡང་ངའི་སྙན་ངག་ཐོག་མ་དེ་དག་དེབ་ཏུ་བཀོད་པའི་ཤུགས་རྐྱེན་དང་སྐུལ་སློང་ལས་མ་འདས་ཤིང་། རང་ཉིད་དགའ་ཞེན་ཡོད་པའི་བོད་ཀྱི་རྩོམ་པ་པོ་དག་གི་བརྩམས་ཆོས་ལས་ཤུགས་རྐྱེན་ཐེབས་པའང་ཡིན་སྲིད། རང་ཉིད་ཀྱིས་བྲིས་པའི་སྙན་ངག་ལྟ་བུའི་བྱིས་རྩོམ་དེ་དག་ལ་ནམ་ཡང་རྒྱབ་སྐྱོར་དང་སྐུལ་མ་གནང་མཁན་གྱི་དམའ་འབྲིང་སྐད་ཡིག་དགེ་རྒན་ཁོང་གི་བཀའ་དྲིན་དང་བརྩེ་སེམས། གཞན་རང་གི་ལྷན་སྐྱེས་ཀྱི་དགའ་ཕྱོགས་དེ་ལའང་འབྲེལ་བ་ཡོད་ཤོས་ཆེ། གང་ལྟར་དེ་ནས་བཟུང་ངའི་ནང་སེམས་ཀྱི་དགའ་སྐྱོའི་ཆགས་སྡང་གི་རླབས་རྒྱུན་ཡོད་ཚད་རྩོམ་རིག་གི་གཟུགས་སུ་འདེབས་པར་བྲེལ།
སློབ་ཆེན་ནས་མཐར་ཕྱིན་མ་ཐག་སྤྱི་ཚོགས་ཀྱི་གཟེབ་ཏུ་ཚུད་རྗེས། ངས་ཀྱང་ཤེས་མེད་ཚོར་མེད་དུ་རང་གི་ཕུགས་བསམ་མིན་པའི་ཕུགས་བསམ་ཞིག་ལ་ཅིས་ཀྱང་འཇུ་དགོས་བྱུང་། དེ་ལྟ་དེ་ལྟར་བརྩོན་སེམས་ཆུ་བོ་བྲུག་བྲུག་བཞུར་བའི་དགུན་ཟླ་དེར། ང་དང་«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་ཀྱི་གཏམ་རྒྱུད་རིང་མོ་དགུན་གྱི་རླུང་དང་ཁ་བར་འགྲོགས་ནས་ལོ་ངོ་དགུ་ཡི་སྐྱིད་སྡུག་གི་ལས་དབང་ལ་བསྟིམས་པ་ཡིན།
གཅིག་ནས་ཆེད་ལས་ཀྱི་ཤེས་བྱ་དབུལ་བ་དང་གཉིས་ནས་ལས་ཀ་ཡི་ཉམས་མྱོང་མེད་པ་སོགས་ཀྱིས་རྩོམ་སྒྲིག་པའི་ལས་ཀར་ཡིད་ཆེས་ཀྱི་གདེང་ཞིག་མེད་ནའང་། ཉི་ཤུའི་སྣང་བ་འཁུར་བའི་དུས་དེར་ཡིད་ཆད་དང་དཔའ་ཞུམ་གྱི་སེམས་ཁམས་དེ་འདྲ་གཏན་ནས་མེད་པས། རང་ཚོད་ཀྱིས་དཀའ་སྤྱད་སྡུག་རུས་མང་པོ་བྱས་མཐར། ལས་ཀ་འདི་ཡང་རང་གི་ཁ་ལག་ཏུ་ཅུང་ཙམ་ཆུད་པར་གྱུར།
ལོ་ཕྱེད་རྩོམ་རིག་དུས་དེབ་ཅིག་གཉེར་སྐྱོང་བྱ་རྒྱུ་དེ་འདྲ་དཀའ་ལས་ཁག་པོ་མེད་ནའང་། རྩོམ་གྱི་ཡོང་ཁུངས་དང་རྐང་འཛིན་རྩོམ་པ་པོ་མེད་པའི་དུས་དེབ་ཅིག་ལ་མཚོན་ན་རྩོམ་གྱི་སྤུས་ཀའི་ངམ་ཁ་དེ་འདྲའི་བཟང་པོ་ཞིག་ཆགས་མི་ཐུབ། སྒོས་སུ་རྩོམ་སྒྲིག་པའི་དཔུང་སྡེ་བརྟན་ཆགས་དང་ཉམས་མྱོང་གི་ཤེས་བྱ་མེད་ཚེ། དེབ་ཀྱི་ཕྱི་ཡི་མཛེས་ཆ་ནས་ནང་གི་རྩོམ་གྱི་སྤུས་ཀ བར་གྱི་དེབ་ཀྱི་ཇུས་འགོད་སོགས་རང་རྐྱ་འཕེར་བ་ཞིག་ཡོད་རྒྱུ་ཕར་བཞོག ཉག་ཉོག་ལྗན་ལྗིན་གྱི་ལས་ཁོ་ནས་འགན་འཁུར་ཅིག་རྫོགས་ཐུབ་བྱེད་པ་ཁོ་ན་རང་རེད། ལྷག་ཏུ་རྩོམ་སྒྲིག་པ་ཡིས་དུས་དེབ་རང་སྟེང་ལ་བཟུང་བའི་འགན་འཁྲིའི་འདུ་ཤེས་དང་རྣམ་འགྱུར་ཡག་པོ་ཞིག་ཡོད་རྒྱུ་གལ་གནད་ཆེན་པོ་ཡིན། འགན་འཁུར་གཡུགས་ཐུབ་ཙམ་དུ་བཟུང་བ་དེས་ནམ་ཡང་དུས་དེབ་ཀྱི་ལམ་ཁ་དང་མ་འོངས་པའི་འཚར་ལོངས་ལ་ཏན་ཏན་གནོད་ཆེན་པོ་སྐྱེལ་གྱིན་ཡོད་དེ། བོད་ཀྱི་དུས་དེབ་དག་གི་ཕམ་ཁའི་འབྱུང་རྩའང་གནད་དེར་ཐུག་ཡོད་པར་བསམ་མོ།
ལོ་ངོ་གཉིས་ལ་ལོ་ཕྱེད་རྩོམ་རིག་དེབ་ཏུ་བཟོས་ནས་བསྟུད་མར་འདོན་ཐེངས་བཞི་བཟོས་པ་དེས། རང་སྟེང་དུ་ཉམས་མྱོང་གསོག་པའི་རྒྱུ་རུ་གྱུར། དེབ་ཀྱི་མ་འོངས་པའི་འཕེལ་ལམ་གྱི་རྒྱང་ལམ་དེ་ཡང་འཆར་གཞི་ཅན་དུ་བཟོས། དུས་དེབ་ཀྱི་གཙོ་སྒྲིག་པ་ལགས་ཀྱི་མིག་རྒྱང་དང་མཁྱེན་དཔྱོད་ཆེ་བའི་རྐྱེན་གྱིས་ལོ་ཕྱེད་དེབ་ནས་དུས་ཚིགས་དུས་དེབ་ཏུ་བསྒྱུར་བཅོས་བྱ་ཐུབ་པར་གྱུར། དེབ་ཀྱི་ཕྱི་ཡི་ཇུས་འགོད་ནས་ནང་གི་ལེ་ཚན་སྒྲིག་སྟངས། རྩོམ་ཡིག་བདམས་གསེས་བྱ་སྟངས་ནས་དེབ་ཀྱི་ཇུས་འགོད་བྱེད་སྟངས་ལ་གསར་རྐྱང་གི་ཆ་དང་རང་ལུགས་ཤིག་ཆགས་པར་འབད། གཞན་ལ་ལད་ཟློས་ཁོ་ནས་བསྐྱལ་བའི་ལས་ཀ་དེ་ལ་གྱེས་ཕྱག་ཕུལ་རྗེས། དུས་དེབ་རང་སྟེང་ལ་རང་གི་ཁྱད་ཆོས་དང་སྒེར་ཚུགས་ཀྱི་ཆ་དེ་ཡོད་པར་གཞོལ། ལྷག་ཏུ་སྐབས་དེའི་གཙོ་སྒྲིག་པ་འདས་པོ་གངས་གཞས་ལགས་ཀྱིས་ཁོང་གི་ལས་ཀའི་ཉམས་མྱོང་དང་འཆར་འགོད་སོགས་ལ་བརྟེན་ནས་དུས་དེབ་འཕེལ་རྒྱས་གཏོང་བར་ཕྱོགས་མང་པོ་ནས་བསམ་བློ་བཏང་ཞིང་བོད་རྒྱའི་རྩོམ་སྒྲིག་རྒན་གྲས་དག་ལ་བློ་འདྲི་ཡང་གནང་། ཡང་དང་བསྐྱར་དུ་དུས་དེབ་ཀྱི་མ་འོངས་པའི་ལམ་ཁ་དེར་བསམ་གཞིགས་དང་བསམ་བློ་མང་པོ་བཏང་། ཁོང་གིས་ནན་ཏན་དང་ཞིབ་ཚགས་ཀྱི་ལས་ཀ་བྱེད་སྟངས་དེས་རང་ཉིད་ལའང་སློབ་སྦྱོང་དང་ཤུགས་རྐྱེན་ཆེན་པོ་ཐེབས་ལ། དུས་དེབ་ལ་བཟུང་བའི་ཆ་རྐྱེན་དེ་དག་རང་གིས་ནན་ཏན་ངང་འབད་འབུངས་ཀྱིས་རྒྱུན་བསྐྱངས། 2016ལོ་ནས་བཟུང་ལོ་ཕྱེད་རྩོམ་རིག་དེབ་ནས་དུས་ཚིགས་དུས་དེབ་ཏུ་བསྒྱུར་ཅིང་། ཤོག་ངོས་དང་དཔར་གྲངས་ཀྱི་གྲངས་ཇེ་མང་དུ་བཏང་། དེབ་ཏུ་འགོད་པའི་རྩོམ་གྱི་རིགས་ཀྱང་མང་དུ་བཏང་ནས་སྣ་འཛོམས་རང་བཞིན་གྱི་དུས་དེབ་ཀྱི་རྣམ་པར་ཆགས་སུ་བཅུག ལྷག་ཏུ་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་གསོ་སྐྱོང་གི་ཆ་དེར་དམིགས་ནས་ཆེད་དུ་ཆེད་བསྒྲིགས་ཀྱི་ལེ་ཚན་ཞིག་བཟོས་ཤིང་།དེར་ཤུགས་རྐྱེན་ཆེ་བའི་བོད་ཀྱི་རྩོམ་པ་པོ་རྒན་གྲས་དང་ན་གཞོན་རྩོམ་པ་པོ་བཟང་གྲས་དག་གི་རྩོམ་ཡིག་དང་རྩོམ་འབྲིའི་མྱོང་ཚོར་སྤེལ་ཞིང་། རྩོམ་རིག་ལ་དགའ་བའི་ན་གཞོན་མང་པོ་ཞིག་ལ་སྐུལ་སློང་གི་ཁོར་ཡུག་ཅིག་བསྐྲུན།
མི་འདོད་རྐྱེན་ངན་ལས་ཀྱི་རྦབ་རྡོ་ཐུར་དུ་བབས་པས། 2017ལོར་དུས་དེབ་ཀྱི་གཙོ་སྒྲིག་པ་གངས་གཞས་ལགས་མི་ཡུལ་དང་གཏན་དུ་ཁ་གྱེས་པ་དེས། དུས་དེབ་འདི་ལ་མཚོན་ན་གནམ་རྡིབ་པ་ལྟ་བུའི་གོད་ཆག་ཅིག་བྱུང་བ་རེད། ཁོང་གི་ཡངས་པའི་མཁྱེན་དཔྱོད་དེས་དུས་དེབ་ཀྱི་རང་སྟེང་དུ་ཅུང་བརྟན་ཆགས་ཡིན་པའི་རྨང་གཞི་ཆེན་པོ་བཞག་ཡོད་ལ། དུས་དེབ་ཀྱི་རྐང་འཛིན་རྩོམ་པ་པོ་དང་ཀློག་པ་པོའི་སྡེ་ཡང་ལྟོས་བཅོས་ཀྱིས་དཔུང་ཆེན་པོ་ཆགས་ཡོད། ད་དུང་ཁོང་གིས་མ་འོངས་ལས་འཆར་ཡོད་པའི་ལས་ཀ་རླབས་ཆེན་གང་མང་ཞིག་དེ་ལྟར་རྨེག་མེད་དུ་ཆགས་ནའང་། ནམ་རྒྱུན་ཁོང་གི་སློབ་སྟོན་དང་སྣེ་ཁྲིད་ཀྱི་དགོངས་པ་དེ་ཡི་དྲིན་གྱིས་ད་རག་ཏུ་གཞན་གྱི་དམའ་ས་ནས་འདུག་མ་དགོས་པར། རྩོམ་སྒྲིག་ཁང་མང་པོ་ཞིག་གི་མིག་དཔེ་ལེན་སར་གྱུར་བ་དེ་ཡང་ཁོང་གི་རླབས་ཆེན་བྱ་གཞག་ལས་འགོང་དུ་མེད། དེ་ཡང་རང་ཡུལ་གྱི་དུས་དེབ་ལ་རྒྱབ་སྐྱོར་མེད་པའི་རང་ཡུལ་གྱི་སྨྱུགས་ཐོགས་པ་ཚོས་འདི་ཡང་ཤེས་ན་ཧ་ཅང་འོས་པར་གུས་པས་བསམ་མོ།
ཁོང་ནི་སྐད་གཉིས་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་ཁར། རྩོམ་རིག་ལ་བློ་དཀར་ལ་རྩོམ་རིག་ལ་མི་ཚེ་བསྟིམས་པའི་སྙན་ངག་པ་ཞིག་ཀྱང་ཡིན། དེ་ལྟ་དེ་ལྟར་དུ་ཁོང་གིས«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་ཀྱི་སྟེང་དུ་ལས་ཀ་མང་པོ་ལས་ཤིང་། དུས་དེབ་སྤྱི་ཡི་འཕེལ་རྒྱས་དང་ས་གནས་རྩོམ་རིག་གོང་འཕེལ་གྱི་ལས་ལ་ཧུར་གྱིས་འབད་པ་གནང་མྱོང་། ལྷག་ཏུ་ས་གནས་ཀྱི་རྩོམ་པ་པོའི་དཔུང་སྡེ་འཛུགས་སྐྲུན་གྱི་ཆ་ལ་ཁོང་གིས་ཐུགས་སེམས་མང་པོ་གནང་མྱོང་ཡོད། རང་ཡུལ་གྱི་རྩོམ་པ་པོ་མང་པོ་ཞིག་ལ་ཁོང་གིས་རྩོམ་སྐུལ་ཡང་དང་བསྐྱར་དུ་གནང་ལ། དེ་ཡི་ཤུགས་རྐྱེན་འོག་ཏུ་ན་གཞོན་རྩོམ་པ་པོ་མང་པོ་ཞིག་རྩོམ་རིག་གི་ལམ་ཁར་ཞུགས་ཤིང་གང་ལ་གང་ཚོད་ཀྱི་གྲུབ་འབྲས་མི་དམན་པ་བྱུང་། ཡིན་ནའང་དེང་དུས་མི་ཡི་ཨ་གསར་བློ་ཐུང་གི་ལས་ཀ་དེ་ལ་རང་རྒྱུས་གཞན་རྒྱུས་ཡོད་པ་ནང་བཞིན་ཡིན་ནོ།
2017ལོའི་ཟླ་བཞི་བར་ང་ཡང་ཁོང་དང་མཉམ་དུ་རྒྱ་ནག་ཀྲེ་ཅང་དུ་རྩོམ་སྒྲིག་སྐོར་གྱི་ཟབ་སྦྱོང་ཞིག་ཏུ་འགྲོ་བའི་གོ་སྐབས་བྱུང་ཞིང་། ཁོང་གིས་གལ་བོ་ཆེ་ལ་ནན་གྱིས་རྒྱའི་དུས་དེབ་གྲགས་ཅན་དག་གི་རྩོམ་སྒྲིག་གི་ལས་ཀར་ཞིབ་ཚགས་དང་ཉམས་མྱོང་ཡོད་པ་དེ་ལ་སློབ་སྦྱོང་ནན་མོ་བྱ་དགོས་ཞེས་ཡང་ཡང་གསུངས་པ་དེ་ནི་ཁོང་གི་འགན་འཁྲི་ལྡན་པའི་རྩོམ་སྒྲིག་གི་ལས་ཀར་བཟུང་བའི་རྣམ་འགྱུར་དང་རྣམ་དག་ལྷག་བསམ་རེད། རྩོམ་སྒྲིག་ཟབ་སྦྱོང་སྐབས་སུ་ཁོང་གིས་རྒྱའི་རྩོམ་པ་པོ་གྲགས་ཅན་དང་རྩོམ་སྒྲིག་ཁང་མང་པོར་བོད་ཀྱི་རྩོམ་རིག་ཁོང་ཚོར་ངོ་སྤྲོད་དང་འོས་སྦྱོར་ཡང་ཡང་གནང་། བོད་རྩོམ་ལ་ཤ་ཚ་སྟངས་དེ་ད་ལྟ་ཡིད་དུ་དྲན་ཚེ་ཤིན་ཏུ་སྙིང་ཉེ་ཞིང་སེམས་ནས་ཧ་ཅང་དགའ་དུངས་ཟབ་མེད་ཅིག་ཆགས་ཡོང་གིན་མི་འདུག་གམ།
ཁོང་གིས་བྲིས་པའི་རྒྱ་རྩོམ་མང་པོ་ཞིག་ལ་རྒྱའི་རྩོམ་པ་པོ་དང་རྩོམ་སྒྲིག་ཁང་མང་པོ་ཞིག་གིས་ཆེས་མཐོའི་གདེང་འཇོག་དང་མཐོང་ཆེན་གནང་གིན་འདུག་ལ། ཁོང་གིས་བྲིས་པའི་སྙན་ངག་མང་པོ་ཞིག་གིས་རང་ཡང་ཡིད་སེམས་སྐྱོམ་པའི་རྦ་རླབས་དགུང་དུ་འཕྱོ་བར་གནང་མྱོང་ཡོད། དེ་ནི་ང་ཚོའི«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་འདི་ཉིད་ཀྱི་རྩོམ་སྒྲིག་པ་རིམ་བྱུང་དག་གི་ཁྲོད་ནས་དུས་དེབ་འདི་ལ་བྱས་རྗེས་དང་བཀའ་དྲིན་ཆེ་བ་ཁོ་ན་ཡིན་ཞིང་། ཁོང་གིས་ནམ་ཞར་དུས་དེབ་འདི་ས་གནས་ཀྱི་རྩོམ་རིག་གི་སྡོངས་གྲོགས་ནས་བོད་ཀྱི་རྩོམ་རིག་གི་ཞིང་སར་མེད་དུ་མི་རུང་བའི་དུས་དེབ་ཅིག་ཏུ་ཆགས་པར་འབད་བརྩོན་གྲངས་མེད་གནང་བ་དང་། བོད་ཀྱི་རྩོམ་རིག་ལ་ནམ་ཡང་བློ་དཀར་བའི་བོད་ཀྱི་རྩོམ་པ་པོ་ཞིག་དང་དུས་དེབ་ཀྱི་གཙོ་སྒྲིག་པ་ཞིག་གི་འགན་འཁྲི་འཁུར་བའི་མི་ཕོ་ཞིག་ཡིན་པ་བསྙོན་དུ་མེད། ཁོང་གིས་འབད་བརྩོན་དང་མིག་རྒྱང་ལས་འཁྲུངས་པའི་དུས་དེབ་འདི་ཉིད་ཀྱི་རིམ་བྱུང་རྩོམ་སྒྲིག་པ་དག་གིས་ཀྱང་ཁོང་ལ་སློབ་སྦྱོང་དང་མིག་དཔེ་འཛིན་པར་ཧ་ཅང་འོས། དེ་དུས་ཀྱི་གཙོ་སྒྲིག་པ་འདས་པོ་གངས་གཞས་ལགས་འདས་གྲོངས་སུ་གྱུར་ནས་མི་ལོ་དྲུག་འགོར་བ་ལ། ང་ཡང་དུས་དེབ་འདི་ཉིད་ཀྱི་རྩོམ་སྒྲིག་པ་ཞིག་ཡིན་པའི་ཆ་ནས་ཁོང་ལ་མྱ་ངན་ཡང་ཡང་ཞུའོ།
2017ལོ་ནས་བཟུང་ང་རང«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་འདི་ཡི་གཙོ་སྒྲིག་གཞོན་པ་དང་ལག་བསྟར་རྩོམ་སྒྲིག་པའི་ལས་ཀ་ཕྲག་ལ་བབས་བྱུང་བས། ངས་ཀྱང་གཞོལ་མེད་ཀྱི་འགན་འཁྲི་དང་དུ་བླངས་ནས་བློ་སེམས་དཀར་པོས་ལོ་ངོ་དགུ་ལ་རྩོམ་སྒྲིག་པའི་ལས་སྐལ་དང་དུ་བླངས། ཞིབ་ཏུ་ཡང་ཡང་བསམ་ན། འདི་ནི་ལས་ཀྱིས་ང་ལ་གནང་བའི་མི་ཚེའི་སྙིང་བོ་གལ་ཆེན་ཞིག་ཡིན་ནོ།
དེ་ལྟར་ངས་ལོ་ངོ་དགུ་ལ་རང་གིས་འཇོན་ཚོད་དང་འགན་འཁྲི་ཞིག་གི་ཚད་ཐིག་སེམས་སུ་བཟུང་ནས་དུས་ཚོད་མང་ཤོས་ཤིག་དུས་དེབ་འདི་ཡི་ཐོག་ལ་བཏང་བ་ཡིན། ཐོག་མའི་འཆར་གཞི་ནས་བར་གྱི་བློས་བསླངས་དང་། མཐའ་མའི་ལག་བསྟར་སོགས་དཀའ་ལས་ཀྱི་རྩོམ་སྒྲིག་པ་འདི་ཡང་ང་རང་གཅིག་པུས་མི་སྒྲུབ་རང་སྒྲུབ་ཏུ་ཆགས་སོང་།
རྩོམ་རིག་གི་ཞིང་ས་སྣུམ་པོའི་དུས་དེབ་རྩེ་གྲས་ཤིག་སྒྲུབ་དགོས་ན། གཅིག་ནས་རྩོམ་སྒྲིག་པའི་དཔུང་སྡེ་བརྟན་པོ་ཞིག་དགོས་ནའང་། ང་ཚོའི་རྩོམ་སྒྲིག་ཁང་ལ་དེ་ཡི་ཆ་རྐྱེན་མེད། གཉིས་ནས་རྩོམ་སྒྲིག་པ་ལ་རྩོམ་རིག་གི་བློ་སྦྱོང་དང་རྩོམ་སྒྲིག་གི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་དགོས་ནའང་། དེ་ཡང་ང་ཚོའི་རྩོམ་སྒྲིག་ཁང་ལ་མེད། གསུམ་ནས་རྩོམ་པ་པོའི་དཔུང་སྡེ་དང་ཀློག་པ་པོའི་དཔུང་སྡེ་གྱ་ནོམ་པ་ཞིག་དགོས་ནའང་། དེ་ཡང་ང་ཚོ་ལ་ཤིན་ཏུ་ཉུང་ཉུང་ཡིན་པས། ད་ནི་དཀའ་ལས་དཀའ་ཁག་གི་ལམ་ཁ་དེ་ནས་དཀའ་ཁག་མི་ཉུང་བ་ཞིག་མྱངས་དགོས་པ་ནི་མངོན་སུམ་དུ་ཆགས་ཡོད། ཡིན་ནའང་རང་ཉིད་དཀའ་ཁག་དེ་ཙམ་གྱི་མདུན་དུ་དཔའ་ཞུམ་བག་འཁུམ་གྱི་ངང་ཚུལ་མ་བཟུང་བར་འབད་པ་ཆེན་པོས་ཡང་དང་བསྐྱར་དུ་ཚོད་ལྟ་རབ་དང་རིམ་པ་མང་པོ་བྱས་མཐར། གཞི་ནས་དུས་དེབ་རང་ཉིད་ཀྱི་ལངས་ཕྱོགས་དང་ཁ་ཕྱོགས་ཤིག་ག་ལེར་རྙེད།
ཐོག་མར་དུས་དེབ་ལ་རང་གི་ལངས་ཕྱོགས་དང་རྩ་དོན་ཁྱོན་ནས་མེད་པའི་སྣང་ཚུལ་དེ་དང་རྒྱང་དུ་གྱེས་ནས། སྔ་མའི་ལམ་ལ་ཆས་ཚུལ་ནས་ལངས་ཕྱོགས་བརྟན་པོ་དང་ཁ་ཕྱོགས་གསལ་བོ་ཆགས་པར་བྱས་རྗེས། ལམ་གྱི་དཀའ་སྡུག་དང་མཐའ་མའི་ལག་བསྟར་སོགས་ཧ་ཅང་ཞིབ་ཚགས་དང་གཟབ་ནན་གྱི་སྒོ་ནས་ལམ་དུ་ཆས་ཤིང་། དེ་ཡང་རང་གི་ལས་ཀ་ཙམ་དུ་ངོས་མ་བཟུང་བར། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལས་དབང་ལ་སེམས་ཁ་ཡོངས་སུ་གླན་ནས་དྲང་གཞག་གི་འགན་འཁྲི་གཙང་མ་ཞིག་ཏུ་བརྩིས་ནས། ད་གཟོད«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»ཞེས་པའི་དུས་དེབ་འདི་ཉིད་ལམ་དུ་ཆས་པ་ཡིན།
རང་ཉིད་ནི་སློབ་ཆེན་མཐར་ཕྱིན་མ་ཐག་ཏུ་རྩོམ་སྒྲིག་པའི་ལས་རྐང་དུ་ཞུགས་པ་ཡིན་པས། ཉམས་མྱོང་སོགས་ཕྱོགས་གང་ཅིའི་ཐད་ནས་ཤིན་ཏུ་དབུལ། སྐབས་དེར་རྩོམ་སྒྲིག་པ་རྒན་གྲས་དག་གི་བརྩེ་བའི་མཛུབ་སྟོན་ཤིན་ཏུ་དགོས་མཁོ་ཡོད་པས། དུས་དེབ་ཁང་གི་རྩོམ་སྒྲིག་པ་རྒན་གྲས་དག་གི་དྲུང་དུ་ཐེངས་མང་སོང་ཞིང་། ཁོ་ཚོའི་རྩོམ་སྒྲིག་གི་ཉམས་མྱོང་དང་བློ་སྤོབས་དེ་ཡིས་བདག་ལ་བློ་སྟོན་དང་སྐུལ་མ་མང་པོ་ཐེབས།
རང་ཉིད་ཀྱིས་རྩོམ་རིག་དུས་དེབ་ལ་བཟུང་བའི་རྣམ་འགྱུར་དང་རྩོམ་སྒྲིག་ལ་བཟུང་བའི་སེམས་ཁམས་དེ་ཡང་རིམ་གྱིས་འགྱུར་ལྡོག་ཡང་དང་བསྐྱར་དུ་བྱུང་ལ། དུས་དེབ་རང་སྟེང་དུའང་གསར་བརྗེ་དང་བསྒྱུར་བཅོས་མང་པོ་བྱེད་མགོ་བརྩམས། དེ་དང་བསྟུན་ནས་དེབ་ཀྱི་ཇུས་འགོད་ལའང་དུས་རབས་ཀྱི་ཁྱད་ཆོས་ཡོད་པ། མི་རིགས་ཀྱི་ཁྱད་ཆོས་ཡོད་པ། སྲོལ་རྒྱུན་གྱི་ཁྱད་ཆོས་ཡོད་པ། སྒེར་ཚུགས་ཀྱི་ཁྱད་ཆོས་ཡོད་པར་ཤུགས་ཆེ་ཆེར་བརྒྱབ་པ་ཡིན། སྤུས་གཙང་གྲལ་དག་ཅིག་ཏུ་འཁྱོངས་པར་དཀའ་ཚེགས་ཀྱི་རབ་ཁ་མང་པོ་བརྒལ་པ་དོན་འབྲས་སྨིན་སོང་སྙམ་པའི་སེམས་ཁམས་དེ་ཡང་རང་ལ་ཏན་ཏན་འདུག
«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་ནི་སྣ་འཛོམས་རང་བཞིན་གྱི་དུས་དེབ་ཅིག་ཡིན་ལ། བརྩམས་སྒྲུང་དང་ཚིགས་བཅད། རང་མོས། བསྒྱུར་རྩོམ། ལྷུག་རྩོམ་དང་ཕྲན་བཤད་བཅས་ལེ་ཚན་ཆེན་པོ་དྲུག་ཏུ་དབྱེ་ཡོད་ལ། དམིགས་བསལ་ལེ་ཚན་ཆེད་བསྒྲིགས་དང་ཆེད་བཀོད་ཅེས་པའི་ལེ་ཚན་གཉིས་ཀྱང་ཞོར་དུ་བཀོད་སྒྲིག་བྱས་ཡོད། ཆེད་བསྒྲིགས་ལེ་ཚན་ནི་གཙོ་བོ་བོད་ཀྱི་རྩོམ་པ་པོ་འོས་སྦྱོར་དང་སྙན་ངག་འོས་སྦྱོར་བྱེད་པའི་ལེ་ཚན་ཞིག་ཡིན་ལ། བོད་ཀྱི་རྩོམ་པ་པོའི་སྡེ་ནས་རྩེ་གྲས་དང་ཕུལ་བྱུང་གི་རྩོམ་པ་པོ་དམིགས་བསལ་གྱིས་འོས་སྦྱོར་བྱས་ཤིང་། ད་དུང་ན་གཞོན་རྩོམ་པ་པོ་དག་ཀྱང་སྐྱེད་བསྲིང་གི་དགོས་པར་དམིགས་ནས་འོས་སྦྱོར་བྱེད་ཀྱིན་ཡོད། ཆེད་བཀོད་ལེ་ཚན་ནི་སྐབས་བབས་ཀྱི་དགོས་མཁོ་དང་བསྟུན་ནས་སྒྲུབ་པ་ཡིན་ཞིང་། གཙོ་བོ་བོད་ཀྱི་དམངས་སྲོལ་རིག་གནས་སྐོར་གྱི་རྩོམ་ཡིག་གཞིར་བཟུང་ཞིང་། སྒོས་སུ་ས་གནས་ཀྱི་དམངས་སྲོལ་དང་ངག་རྩོམ་བསྡུ་སྒྲིག་བྱས་པ་དག་ལ་དམིགས་ནས་སྒྲུབ། བར་སྐབས་སུ་བོད་ཀྱི་ཆུང་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་དང་དགའ་ཕྱོགས་བསྐྱེད་བསྲིང་ལ་དམིགས་ཏེ་ནས་སོན་ཞེས་པའི་ལེ་ཚན་ཞིག་ཀྱང་ལོ་ངོ་གཉིས་ལྷག་ལ་གཉེར། རྗེས་ནས་དུས་དེབ་ཀྱི་ཁ་ཕྱོགས་དང་སྤུས་ཚད་ཀྱི་དགོས་མཁོའི་དབང་གིས་ལེ་ཚན་སྒྲུབ་མཚམས་བཞག ཡིན་ནའང་སྔར་བཞིན«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་ཀྱི་སྐད་འཕྲིན་སྤྱི་སྟེགས་ནས་ཆུང་འབྲིང་སློབ་མའི་རྩོམ་ཡིག་མང་པོ་བརྒྱུད་འགོད་བྱས་ལ། ཆུང་འབྲིང་སློབ་མ་མང་པོ་ཞིག་གིས་དོ་སྣང་ཡང་ཆེ་ཆེར་ཐོབ། 2021ལོའི་དེབ་གསུམ་པ་ནས་བཟུང་པྲ་དྲ་ཞེས་པའི་གློག་བརྙན་སྐོར་གྱི་ལེ་ཚན་ཞིག་ཀྱང་སྒྲུབ་མགོ་བརྩམས། དེ་ནི་པྲ་དྲ་བརྙན་གླིང་ཞེས་པའི་བོད་ཀྱི་གློག་བརྙན་སྐོར་གྱི་དྲ་ཚུགས་དེ་དང་མཉམ་འབྲེལ་སྒོས་སྒྲུབ་པ་དང་། བོད་ཀྱི་གློག་བརྙན་གྲགས་ཅན་ཐར་ལོ་དང་གཙང་པོ་སོགས་ཀྱི་འཁྲབ་འཁྲིད་པ་གྲགས་ཅན་དག་གི་གློག་བརྙན་བརྩམས་ཆོས་དག་འོས་སྦྱོར་དང་རྩོམ་རིག་བརྩམས་ཆོས་འོས་སྦྱོར་དམིགས་སུ་བཟུང་བའི་ལེ་ཚན་གསར་བ་ཞིག་ཀྱང་ཡིན། «མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»ནི་བོད་ཀྱི་གློག་བརྙན་སྐོར་གྱི་རྩོམ་ཡིག་བརྒྱུད་འགོད་གནང་བའི་དུས་དེབ་ཐོག་མའི་གྲས་སུ་ཆགས་ཡོད་པར་སེམས། གཞན་དུས་དེབ་ཀྱི་མདུན་ཤོག་ནང་ངོས་སུ་འཛམ་གླིང་རྩོམ་པ་པོ་གྲགས་ཅན་མང་པོ་ཞིག་གི་བརྩམས་ཆོས་གྲགས་ཅན་མང་པོ་བོད་འགྱུར་གནང་ནས་བརྒྱུད་འགོད་བྱས་པ་ཡིན་ལ། དེ་ཡང་བོད་ཀྱི་ན་གཞོན་རྩོམ་པ་པོ་དང་ལོ་ཙཱ་བ་གྲགས་ཅན་ཞིག་དང་མཉམ་འབྲེལ་ངང་སྒྲུབ་སྟེ། འཛམ་གླིང་རྩོམ་པ་པོ་གྲགས་ཅན་དག་གི་རང་རྣམ་དང་ཚབ་མཚོན་བརྩམས་ཆོས་བོད་འགྱུར་བྱས་པ་ཡིན། བར་བཅུག་པར་ངོས་དང་རྒྱབ་ཤོག་མདུན་ངོས་སུ་བོད་ཀྱི་ན་གཞོན་རྩོམ་པ་པོ་དང་ཡིག་མཁན། རི་མོ་བ་གྲགས་ཅན་དག་གི་བརྩམས་ཆོས་འོས་སྦྱོར་བྱས་པ་འདིས་ཀྱང་བོད་ཀྱི་རྩོམ་རིག་དུས་དེབ་ལ་ཕྱར་བ་གྲུ་འདེགས་ཀྱི་རོགས་འདེགས་མང་པོ་གནང་ཡོད་པར་བསམ།
2017ལོ་ནས་རང་ལ་གཙོ་སྒྲིག་གཞོན་པའི་ལས་འགན་འདི་ཁུར་དུ་བབས་པ་ནས་འགན་འཁུར་ཇེ་ལྕི་དང་ལས་ཀའང་དེ་བསྟུན་གྱིས་ཇེ་མང་དུ་བུད་སོང་བས། འདུ་ཤེས་བརྟན་པོ་ཞིག་གིས་དུས་དེབ་འདི་ཉིད་ཀྱི་ཕྱི་ནང་གསང་གསུམ་དུ་རང་གི་ཉི་ཤུའི་ལང་ཚོའང་ཕངས་མེད་དུ་བསྟིམས་ཤིང་། འདུ་ཤེས་བརྟན་པོ་འདི་དང་དུས་དེབ་འདི་ཡི་ཚེ་སྲོག་གི་ཆེད་དུ་སྒེར་གྱི་མི་ཚེའི་དོན་དག་གལ་ཆེན་སྐོར་ཅིག་ལའང་གས་ཆག་དང་བར་ཆད་ཐེབས། ཡིན་ནའང་འགྱོད་གདུང་གི་ཤུགས་རིང་ནམ་ཡང་འཐེན་མྱོང་མེད་དོ།
ང་དང«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་གཉིས་ཀྱི་བར་དུ་ཚེ་འདིར་བརྗེད་དུ་མེད་པའི་གཏམ་རྒྱུད་མང་པོ་ཞིག་ཡོད་དེ། དེ་ཡང་རང་གི་ཚེ་འདིའི་ཕྱིར་དྲན་གྱི་ངམ་ཁ་མཐུག་པའི་གླེགས་བམ་ཆུང་ཆུང་ཞིག་ཀྱང་ཡིན་ལ། གཏམ་རྒྱུད་དེ་དག་རང་གི་སེམས་སུ་ཉར་ནས་འཇོག་པ་ལས་གླེང་དགོས་པའི་ངེས་པ་མི་འདུག་པས། རེ་ཞིག་ཟུར་དུ་བསྐྱུར་འཇོག་ཨང་།
ངའི་ལག་ཏུ«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་འདི་ཐོན་དུས། ཤི་གསོན་གྱི་དབྱེ་བ་མི་འཁོར་བའི་དུས་ཤིག་ཏུ་ཏག་ཏག་འཁེལ་ཡོད་ལ། ངས་ཕངས་སེམས་དང་བྲེལ་འཚུབ་ཀྱི་ངང་ནས་རང་གི་ཟུངས་ཁྲག་ཡོད་ཚད་འདི་རུ་བཀོལ་བའི་དམ་བཅའ་དེ་ཡང་དེ་ནས་བྱུང་བ་ཡིན། ངས་ཀྱང«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་འདི་ཉིད་རང་གི་བུ་ཆུང་ནང་བཞིན་ལུས་སེམས་གཉིས་ཀས་གཉོར་ནས་བསྐྱངས་ཡོང་ཞིང་། དུས་དེབ་ཀྱི་འཕེལ་རྒྱས་ལས་རང་གི་འཚོ་འཚིས་མ་བསམ་པའི་དུས་སྐབས་ཤིག་ཀྱང་ཏག་ཏག་བྱུང་མྱོང་བ་རང་སེམས་ཁོ་ནས་རྟོགས་ཐུབ་པ་ཞིག་གོ།
དེང་སྐབས་གཞུང་སྒེར་གཉིས་ཀྱིས་གཉེར་བའི་དུས་དེབ་དང་ལོ་དེབ་མང་པོ་ཞིག་ཡོད་ནའང་། དུས་དེབ་ཀྱི་འདོན་སྤེལ་ནི་ཁབ་ས་འོག་ཏུ་འཛུལ་བ་ལྟ་བུའི་གྲགས་འགུལ་ཅི་ཡང་མེད་པའི་དུས་དེབ་ཀྱང་མང་པོ་ཡོད་པ་ཀུན་ལ་གསལ་ཆ་ཡོད་པ་བཞིན། ཁ་ཕྱོགས་དང་སྒེར་ཚུགས་ཀྱི་ཆ་ཡོངས་སུ་བོར་བའི་དུས་དེབ་ཀྱང་མང་པོ་འདུག་པས། བོད་ཀྱི་དེང་རབས་རྩོམ་རིག་གི་ཞིང་ས་ཞིག་ཏུ་འགྱུར་བར་རེ་བ་མེ་སྟག་ཙམ་ཡང་ཡོད་མི་སྲིད་ལ། ལྷག་ཏུ་བོད་ཀྱི་དུས་དེབ་ཁག་གི་མདུན་ལམ་དང་མཁའ་དབུགས་ལ་གནོད་པ་ཆེ་ཆེར་ཡོད། གཞན་དུས་དེབ་གཞན་ལ་ལད་ཟློས་ཁོ་ནས་འགན་འཁུར་རྫོགས་ཐུབ་བྱེད་པ་དེ་དག་གིས་བོད་ཀྱི་ན་གཞོན་རྩོམ་པ་པོ་གསོ་སྐྱོང་དང་སྐྱེད་བསྲིང་གི་འགན་དེ་ཡང་ཐོན་མི་ཐུབ་པས། ངས་དེ་དག་གི་ཉེན་ཁ་ལ་གཡོལ་ཆེད་དུ«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་འདི་ཉིད་རང་རྐྱ་འཕེར་བའི་ལམ་ཁ་ཞིག་ཏུ་མི་འཁྲིད་རང་འཁྲིད་རེད་ཨང་།
དུས་དེབ་ཅིག་ལ་མཚོན་ན་རྩོམ་སྒྲིག་པའི་དཔུང་སྡེ་བརྟན་པོ་ཞིག་དགོས་ནའང་། རང་ཉིད་གཅིག་པུས་རང་ནུས་ཅི་ཡོད་དང་བསམ་བློ་མང་པོ་བཏང་ནས་རྩོམ་སྒྲིག་བྱས་པ་ལས། དཔའ་ཞུམ་སེམས་ཕམ་གྱི་མགོ་བོ་ནམ་ཡང་སྒུར་འདོད་མ་བྱུང་། ལྷག་ཏུ་དུས་དེབ་ཀྱི་མ་འོངས་པའི་འཕེལ་རྒྱས་དང་བོད་ཀྱི་དེང་རབས་རྩོམ་རིག་གི་ལས་དབང་སེམས་སུ་བཟུང་ནས་རྣམ་དག་གི་ཞབས་ཞུ་ཞིག་སྒྲུབ་ཅི་ཐུབ་ལ་ཤིན་ཏུ་འབད། ཡིན་ནའང་། རྩོམ་སྒྲིག་བྱེད་སྐབས་རྩོམ་གྱི་གདམས་གསེས་སྐབས་སུ་དཀའ་ཁག་དང་མགོ་རྨོངས་པའི་ཆ་དེ་བྱུང་ལ། རྩོམ་རིག་གི་བློ་སྦྱོང་དང་བྱ་བའི་ཉམས་མྱོང་མེད་པའི་དབང་གིས་ནོར་འཁྲུལ་དང་གོ་ནོར་ཐེབས་པའང་གྲངས་མེད། སྒེར་གྱི་ཆགས་སྡང་གི་ར་བ་ལས་ཡོངས་སུ་བརྒལ་ནས་རྩོམ་གྱི་སྤུས་ཚད་ལ་ལྟ་བའི་བླང་བྱ་དེ་དང་པོ་བཞག་ཡོད་ཅིང་། རྩོམ་གྱི་བཟང་ངན་དང་ཡག་བཙོག་ནི་མི་གཅིག་གི་ཁ་ཚོན་ཆོད་དུ་མེད་པ་ཞིག་ཡིན་པ་ཀུན་ལ་གསལ། ཡིན་ནའང་དུས་དེབ་ཅིག་ལ་རྩོམ་སྒྲིག་པ་གཅིག་ལས་མེད་པའི་ལས་དབང་དེས། མཚམས་མཚམས་སུ་མི་གཅིག་གི་མཐོང་སྣེ་ཁོ་ན་སྤྱད་པའང་ཡོད་པས། མིག་གི་ཟུར་དང་ལག་པའི་གཡས་གཡོན་ནས་རྩོམ་ཡིག་ཡག་པོ་མ་མཐོང་མ་རིག་པར་ལྷག་ཡོད་པའང་བྱུང་ཡོད་ངེས། ཡིན་ནའང་ངས་ནམ་ཡང་དུས་དེབ་ཀྱི་ཁ་ཕྱོགས་དང་བོད་ཀྱི་དེང་རབས་རྩོམ་རིག་གི་ཟུར་ཁ་དེར་དམིགས་ཏེ་རྩོམ་ཡིག་བདམས་གསེས་དང་རྩོམ་སྒྲིག་བྱས་པ་ཡིན། དེ་ནི་མི་གཅིག་གིས་དུས་དེབ་གཅིག་རྩོམ་སྒྲིག་བྱེད་པའི་དཀའ་ཁག་ཀྱང་རེད་བསམ་མོ།
རང་གིས་དུས་དེབ་འདི་ཡི་མ་འོངས་པའི་འཕེལ་རྒྱས་དང་མདུན་ལམ་གྱི་ཆེད་དུ། ཐོག་མར་དུས་དེབ་ཀྱི་རྐང་འཛིན་རྩོམ་པ་པོ་ཞིག་གསོ་སྐྱོང་གི་ཆ་དེར་ཤིན་ཏུ་དམིགས་པ་ཡིན་ལ། རྩོམ་གྱི་ཡོང་ཁུངས་ལ་འདང་རྒྱག་མེད་པ་ཞིག་ཏུ་ཅིས་ཀྱང་གཏོང་དགོས་པ་ནི་རྩོམ་སྒྲིག་པ་ཡི་འགན་འཁྲི་དང་པོ་ཡིན་པར་སེམས། དེས་སྟབས་ཀྱིས་དུས་དེབ་ཁྱབ་བསྒྲགས་ནི་ཤིན་ཏུ་གལ་ཆེ་བོ་ཞིག་ཏུ་མཐོང་ཞིང་། དེ་དག་གཅིག་ཏུ་བསྡུས་ནས་དུས་དེབ་ཡག་པོ་གཉེར་ཏེ་ཀློག་པ་པོ་དག་ལ་བག་ཆགས་ཡག་པོ་ཞིག་འཇོག་རྒྱུ་ནི་དེ་དག་ལས་ཀྱང་གལ་ཆེ་བོ་ཞིག་ཏུ་ཆགས་ཡོད། རྐང་འཛིན་རྩོམ་པ་པོ་དང་རྩོམ་གྱི་ཡོང་ཁུངས་གྲལ་དག་ཅིག་ཡོད་ཚེ། ཀློག་པ་པོ་གྲངས་མེད་ཅིག་ཀྱང་ཞར་དང་ཞོར་ལ་ཡོང་སྲིད་པས། ལས་ཀ་སྔ་མ་གཉིས་ནི་ཤིན་ཏུ་གལ་ཆེ་བོ་ཞིག་ཡིན། དེ་ཡི་དབང་གིས་གཞན་ལ་རྩོམ་སྐུལ་བྱ་རྒྱུ་དེ་ཡང་ཤིན་ཏུ་དགོས་པ་ཞིག་ཡིན། རྩོམ་སྒྲིག་ཁང་དང་རྩོམ་པ་པོའི་བར་དུ་གསེར་གྱི་ཟམ་པ་ཞིག་བསྐྲུན་རྒྱུ་ནི་རྩོམ་སྒྲིག་པ་ཡི་འགན་འཁྲི་ཡིན་པས། ང་ཚོའི་རྩོམ་སྒྲིག་ཁང་གིས་ཐོག་མ་ནས་རྩོམ་པ་པོ་མང་པོར་རྩོམ་སྐུལ་བྱས་ལ། ཁོང་གི་ལྷག་བསམ་དང་མིག་རྒྱང་ལས་ང་ཚོར་བརྩམས་ཆོས་ཀྱི་ལེགས་སྐྱེས་ཀྱང་གྱ་ནོམ་པ་བསྟབས་མྱོང་བ་རྩོམ་སྒྲིག་པ་ཞིག་གི་ངོས་ནས་ནམ་ཡང་བརྗེད་དུ་མེད་དོ།
གཅིག་ནས་རྩོམ་སྐུལ་ནི་སྨྱུ་གུ་ཐང་ལ་འཇོག་ལ་ཉེ་བའི་རྩོམ་པ་པོ་ཚོར་ལྷག་བསམ་གྱི་དྲན་སྐུལ་ཞིག་ཡིན་ལ། གཉིས་ནས་དཔུང་བ་མཉམ་གཤིབ་ཀྱི་བོད་ཀྱི་རྩོམ་པ་པོ་ཚོར་སྐུལ་སློང་ཐེངས་གཅིག་བྱས་པ་ཡིན་པས། རྩོམ་མཁན་མང་པོ་ཞིག་གིས་ནམ་ཡང་ཕྱིར་ལ་བརྩམས་ཆོས་དང་མཉམ་དུ་བཀའ་དྲིན་གྱི་ཁ་ཚིག་ཀྱང་གནང་ཡོང་ངོ་།
«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་ནི་རྫོང་རིམ་པའི་དུས་དེབ་ཅིག་གི་ངོས་ནས་རང་ཁ་གསོས་ནས་རང་ལམ་རྙེད་པའི་གྲས་སུ་གཏོགས་འདུག་ཅེས་མི་ཆེན་མཁས་ཆེན་དག་གིས་དངོས་སུ་གསུངས་ལ། ཁུལ་དང་ཞིང་ཆེན་རིམ་པའི་དུས་དེབ་ཁ་ཤས་ལས་རིང་དུ་འགོངས་འདུག་ཅེས་བསྟོད་པའི་ཁ་གཡང་དང་གསུང་གི་བདུད་བརྩི་བབས་མྱོང་བ་དེས། རྩོམ་སྒྲིག་ཁང་ཁ་ཤས་ཤིག་ལ་ཕོག་ཐུག་ཀྱང་བཟོས་པར་ཟེར་རོ།
དུས་དེབ་སྤྱི་ཡི་ཇུས་འགོད་ནས་ནང་གི་རྩོམ་ཡིག་འགོད་སྟངས། ལེ་ཚན་བགར་སྟངས་ནས་དཀར་ཆག་འཇོག་ལུགས་བཅས་ལ་རང་ལུགས་ཀྱི་ཁ་ཕྱོགས་ཤིག་གསལ་བོར་ཆགས་ཡོད་པ་དེ་ལ། རྩོམ་སྒྲིག་ཁང་མང་པོ་ཞིག་ནས་ལད་ཟློས་དང་མིག་དཔེར་བཟུང་ནས་བསྒྲིགས་པའི་དུས་དེབ་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་ཞིང་། རང་ལུགས་བོར་ནས་གཞན་ལུགས་འཚོ་བའི་དུས་དེབ་མང་པོ་ཞིག་གི་མིག་གི་དབང་བོ་འཕྲོག་པའང་བསྙོན་དུ་མེད་པའི་གནས་སུ་ཡོད་དོ།
མི་མང་པོ་ཞིག་གིས་སྐད་འཕྲིན་སོགས་བརྒྱུད་དེ«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་ནི་ང་རང་ཆེས་དགའ་ཤོས་ཀྱི་དུས་དེབ་གཅིག་པུ་ཡིན་ཞེས་བཤད་ལ། དཔེ་སྒྲིག་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་མཁས་ཆེན་མང་པོ་ཞིག་གིས་ཀྱང་དུས་དེབ་འདི་ཡི་ཕྱི་ཡི་ཇུས་འགོད་ནས་ནང་གི་འགོད་ལུགས་ཧ་ཅང་ཡག་གོ་ཞེས་གསུང་གི་བདུད་བརྩི་མང་པོ་འབབ་མྱོང་བ་དེས་མཚམས་མཚམས་སུ་རྩོམ་སྒྲིག་པ་ལ་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་གནང་མི་ཡོང་ངམ།
དུས་དེབ་འདོན་ཐེངས་གཅིག་ལ་རྩོམ་ཡིག་སྟོང་ཕྲག་གཅིག་ལྷག་འབྱོར་བའི་སྐབས་སུ་དགའ་སྣང་དང་གནོན་ཤུགས་གཉིས་འགོག་མེད་དུ་ཡོང་ཞིང་། རྩོམ་གྱི་ཡོང་ཁུངས་ལ་དཀའ་ངལ་མེད་པ་དེ་ནི་རྩོམ་སྒྲིག་པ་ཞིག་ལ་མཚོན་ན་བདེ་སྐྱིད་ཅིག་ཅི་ལ་མིན་ཨང་།
གོང་གི་བླ་སྤྲུལ་དཔོན་པོ་ནས་སྨད་ཀྱི་ལུག་རྫི་རྒན་པོའི་བར་གྱི་རྩོམ་པ་པོ་དག་གི་བརྩམས་ཆོས«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»ཞེས་པའི་དུས་དེབ་འདི་ཡི་རྩོམ་རིག་གི་ཞིང་སར་བཏབ་མྱོང་ལ། དགེ་བའི་བཤེས་གཉེན་གྱི་ཕྱག་རྩོམ་ནས་གྲགས་ཅན་སྙན་ངག་པའི་ལྗགས་རྩོམ་སོགས་གཅིག་ཀྱང་མ་ལུས་པར«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»ཞེས་པའི་རྩོམ་རིག་ཞིང་ས་ནས་ཀློག་པ་པོ་ཁྲི་ཕྲག་ལ་བསམ་བློའི་རྒྱགས་ཕྱེ་རུ་བསྩལ་མྱོང་། འདི་ནི་དུས་དེབ་ཅིག་གི་རྩོམ་སྒྲིག་པའི་འགན་འཁྲི་མ་རེད་དམ།
ནམ་ཡང་ཁྱོད་ཚོའི་དུས་དེབ་ཏུ་རྩོམ་ཡིག་ཅིག་གི་རྒྱབ་སྐྱོར་གནང་ཡོད་ཅེས་སྐད་འཇོག་མཁན་དེ་དག་ཀྱང་ད་ལྟ་བསམ་ན་བཀའ་དྲིན་ཆེ་བ་དག་མ་རེད་དམ། ཁོང་ཚོ་དང་ཁོང་ཚོ་ལྟ་བུའི་ན་གཞོན་མང་པོ་ཞིག་གི་རྒྱབ་སྐྱོར་ལས«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་ཅེས་ཁྲ་ཡག་མིག་གིས་ལྟ་ས་ཞིག་ཡོད་པ་མིན་ནམ།
དེབ་ཆུང་ཞིག་ཏུ་ལོངས་པའི་རྩོམ་ཡིག་མང་པོ་བསྐུར་མཁན་གྱི་འབད་བརྩོན་ཆེ་བའི་ན་གཞོན་དེ་དག་ལ་ཡིད་སྨོན་ཤོར་བའི་གནས་སུ་མི་འདུག་གམ། ཁོང་ཚོ་དང་ཁོང་ཚོ་ལྟ་བུའི་ན་གཞོན་མང་པོ་ཞིག་ཡོད་པ་དེས་བོད་ཀྱི་དེང་རབས་རྩོམ་རིག་གི་མ་འོངས་པའི་མདུན་ལྗོངས་རྒྱ་ཆེ་ཞིང་བཀྲ་ཤིས་པ་ཞིག་ཏུ་ཆགས་པར་གྲ་སྒྲིག་མི་འདུག་གམ།
འདྲ་འདྲའི་ནང་མི་འདྲ་བ་ཞིག་རེད་ཨང་ཞེས་སྙིང་ཕུར་དང་གདེང་འཇོག་གནང་མཁན་གྱི་ཀློག་པ་པོ་དེ་དག་གི་མིག་རྒྱང་དང་ལྷག་བསམ་གྱི་རང་མདངས་དེ་མཐོང་མི་ཡོང་ངམ། ཁོང་ཚོ་དང་ཁོང་ཚོ་ལྟ་བུའི་ན་གཞོན་མང་པོ་ཞིག་ཡོད་པ་དེས«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་ཀྱི་ཀློག་པ་པོའི་ཁྱུ་ཚོགས་དེ་སྐར་ཚོགས་བཞིན་ཁྲ་ལམ་ལེར་ཤར་འདུག་པ་གཟི་བརྗིད་ཅིག་མ་རེད་དམ།
མདོར་ན«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་འདི་ཉིད་ཀྱི་འདས་པའི་ལོ་ཟླ་དང་འགྲོགས་པའི་རྩོམ་པ་པོ་དང་ཀློག་པ་པོ་དག་ནི་ད་ལྟའི«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»འདི་ཉིད་ཀྱི་སྡོངས་གྲོགས་ངོ་མ་དེ་ཡིན། དེ་བས«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་འདི་ལ་རྒྱབ་སྐྱོར་གནང་མཁན་གྱི་རྩོམ་པ་པོ་དག་ལ་གུས་པས་ཡང་དང་བསྐྱར་དུ་བཀའ་དྲིན་སྙིང་ནས་ལན་བརྒྱར་ཞུའོ།
ད་ནི་ང་ཡང«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་རྩོམ་སྒྲིག་ཁང་དང་གྱེས་ནས་ཟླ་ངོ་གཅིག་ལོན་པའི་དུས་ཚོད་འདིར། བསམ་གཞིག་སྣ་ཚོགས་ཀྱི་ཀློང་ནས་གཉིད་ཡེ་ནས་ཁུགས་མ་སོང་། དེ་ནི་རང་གིས་ལོ་ངོ་དགུ་ལ་གཉོར་བའི་བྱིས་པ་ཞིག་དང་འདྲ་བའི་དུས་དེབ་འདི་དང་ཁ་གྱེས་པས་རེད།
རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་འདི་དང་ཁ་གྱེས་དགོས་པ་ནི་བློས་མི་ཐོངས་པ་ཞིག་དང་། སེམས་མི་སྐྱིད་པ་ཞིག་གི་ཚོར་འདུའི་ཀློང་ནས་ཡོངས་སུ་ཁ་གྱེས་པ་ཡིན། དེ་དང་མཉམ་དུ་སེམས་ཁྲལ་གྱི་ཕུང་བོ་ཞིག་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོང་། དུས་དེབ་ཀྱི་མ་འོངས་པའི་འཕེལ་ལམ་དང་ཁ་ཕྱོགས་ག་འདྲ་ཞིག་ཏུ་འགྱུར་བར་ཕལ་ཆེར་བློ་ཡིས་དཔོག་པ་དེས། ལྷག་ཏུ་འདང་རྒྱག་དང་བསམ་གཞིག་མང་པོ་ཞིག་གིས་ཡང་དང་བསྐྱར་དུ་གཙེས་ཡོང་།
ལོ་ངོ་དགུ་ལ་ཤ་འདྲེས་པགས་འདྲེས་བྱས་ནས་ཡོང་སྟངས་དེ་ཕྱིར་དྲན་ཞིག་བྱས་ཚེ། མིག་གི་གོང་བུར་མཆི་མའི་བུ་ལོན་འཁོར་ཡོང་བ་ཞིག་རེད། དེ་ནི་ལོབས་དྲགས་པས་མ་ཡིན་མོད་འགན་འཁྲི་ཞིག་ཏུ་བརྩིས་དྲགས་པས་རེད་སྙམ།
ལོ་ངོ་དགུ་ལ་བདེ་མོ་བཞག་ཚར་བའི་ཉིན་མོ་འདི་དག་ལ། མཚམས་མཚམས་སུ་སྔར་བཞིན་ཁྱེད་ཀྱི་པང་ཁུག་དྲོན་མོར་ལོག་སྙིང་འདོད་པ་ཞིག་རེད་ཨང་།
2022/8/30ཉིན་གནས་ཚང་གཡར་མའི་མེ་ཏོག་ཕོ་བྲང་ནས་སྨྱུག་ཐོགས་པ་བྲག་རྡོ་འབོད་པས་སྐྱོ་གདུང་གིས་སྦྱར།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།