བོད་ཀྱི་དུས་དེབ་དང་ལོ་དེབ་ཐད་ཀྱི་སེམས་གཏམ།

གཟུངས་བྷ།(རྨ་ལྷོ་སོག་རྫོང) 琼迈文学网 2024-05-17

  ད་ཆ་བོད་ཀྱི་དུས་དེབ་དང་ལོ་དེབ་དག་གིས་སྔར་བཞིན་བོད་སྐད་ཡིག་ལམ་ནས་རྩོམ་འབྲི་བཞིན་པའི་རྩོམ་པོ་པོ་དང་།བོད་སྐད་ཡིག་ལམ་ནས་དཔེ་ཀློག་བྱེད་བཞིན་པའི་ཀློག་པ་པོ་མང་བོ་ཞིག་གི་དགོས་མཁོ་སྐོང་དང་སྐོང་མུས་ཡིན་པ་ནི་ཁ་མིན་སེམས་ནས་བཀའ་དྲིན་ཞུ་འདོད་པ་ཞིག་རེད། དེ་བས་རྩོམ་རིག་སྒྱུ་རྩལ་ལ་ཁ་ཞེ་གཉིས་མེད་ཀྱིས་འབད་པ་ལྷུར་ལེན་བྱེད་བཞིན་པའི་གུས་པ་ངས་ཐོག་མར་ལྷག་བསམ་དག་པའི་སྒོ་ནས། སྦྲང་ཆར། ཟླ་ཟེར། མི་རིགས་ཀྱི་རྩོམ་རིག གངས་རྒྱན་མེ་ཏོག གངས་དཀར་རི་བོ། བོད་ཀྱི་རྩོམ་རིག་སྒྱུ་རྩལ། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། རྨུ་ཐག་དཀར་པོའི་ལོ་དེབ། གཟའ་རུའི་གླེང་སྟེགས། ཡུམ་ཆེན་ལོ་དེབ། མང་ཆུ་དུས་དེབ། ཡུལ་ཤུལ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ། ནང་ཆེན་ལོ་དེབ། ཁམས་པའི་རྩོམ་རིག་སྒྱུ་རྩལ། ཀླུ་ཆབ་སྔོན་མོའི་ལོ་དེབ། ཁྲི་ཤོར་རྒྱལ་མོའི་ལོ་དེབ། སེམས་ཀྱི་ཉི་ཟླ། ཁུག་རྟ།རི ་བོ་ཉི་ཟླ། ཤྭ་སྐྱ་དུས་དེབ་བཅས་བོད་ཁུལ་གྱི་དུས་དེབ་དང་ལོ་དེབ་ཁག་གི་རྩོམ་སྒྲིག་པ་དང་ལས་བཟོ་བ་ཡོངས་ལ་བཀའ་དྲིན་ཆེ་ཞུས་པ་ལགས། འདི་ནི་ཁྱེད་དུས་དེབ་དང་ལོ་དེབ་དག་གི་བྱས་པ་བྱེད་མཁན་དག་ལ་ཕུལ་བའིི་ཐོག་མའི་བསམ་འདུན་ཡིན། གཤམ་ནས་དུས་དེབ་དང་ལོ་དེབ་དག་ལ་ཞུ་བྱའི་སེམས་གཏམ་འགའ་བརྗོད་པར་བྱ།

  བསམ་ཞིང་བསམས་ན། ཁ་སང་དེ་རིང་བོད་སྐད་ཡིག་ལམ་ནས་བོད་རྩོམ་འབྲི་བའི་རྩོམ་པ་པོའི་དཔུང་ཁག་གི་རྒྱ་ཇེ་ཆེ་རེད་སྙམ་པ་ཞིག་རེད། དེ་བཞིན་དུ་དུས་དེབ་དང་ལོ་དེབ་དག་ཏུ་ལོ་རེ་རེར་གསར་དུ་བརྩམས་པའི་རྩོམ་གསར་ཇི་སྙེད་ཅིག་བྱུང་དང་འབྱུང་མུས་ཡིན་པ་ནི་དགའ་འོས་པ་ཞིག་ལོས་ཡིན། འོན་ཀྱང་། རྩོམ་པ་པོའི་དཔུང་ཁག་གམ་རྩོམ་པ་པོའི་ཁ་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས་རྩོམ་གསར་བ་ཡང་གང་མང་ཞིག་བལྟམས་ཀྱང་། རྩོམ་གྱི་རྒྱུ་སྤུས་དང་རྩོམ་གྱི་ཆུ་ཚད་ཇེ་བཟང་ཇེ་ལེགས་སུ་འགྲོ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་ལོ་རེ་རེའི་དུས་དེབ་དང་ལོ་དེབ་དག་ཏུ་འགོད་དང་དགོད་མུས་ཡིན་པའི་རྩོམ་མང་བོ་ཞིག་གི་སྒྱུ་རྩལ་རིན་ཐང་དེ་ལ་དངོས་ནས་སེམས་ཚེགས་སྐྱེས་འོངས་བ་ཞིག་རེད། བརྩམས་སྒྲུང་ངམ་སྒྲུང་གཏམ་དག་ཨ་མ་དྲེད་མོང་དང་རི་བོང་ཁ་ཤོ་ལྟ་བུའི་གནའ་གཏམ་མམ་གནའ་བཤད་སྟབས་བདེ་བོ་ཞིག་བཤད་པ་བཞིན་དུ་བྲིས་པ་མང་ལ། སྙན་ངག་ཡིན་ཞེས་གྲོང་ཚིག་རྐྱང་རྐྱང་གིས་ཚིག་གི་ཚོགས་པ་ཙམ་སྤུངས་མཁན་ཡོད་འདུག་པ་མ་ཟད། ལྷུག་རྩོམ་ནི་འབོལ་རྩོམ་བཞིན་དུ་ཚིག་སྦྱོར་དམ་པོས་མ་བཅིངས་པར་བརྩམས་པ་ཡང་ཤིན་ཏུ་མང་བོ་འདུག

  གོང་དུ་བྲིས་ཟིན་པ་ལྟར་བོད་རྩོམ་གྱི་གནས་བབས་ནི་དུས་རབས་གསར་བའི་འགྲོས་དང་བསྟུན་ཏེ་ཡར་རྒྱས་སུ་འགྲོ་མ་ཐུབ་པར། རྩོམ་པ་པོ་དང་རྩོམ་གྱི་གྲངས་ཚད་ཇེ་མང་དུ་སོང་བ་ཙམ་ལས།རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་ལ་ཟིན་ཐོ་གསར་བ་བསྐྲུན་ནུས་པའི་བརྩམས་ཆོས་རྣལ་མ་འབྱུང་ཐུབ་ཀྱིན་མེད་པ་ནི་རྩོམ་པོ་པོ་རྣམས་ཀྱི་རང་སྟེང་གི་རྒྱུ་རྐྱེན་ཞིག་ཡིན་པས་མི་ཚད། བོད་ཀྱི་དུས་དེབ་དང་ལོ་དེབ་དག་གི་རྒྱབ་ལོགས་སུ་ཕྱག་ལས་གནང་བཞིན་པའི་ལས་བཟོ་བ་དག་ལ་ཡང་རག་ལས་པ་ཞིག་གང་ནས་མིན།དུས་དེབ་དང་ལོ་དེབ་གང་ཞིག་ཡིན་ན་ཡང་རྩོམ་པ་པོ་དག་གིས་སྤྲོད་བསྐུར་བྱས་པའི་རྩོམ་ཡིག་དག་ལ་བསལ་འདེམ་གནད་དུ་ཐིངས་པ་ཞིག་བྱེད་དགོས་པ་མ་ཟད།བསལ་འདེམས་བྱུང་ཟིན་པའི་བརྩམས་ཆོས་དག་ལ་རྩོམ་ཡོན་ནི་ངེས་པར་དུ་སྟེར་དགོས་པ་ཞིག་རེད་བསམ། རྒྱུ་མཚན་ཅིའི་ཕྱིར་ཟེར་ན་ནི། རྩོམ་པ་པོ་རྣམས་ཀྱི་རྩོམ་ཡིག་ལ་བསལ་འདེམ་དཔྱིས་ཕྱིན་པ་ཞིག་བྱེད་མ་ཐུབ་པར།ཧ་ལམ་སྤྲོད་བསྐུར་བྱས་ཟིན་པའི་རྩོམ་ཡོད་དོ་ཅོག་དུས་དེབ་དང་ལོ་དེབ་དག་ཏུ་དགོད་པ་ཡིན་ན། དུས་དེབ་དང་ལོ་དེབ་གང་དེའི་རྩོམ་རིག་གི་རྒྱུ་སྤུས་ཆུ་ཚད་ཞན་དུ་བུད་འགྲོ་ལ།དེ་དང་མཉམ་དུ་ཀློག་པ་པོ་དག་གི་དགོས་མཁོ་སྐོང་མི་ཐུབ་པ་མ་ཟད། ཀློག་པ་པོ་དག་གིས་དུས་དེབ་དང་ལོ་དེབ་དེ་ལ་བཟུང་བའི་རྣམ་འགྱུར་ཡང་ཇི་ལྟ་བུ་ཞིག་ཏུ་འགྱུར་བར་རིགས་འདེད་ཅུང་ཙམ་བྱས་པས་རྟོགས་ཡོང་བ་ཞིག་མ་རེད་དམ། དེ་ནས་བསལ་འདེམས་བྱུང་ཟིན་པའི་རྩོམ་པ་པོ་དག་གི་བརྩམས་ཆོས་ལ་རྩོམ་ཡོན་སྟེར་དོན་ནི་རྩོམ་པ་པོ་རེ་བ་ཅན་དེ་དག་གིས་མུ་མཐུད་ནས་རྩོམ་རིག་སྒྱུ་རྩལ་ལ་འབད་པ་ལྷུར་ལེན་བྱེད་པར་དཔལ་འབྱོར་སྟེང་གི་སྐུལ་ལྕག་ལྷད་མེད་པ་ཞིག་བཏང་བ་ཡིན་ལ། རྩོམ་རིག་ལ་དགའ་ཞིང་རྩོམ་རིག་ཕྱོགས་ཀྱི་ལས་དང་པོ་བ་དེ་དག་ལ་མཚོན་ན།ད་རེབ་དུས་དེབ་དང་ལོ་དེབ་དག་ཏུ་རང་ཉིད་ཀྱི་རྩོམ་གང་ཞིག་བསལ་འདེམས་མ་བྱུང་ཡང་། ཐེངས་རྗེས་མར་རང་ཉིད་དགའ་སའི་དུས་དེབ་དང་ལོ་དེབ་དག་ཏུ་རང་ཉིད་ཀྱི་རྩོམ་རེ་དགོད་ཐུབ་མིན་ལ་སྔར་ལས་ཀྱང་བརྩོན་པ་བསྐྱེད་དགོས་པར་གསལ་འདེབས་བྱས་པ་ཞིག་ཨེ་རེད་ལགས།

  མདོར་ན་སྤྲོད་བསྐུར་བྱས་པའི་རྩོམ་ཡིག་དག་ལ་བསལ་འདེམ་གནད་ལ་ཁེལ་བ་ཞིག་བྱེད་པ་དང་།བསལ་འདེམས་བྱས་ཚར་ནས་ཕར་དུས་དེབ་དང་ལོ་དེབ་དག་ཏུ་བཀོད་ཟིན་པའི་བརྩམས་ཆོས་དག་གི་རྩོམ་པ་པོ་རྣམས་ལ་རྩོམ་ཡོན་འོས་འཚམ་རེ་འཕྲོད་དུ་འཇུག་རྒྱུ་ནི། གུས་པས་བོད་ཀྱི་དུས་དེབ་དང་ལོ་དེབ་ཐད་ཀྱི་སེམས་གཏམ་ཐུང་ངུ་ཞིག་ཡིན་པས། བོད་ཀྱི་དུས་དེབ་དང་ལོ་དེབ་དག་གི་དར་རྒུད་ལ་དོ་སྣང་ཡོད་པའི་རྩོམ་སྒྲིག་པ་དང་ལས་བཟོ་བ། རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ཀྱིས་ཐུགས་བསམ་རེ་བཞེས་པའི་རེ་བ་ཆེ། མ་གཏོགས་རྩོམ་ཞིག་ཡིན་ཡིན་ཐམས་ཅད་དུས་དེབ་དང་ལོ་དེབ་དག་ཏུ་དགོད་ཐུབ་ན། ནམ་ཞིག་རྩོམ་པ་པོ་མང་བོ་ཞིག་གིས་རྩོམ་རིག་གི་ལམ་ཁ་ནི་འབད་མེད་ལྷུན་གྲུབ་ཡོང་བའི་ལས་ཀ་ཞིག་ཏུ་མི་བསམ་པའི་ངེས་པ་ཡོད་དམ། ཡང་ངེས་དོན་གྱི་རྩོམ་པ་པོ་གང་ཞིག་གི་རྩོམ་ཡིག་དུས་དེབ་དང་ལོ་དེབ་དག་ཏུ་བཀོད་ཀྱང་དེ་ལ་དེར་བསྟུན་གྱི་རྩོམ་ཡོན་འོས་འཚམ་ཞིག་མེད་ན། རྩོམ་པ་པོ་དེས་མུ་ནས་རྩོམ་རིག་ལ་འབད་པ་བྱེད་པའི་སྲིད་ཕྱོད་ཆེའམ་ཆུང་ངམ། དེ་བས་འདི་ནི་བོད་ཀྱི་དུས་དེབ་དང་ལོ་དེབ་དག་ཡུན་རིང་བོར་འཕེལ་རྒྱས་དང་ལྡན་པའི་ངང་ནས་མུ་མཐུད་དུ་གཉེར་ཐུབ་མིན་གྱི་འགག་རྩ་གལ་ཆེན་ཞིག་རེད་ཟེར་ཐུབ།

  དུས་དེབ་དང་ལོ་དེབ་རེ་ལ་རྩོམ་སྒྲིག་པ་དང་ལས་བཟོ་བ་མང་བོ་ཞིག་ཡོད་པ་ནི །དུས་དེབ་དང་ལོ་དེབ་དེ་ཉིད་ཡག་པོ་ཞིག་འཁྱོངས་བར་མི་མང་པོས་སེམས་ཤུགས་དང་ལུས་ཤུགས།ད་དུང་རྒྱུ་ཤུགས་ཕུལ་མིན་ལ་ཐུག་འདུག་པ་མཚོན་པ་མ་ཡིན་ནམ། དེས་ན་རྩོམ་པ་པོ་དག་གིས་སྤྲོད་བསྐུར་བྱས་པའི་རྩོམ་ཡིག་རེ་རེ་ལ་བསལ་འདེམ་ཞིབ་ཆ་དོད་པ་རེ་བྱོས་དང་། དེས་དུས་དེབ་དང་ལོ་དེབ་དག་གི་རྒྱུ་སྤུས་དང་རིན་ཐང་ཇེ་བཟང་ཇེ་ལེགས་སུ་འགྲོ་བར་ཕན་སྙམ། ད་ལྟ་ཡིད་ཕངས་པ་ཞིག་ལ་སྤྱི་ཚོགས་ཤིག་གི་མགྲིན་ཚབ་པ་ལྟ་བུའི་རྩོམ་པ་པོ་རྣམས་སྤྱི་ཡོངས་ནས་དཔལ་འབྱོར་གྱི་ཐད་ནས་དབུལ་བོ་ཏག་ཏག་ཡིན་པ་འདྲ།ཡིན་ན་ཡང་རྩོམ་ཡོན་ལ་བརྟེན་ནས་རྩོམ་པ་པོ་གང་ཞིག་ཕྱུག་པོར་ཆགས་མི་ཐུབ་པ་ཁ་ཚོན་གཅོད་ཐུབ་པ་འདྲ་ཡང་། རྩོམ་པ་པོ་ཞེས་པའི་མིང་བྱང་སྐམ་པོ་ཞིག་གི་ཆེད་དུ་རྩོམ་རིག་ལ་ཕྱོགས་པ་མ་ཡིན་པར། རྩོམ་རིག་ཅེས་པའི་སྒྱུ་རྩལ་དེའི་བསླུ་བྲིད་ཀྱི་དབང་གིས་རྩོམ་རིག་ལ་འབད་པ་ཆེས་ཆེར་བྱས་ཀྱང་། ཐ་ན་སེམས་འདུན་ཙམ་མཚོན་པའི་རྩོམ་ཡོན་ཞིག་ཀྱང་སྟེར་མི་ནུས་ན། ཁྱེད་དུས་དེབ་དང་ལོ་དེབ་དག་གི་ལས་བཟོ་བ་རྣམས་ཀྱང་རང་གིས་རང་ལ་ངོ་གནོངས་བ་ཞིག་མ་རེད་དམ། དྲང་མོར་བཤད་ན། ཆབ་དཔལ་རིག་གསུམ་ནི་ཕན་ཚུན་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད། དེའི་རྐྱེན་གྱིས་མཚམས་རེར་རིག་གནས་ཀྱི་ཁོངས་གཏོགས་ཏེ་རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རྒྱས་ལ། དཔལ་འབྱོར་གྱི་ཁོངས་གཏོགས་ཏེ་སྒོར་མོ་ཡི་སྐུལ་འདེད་ཀྱང་ལོས་མཁོ་སྙམ་སོང་ངོ་།།

                                                                                    སྤྱི་ལོ་2023ལོར་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བོད་ཀྱི་དུས་དེབ་དང་ལོ་དེབ་ཐད་ཀྱི་སེམས་གཏམ།

2024-05-17 གཟུངས་བྷ།(རྨ་ལྷོ་སོག་རྫོང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།