སྙན་ངག་གི་སྟོབས་ཤུགས།
--དབང་ཕྱུག་ཚེ་བརྟན་གྱི་སྙན་དེབ་བོད་ཡིག་ཏུ་བསྒྱུར་རྗེས་ཀྱི་གཏམ།
2019ལོའི་ཟླ་5ཚེས་13ཉིན། ངའི་ལག་ཏུ་སྐུ་ཞབས་དབང་ཕྱུག་ཚེ་བརྟན་གྱི་སྙན་ངག་ཕྱོགས་བསྒྲིགས་ཀྱི་དེབ་འདི་ཐོག་མར་འབྱོར་ཞིང་། དེ་ནས་2022ལོའི་ཟླ་3ཚེས་20ཉིན་བར་ཕལ་ཆེར་ལོ་ཙཱ་དང་ཞུ་དག་གི་ལས་ཀ་ཡོངས་སུ་མཇུག་བསྒྲིལ་བ་ཡིན། རྩོམ་སྒྲིག་པས་ང་ལ་གལ་ཏེ་སྙན་ངག་གི་ལོ་ཙཱའི་བརྒྱུད་རིམ་ཁྲོད་ཐུན་མོང་མ་ཡིན་པའི་བསམ་ཚུལ་འདྲ་བྱུང་ཡོད་ཚེ། འགྱུར་དེབ་ཀྱི་མཇུག་བྱང་དུ་སྤེལ་ན་ཀློག་མཁན་འགུགས་པའི་དགེ་མཚན་ཆེན་པོ་ཐོན་ཡོང་ངེས་རེད་ཅེས་རིན་ཐང་བྲལ་བའི་དགོངས་འཆར་བསྩལ་བྱུང་། ཡིན་ན་ཡང་། བདག་ལ་མཚོན་ན། རྩོམ་གྱི་གཞུང་ལུགས་དང་ཉམས་མྱོང་གིས་ཀུན་ནས་ཕོངས་པས་ཀློག་མཁན་འགུགས་པའི་ཞུ་མཆིད་ཀྱི་རྩོམ་འགོ་ཡག་པོ་ཞིག་འཛིན་རྒྱུ་ཡང་ལག་རྡུམ་བྲག་ལ་འཛེག་པ་ལྟར་ལས་སླ་མོ་ཞིག་ཡེ་ནས་མ་ཡིན། གང་ལྟར། ལོ་ངོ་གསུམ་ཙམ་དུ་ཆད་མ་མཐུད་ཀྱིས་ལོ་ཙཱ་བྱས་པའི་བརྒྱུད་རིམ་དེ་ནི་རིམས་ནད་ཀྱི་འཕར་ཆག་དང་བསྡོངས་ཏེ་རིམ་གྱིས་མཇུག་རྫོགས་ཤིང་། རྩོམ་པ་པོའི་སྙན་ངག་གི་བསམ་བློའི་སྟོབས་ཤུགས་ཀྱིས་ང་ལ་དུས་གཏན་དུ་ཉམས་པ་མེད་པའི་སྙིང་སྟོབས་ཁྱད་པར་བ་ཞིག་བསྟབས་པ་རེད།
མདོ་དབུས་མཐོ་སྒང་དུ་སྐྱེས་ཤིང་གྲོང་ཁྱེར་ཆེན་མོར་འཚོ་གཞེས་གནང་བའི་བོད་ཀྱི་སྙན་ངག་པ་དབང་ཕྱུག་ཚེ་བརྟན་ལ་ཆ་མཚོན་ནས་བཤད་ན། ཁོང་གི་རྒྱ་ཡིག་གི་ལམ་ནས་སྤེལ་བའི་སྙན་ངག་ནི་རང་ཉིད་ཀྱི་མི་ཚེའི་འགྲུལ་བཞུད་དང་འདྲ་བར་རི་ཀླུང་དང་། གྲོང་ཁྱེར། རྒྱ་མཚོ། མཐོ་སྒང་བཅས་ཀྱི་འཕྲེད་གཞུང་གཉིས་སུ་ཟུག་ཡོད་པ་དང་། སྙན་ངག་གི་འཚོ་བའི་གཏིང་རིམ་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་སྟུག་ཅིང་། མཚན་ཉིད་རིག་པའི་རང་བཞིན་དང་ཡིད་བརྙན་གྱིས་ཀུན་ནས་ཕྱུག་པར་མ་ཟད། རྒྱའི་སྙན་ངག་གི་མཛེས་དཔྱོད་ཀྱི་རྟོག་པ་ཡང་ཤིན་ཏུ་མཚར་ཆེ་བས་ཀློག་མཁན་མང་པོ་ཞིག་གི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་ཕྲོགས་ནས་འདུག །ཁོང་གི་སྙན་ངག་《བདེ་ཐང་གི་ས་སྲོས་》དང་། 《འཇིག་རྟེན་གནས་ལུགས་ནས་བདེན་དོན་ལ་གཞོལ་བའི་རྒྱ་སྟག་ངར་མོ།》 《གུང་ཐང་ཚང་ལ་མཇལ་བ།》 《ཆང་རྐྱལ།》 《མེ་ཏོག》 《མཐའ་མའི་འཚོ་བ།》 《སྡོང་རྒན་》སོགས་ཀྱི་ཁྲོད་དུ་སྙན་ངག་པའི་ནང་སེམས་ཀྱི་འཇིག་རྟེན་ཇི་བཞིན་མཚོན་འདུག་པ་དང་། ཚིག་སྦྱོར་དག་ཅིང་ངོས་གཙང་བས་ཀློག་མཁན་ཀུན་གྱིས་དཀའ་ཚེགས་དང་སྒྲིབ་པ་མེད་པར་སྙན་ངག་གི་སྐད་ཆའི་བརྩེ་སེམས་ཐིམ་པའི་སྒྱུ་རྩལ་གྱི་བགོ་སྐལ་ཕུན་སུམ་ཚོགས་པ་ལོངས་སུ་སྤྱོད་ཐུབ་པ་རེད། དེ་ཡང་། ཁ་ཅིག་གིས་དཔྱད་གཏམ་སྤེལ་སྐབས་སྐུ་ཞབས་དབང་ཕྱུག་ཚེ་བརྟན་གྱི་ཆེས་ཕུལ་དུ་བྱུང་བའི་སྙན་རྩོམ་ཁ་ཤས་ནང་ཚེ་སྲོག་གི་འདུ་ཤེས་དང་། དུས་རབས་ཀྱི་རང་བཞིན། འཇིག་རྟེན་གྱི་ཚོར་འདུ་བཅས་ཀྱི་ནང་གནས་འབྲེལ་བ་དག་ཁྱད་དུ་མཚར་བའི་ཉམས་མྱོང་གིས་མཚམས་སྦྱར་ཏེ་སྙན་ངག་གི་ཞིང་ཁམས་ཧྲིལ་བོ་ཞིག་བསྐྲུན་པར་མཛད་འདུག་ཅེས་བརྗོད་མྱོང་བ་ལྟར། ཁོང་གི་སྙན་ཚིག་ཅིག་ཏུ་“ཆེས་དྲག་ཤུལ་ལྡན་པའི་ཚིག་སྦྱོར་གྱིས། གཞན་དག་ལྔ་བའི་ལམ་དུ་སྦྱོར་བར་བྱེད་ཅིང་། ཆེས་གནད་དུ་ཐིངས་པའི་ཐ་སྙད་ཀྱིས། སྨྲ་བསམ་བརྗོད་འདས་ཀྱི་དོན་ཐམས་ཅད་ཕལ་ཆེར་མཚོན་པར་བྱེད་ནུས། སྐྱ་མི་དང་འདོ་བའི་འགྲུལ་བཞུད་ཁྲོད། སྲབ་སྐྱོགས་ཀྱི་ཁ་ལོའི་སྒྱུར་རྩལ་དེས། བགྲོད་ལམ་གྱི་ཚུར་སྣེ་དང་ཕར་སྣེ་གཉིས་གཞི་གཅིག་ཏུ་སྦྲེལ་ཐུབ། ཀྱེ། ཐ་སྙད་ཀྱི་སྟོབས་ཤུགས་ནི། དེའི་ཉེར་སྤྱོད་དང་བཀོལ་སྤྱོད་མཁན་གྱིས་གནང་བའི་དོན་སྙིང་ལས་བྱུང་།” ཞེས་གསུངས་པ་དེས་སྙན་ངག་པ་འབོར་ཆེན་ཞིག་གིས་མི་ཚེ་ཧྲིལ་པོར་ཐ་སྙད་དོན་དུ་གཉེར་བའི་བདེན་ལུགས་གླེང་ཡོད་ཅིང་། ཁོང་གི་སྙན་ངག་དེས་སྙན་ངག་པ་རྣལ་མ་དང་ཀློག་པ་པོ་རྣལ་མའི་ཐུན་མོང་གི་འཚོལ་སྙེག་སྟེ། ཐ་སྙད་ཀྱི་སྟོབས་ཤུགས་ནི་དེའི་ཉེར་སྤྱོད་དང་བཀོལ་སྤྱོད་མཁན་གྱིས་གནང་བའི་དོན་སྙིང་ལས་བྱུང་བ་བདེན་པར་བསྒྲུབས་ཡོད། དེར་བརྟེན། དབང་ཕྱུག་ཚེ་བརྟན་གྱི་རྒྱ་ཡིག་གི་སྙན་ངག་ལ་ལོ་ཙཱའི་རིན་ཐང་ལྡན་པ་ནི་སྨྲ་མི་དགོས་པ་ཞིག་རེད།
སྙན་ངག་པ་གྲགས་ཅན་ཏན་ཐི་ཨ་ལི་ཌེར་གྱིས་གསུངས་དོན། སྙན་ངག་ནི་ལོ་ཙཱ་བྱས་ཆོག་པ་ཞིག་མིན་ཏེ། གལ་སྲིད་སྐད་རིགས་གཞན་ཞིག་ཏུ་ལོ་ཙཱ་གནང་ཚེ་མ་རྩོམ་གྱི་མཐུན་ཆ་དང་མཛེས་པ་དེ་ཡལ་བར་འགྱུར་ངེས་རེད་ཟེར་བ་དང་། དབྱི་ཐ་ལིའི་མཚན་ཉིད་རིག་པ་མཁས་ཅན་བྷེ་ནེ་ཌེ་ཁྲོ་ཁོལ་གྱིས་ཀྱང་དེ་སྔོན་སྙན་ངག་ནི་ལོ་ཙཱ་བྱེད་ཐབས་མེད་པ་ཞིག་རེད་ཅེས་གསུངས་མྱོང་ཞིང་། དེ་བཞིན་དུ་ཨ་རིའི་སྙན་ངག་པ་རོ་བྷེད་ཧྥོ་རོ་ཚིས་སྙན་ངག་ནི་ལོ་ཙཱའི་ཁྲོད་ནས་བོར་བརླགས་བྱུང་བའི་དངོས་པོ་ཞིག་རེད་ཅེས་གསུངས་ཡོད་པ་རེད། སྐད་ཆ་འདི་དག་ནི་སྙན་ངག་ལོ་ཙཱར་མི་རུང་བའི་མཁས་པའི་ལེགས་བཤད་དུ་མཐོང་མོད། འོན་ཀྱང་། ངའི་བསམ་པར་སྙན་ངག་ལོ་ཙཱ་བྱེད་མི་རུང་བར་བསྙད་པ་དེས་མདོར་དྲིལ་ན་སྙན་ངག་ནི་ལོ་ཙཱ་བྱེད་རྒྱུ་ལས་སླ་པོ་མིན་པའམ་ལོ་ཙཱ་ཤིན་ཏུ་བྱེད་མི་བདེ་བའི་དཀའ་ཁག་རང་བཞིན་བསྟན་པ་ལས་སྙན་ངག་ནི་ལོ་ཙཱའི་ཁྱབ་ཁོངས་སུ་བསྡུ་མི་རུང་བ་ཞིག་ག་ལ་ཡིན། སྐད་ཡིག་གི་ལོ་ཙཱའི་དམིགས་ཡུལ་ནི་སྐད་ཡིག་མི་འདྲ་བའི་དབར་གྱི་བསམ་བློ་བརྗེ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞིང་། བརྒྱ་ལ་སྙན་ངག་གི་ལོ་ཙཱས་མ་ཡིག་ལ་གོད་ཆག་ཚབས་ཆེན་བསྐྱེད་པར་འགྱུར་ནའང་རིག་གནས་བརྒྱུད་སྤེལ་གྱི་ངོས་ནས་བཤད་ན་དེ་ནི་དགོས་ངེས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་སྣང་།
སྙན་ངག་གི་ལོ་ཙཱའི་དོན་སྙིང་ནི་ཕུལ་བྱུང་གི་སྙན་ངག་བརྩམས་ཆོས་དེ་སྔར་བས་རྒྱ་ཆེ་ཞིང་རྒྱང་རིང་བའི་རིག་གནས་ཀྱི་ཁོར་ཡུག་ཅིག་ཏུ་བསྐྱལ་རྒྱུ་དེ་རེད། རྒྱ་ཡིག་གི་ལམ་ནས་གསར་རྩོམ་བྱེད་པའི་དེང་རབས་བོད་ཀྱི་གྲགས་ཅན་སྙན་ངག་པ་ནི་ཧ་ཅང་མང་སྟེ། དཔེར་ན། བོད་ལྗོངས་སུ་འཇམ་དབྱངས་ཤེས་རབ་དང་པདྨ་དབྱངས་ཅན་སོགས་ཡོད་པ་དང་། ཀན་སུའུ་རུ་རྟ་མགྲིན་མགོན་པོ་དང་། ཡི་དམ་ཚེ་རིང་། མགོན་པོ་བཀྲ་ཤིས། ཚེ་དབང་ནོར་བུ། དབང་ཕྱུག་ཚེ་བརྟན། བསོད་ནམས་དབང་རྒྱལ། བཀྲ་ཤིས་ཚེ་རིང་། དགའ་བདེ་ཚེ་རིང་སོགས་མཆིས་ལ། མཚོ་སྔོན་དུ་སྐལ་བཟང་རྡོ་རྗེ་དང་། བསོད་བྷོ། པད་གོ། མེ་སྒྲོན། ངག་དབང་དབང་གྲགས། བདེ་ཆེན་དཔག་མེད་སོགས་དང་། སི་ཁྲོན་དུ་ཨ་ལའེ་དང་། ལེགས་སྨོན་ཕུན་ཚོགས། བསམ་གཏན། མོན་བཟའ། པད་མ་ཆོས་སྒྲོན་བཅས་དང་། ཡུན་ནན་དུ་དགྲ་ལྷ་རྡོ་རྗེ་དང་། རབ་རྒྱས་པ་སངས། ཨ་བུ་བསོད་ནམས། བཀྲ་ཤིས་ཉི་མ་སོགས་ཡོད། ང་ཚོས་ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་དེ་དག་བོད་ཡིག་ཏུ་ལོ་ཙཱ་ཅི་ཐུབ་བྱེད་དགོས་ཏེ། དེ་ལྟར་བྱས་ཚེ་ཕུལ་བྱུང་བརྩམས་ཆོས་དེ་དག་གི་ཀློག་མཁན་མང་དུ་གཏོང་ཐུབ་པ་དང་དུས་མཚུངས་སུ་ཕ་སྐད་རྩོམ་པ་པོར་སྐུལ་འདེད་དང་བློ་སྒོ་འབྱེད་པའི་ནུས་པ་ཡང་འདོན་ཐུབ། བོད་ཀྱི་ཕ་སྐད་རྩོམ་རིག་གི་རྩོམ་པ་པོའི་དཔུང་སྡེ་དང་ཀློག་པ་པོའི་ཁྲོད་དུ་སྣང་ཚུལ་ཞིག་ཡོད་པ་ནི། ཕ་སྐད་གྱི་ལམ་ནས་བརྩམས་པ་མིན་པའི་རྩོམ་རིག་བརྩམས་ཆོས་དག་རིས་སུ་བོར་ཏེ་མཐོང་ཆུང་གི་ཡུལ་དུ་འཛིན་པ་དེ་རེད། བག་ཆགས་ངན་པ་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་བརྩམས་ཆོས་དེ་དག་ནམ་ཡང་གྲལ་ཟུར་དུ་ཕུད་དེ་དང་ལེན་མི་བྱེད་པས་བོད་ཀྱི་རྩོམ་རིག་གི་སྤྱིའི་འཕེལ་རྒྱས་ལ་མ་བསམ་ས་ནས་གེགས་ཆེན་པོ་ཐེབས་ཀྱི་ཡོད་པ་རེད། ངས་ད་ལྟ་བཀྲ་ཤིས་ཚེ་རིང་གི་སྙན་ངག་ཕྱོགས་བསྒྲིགས་《བསང་སྟོད་གྲོང་རྡལ་》དང་པདྨ་ཆོས་སྒྲོན་གྱི་སྙན་ངག་ཕྱོགས་བསྒྲིགས་《རང་ཉིད་དང་མཇལ་ཚུལ་》ཞེས་པ་གཉིས་བོད་ཡིག་ཏུ་ལོ་ཙཱ་བྱེད་བཞིན་ཡོད་ཅིང་། དམིགས་ཡུལ་ནི་རང་ཉིད་ཀྱི་ལོ་ཙཱའི་ནུས་པ་ཕྲ་མོ་འདིས་བག་ཆགས་གྱོང་པོ་དེ་དག་དྲུངས་ནས་འབྱིན་པར་ནུས་པ་ཅུང་ཟད་ཕུལ་ཏེ་ཀུན་ལ་རིག་གནས་གཞན་ཞིག་གི་སྒོ་གླེགས་ཕྱེས་ནས་སྙན་ངག་གི་འཇིག་རྟེན་གསར་བར་བཀྲིས་ཤིང་བཅར་བར་བྱས་ཏེ། ལྟ་ཞིབ་དང་རོལ་མྱོང་། བསམ་གཞིག་སོགས་ཀྱི་ཁྲོད་ནས་ལེགས་ཆ་བསྡུ་ལེན་བྱེད་པ་དང་དཔྱད་གཞི་འགངས་ཆེན་དག་འཚོལ་ཐབས་བྱེད་པ་ལས་སྔོན་གོམས་བག་ཆགས་རྙིང་པ་བསྐྱར་གསོན་བྱེད་དུ་འཇུག་རྩིས་གཏན་ནས་མིན་པ་དེའོ། །
རང་ཉིད་ཀྱི་ཆུ་ཚད་ཞན་པ་དང་། ཡིག་སྒྱུར་གྱི་ཉམས་མྱོང་མི་འདང་བ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས། ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་ནོར་འཁྲུལ་དང་གོ་ལོག་མང་པོ་ཐོན་ངེས་ཤིང་། ལྷག་པར་དུ་སྙན་ངག་ཡིག་སྒྱུར་བྱ་རྒྱུ་ནི་དཀའ་ངལ་ཧ་ཅང་ཆེ་བ་དང་ཡིད་ཁམས་ཀྱང་བསྒྱུར་ཐབས་བྲལ་བ་ཞིག་རེད། མི་སྒེར་རང་སྣང་གི་འགྲེལ་བཤད་མི་བསྲེས་པའི་ཆེད་ཐད་བསྒྱུར་མང་པོ་མི་སྤྱོད་ཀ་མེད་བྱུང་། མ་ཡིག་གི་མཛེས་པ་དང་བོད་ཡིག་གི་སྙན་ཚིག་གི་སྡེབ་སྦྱོར་ལ་གནོད་འཚེ་ཕོག་སྲིད་མོད། འོན་ཀྱང་ཨུ་ཚུགས་ཀྱིས་སྐྱེས་པའི་སྙན་ངག་གི་རྣམ་པ་སོར་འཇོག་བྱས་ཡོད།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།