རི་བོ་རྩེ་ལྔར་ཕྱིན་པའི་རེག་ཟིག་ཉུང་བསྡུས།
ངེད་ཆོས་གྲོགས་སྐོར་ཞིག་གིས་སློབ་གླིང་གི་དབྱར་གསེང་གི་ཉིན་དང་བསྟུན་ནས་མཉམ་དུ་རི་བོ་རྩེ་ལྔར་གནས་བསྐོར་འགྲོ་རྒྱུ་གྲོས་མོལ་བྱས། དེའི་སྔོན་དུ་གནས་ཡིག་དག་ལ་དཔེ་ཀློག་དང་ཉེར་མཁོའི་དངོས་པོ་དག་གང་འཚམ་རེ་གྲ་སྒྲིག་ལེགས་པོར་བྱས་པ་ཡིན། གནས་ཡིག་དག་ཏུ། སོམ་ཉི་དང་ལོག་ལྟས་ལྷད་པའི་སྐྱེ་བོ་རྣམས་ལ་འཇལ་དཔལ་སེམས་དཔའ་དངོས་སུ་བྱོན་ཀྱང་སྐལ་བ་མེད། དད་འདུན་གཙང་མའི་རླུང་ལ་བསྐྱོན་ཏེ་རྒྱང་རིང་ནས་ཡོང་བའི་གནས་མཇལ་པ་དག་ལ་གནས་ངེས་མེད་དང་དུས་ངེས་མེད་དུ་ཤེས་རབ་ཀྱི་སྤྱན་མིག་མངའ་བའི་ལྷ་མཆོག་འཇལ་དཔལ་སེམས་དཔས་ཞལ་གཟིགས་གནང་བར་གསུངས་ཏེ།
ལྕང་སྐྱ་རོལ་པའི་རྡོ་རྗེས། དད་དམ་ཚིག་ལྡན་པའི་གདུལ་བྱ་ལ།།
དེ་ཀུན་ཀྱང་ལ་ལར་དྲང་སྲོང་ཚུལ།།
སྐབས་གཞན་དུ་བྱིས་པ་ཕོ་མོ་དང་།།
རྒྱའི་བཙུན་པ་སྨུག་ཆས་འཛིན་པ་དང་།།
ཉམ་ཐག་པའི་སློང་མོའི་ཚུལ་གྱིས་རྒྱུ།།
བྱ་རི་དྭགས་ལ་སོགས་སེམས་ཡོད་དང་།།
སྨན་མེ་ཏོག་རྩི་ཤིང་ནཱགས་ཚལ་སོགས།།
བརྟན་གཡོ་བའི་དངོས་པོ་ཅིར་ཡང་བརྫུ། །
ལས་སྒྲིབ་པ་མཐུག་པའི་ལོག་ལྟ་ཅན།།
བློ་ཡིད་གཉིས་ཅན་གྱི་རྟོག་གེ་བ།།
རང་མཐོན་པོའི་དྲེགས་པས་མྱོས་རྣམས་ཀྱིས་།།
མངོན་སུམ་དུ་གྱུར་ཀྱང་ངོ་མི་ཤེས། ། ཞེས་ཀྱང་གསུངས་སོ།། དེ་ལྟར་གནས་ཡིག་གཞན་དག་ཏུ་མང་དུ་གསུངས་ཀྱང་ཀློག་པ་པོར་བཀླག་བདེ་ཕྱིར་འདིར་བཤུ་འབྲི་མ་བྱས། རྩྭ་འཇག་ཀྱིས་གང་ལྕོགས་ཟིལ་བ་ཞེས་པའི་དཔེ་ལྟར་རང་གིས་ཀྱང་ཅི་ནུས་ཀྱིས་སོམ་ཉི་དང་རྟོག་གེའི་དཔྱད་པ་དག་མཆིལ་མའི་ཐལ་བ་བཞིན་དུ་དོར་བའི་ཚུལ་གྱིས་ལམ་དུ་འཇུག་པའི་ཉེར་སྡོགས་རྩོམ་པ་ཡིན་ནོ།། འཁྲི་ཏུ་ནས་ཐད་ཡོན་ལ་གནམ་འགྲུལ་བསྡད། ཐད་ཡོན་ནས་རི་བོ་རྩེ་ལྔའི་བར་སྤྱི་སྤྱོད་རླུང་འཁོར་དུ་བསྡད་ནས་སོང་བ་ཡིན། རི་བོ་རྩེ་ལྔར་བསླེབས་དུས་རྒྱང་རིང་གི་རི་ཚོགས་དག་གིས་མུན་པའི་གོན་པ་རིམ་བཞིན་བཀླུབས་བཞིན་འདུག ངེད་ཚོས་ཀྱང་ཁ་ཟས་རེ་ཟོས་ནས་གནས་མལ་འཚོལ་ཏེ་ཞག་བསྡད་བྱས་པ་ཡིན། རི་བོ་རྩེ་ལྔའི་གནམ་གཤིས་ནི་མཐོ་སྒང་གི་མི་ལ་ཧ་ཅང་འཚམ་པོ་ཞིག་རེད། དབྱར་གཞུང་གི་དུས་ཀྱང་། བསིལ་ཞིང་འཇམ་ལ་སིམ་པར་བྱེད་པའི་རླུང་བུ་དལ་བུར་ལྡང་ཞིང་། ལུས་ལ་བདེ་ཉམས་ཞིག་འགོག་མེད་དུ་སྟེར། རི་བོ་རྩེ་ལྔ་ལ་དྭངས་བསིལ་རི་བོ་ཞེས་པའི་མཚན་གྱི་ཅོད་པན་གསོལ་བར་བཤད། ཡིན་ཡང་། རི་བོ་རྩེ་ལྔ་ལ་དྭངས་བསིལ་རི་བོ་ཞེས་པའི་མཚན་གྱི་ཅོད་པན་ནི་གནམ་གཤིས་གྲང་བ་ཙམ་གྱིས་མིན་པར། འཇམ་དཔལ་བཞུགས་ཁྲིའམ་དྭངས་བསིལ་རྡོ་ཞེས་པ་དེ་ཀླུ་རྒྱལ་གྱིས་འཇམ་དཔལ་ལ་ཕུལ་བ་ཡིན་ནོ།། དྭངས་བསིལ་རི་བོ་ཞེས་པའི་མིང་ཡང་དེ་ལ་འབྲེལ་བ་ཨེ་ཡོད་སྙམ། ཞོགས་པའི་ཉི་འོད་དང་མཉམ་དུ་སངས་རྒྱས་རིང་བསྲེགས་མཆོད་རྟེན་དཀར་པོའི་མདུན་དུ་འབྱོར།སྔོ་ཞིང་སངས་བའི་ནམ་མཁར། སྤྲིན་པ་ཕྱིང་པ་བརྒྱང་འདྲ་ཕྱོགས་ཕྱོགས་སུ་འཐེན་ཞིང་། གསེར་གྱི་རྣ་གདུག་ལྟ་བུའི་ཉི་མའི་དཀྱིལ་འཁོར་ཡང་ཤིང་ལོ་འདྲ་བའི་སྤྲིན་པས་ཕྱེད་ཙམ་སྒྲིབ། འདི་ནི་ངལ་བ་ལ་མ་གཟིགས་པའི་གནས་མཇལ་བ་དག་ལ་ཆེད་དུ་ཉི་མའི་ཚ་གདུག་གཡོགས་པ་ཞིག་དང་སྒོ་ཀུན་ནས་འདྲ། ཉི་འོད་ཀྱི་ཕྲེང་བ་དག་ཤིང་ལྗོན་པའི་ལོ་འདབ་བསེབ་ནས་ཚུབ་ཚུབ་དུ་འཁྱུག་ཅིང་། འདབ་ཆགས་རྣམས་ཀྱི་གྲེ་བའི་གླིང་བུའི་སྐད་སྙན་བར་མེད་དུ་སྒྲོག རང་བྱུང་གི་དྲི་ཞིམ་དང་དད་ལྡན་རྣམས་ཀྱིས་ལག་ཏུ་ཐོགས་པའི་སྤོས་ངན་གྱི་དྲི་བསུང་རྣམས་དུས་གཅིག་ཏུ་དྲི་འཛིན་སྣ་བའི་སྦུ་གར་འཆེད། མི་ཚོགས་ཀྱི་འཚང་ཁ་རྒོད་ཅིང་། དད་ལྡན་རྣམས་ཀྱིས་སྤོས་ཐུར་རེ་ལག་ཏུ་ཐོགས་ཏེ་ཕུ་གཙུགས་ཏུ་རང་གི་འདོད་པ་ལྟར་གསོལ་འདེབས་དང་སྨོན་ལམ་འདེབས་བཞིན་འདུག སྤྱིར་རི་བོ་རྩེ་ལྔ་ཞེས་པའི་དོན་ནི། རི་རྩ་བ་གཅིག་ལ་རྩེ་མོ་ལྔ་ཡོད་པ་ལ་རི་བོ་རྩེ་ལྔ་ཞེས་འབོད་བཞིན་འདུག དེ་ཡང་། ཤར་རི་འཇམ་དཔལ་རལ་གྲི་རྣོན་པོའི་གནས་རི་དང་། ལྷོ་རི་འཇམ་དཔལ་ཡེ་ཤེས་སེམས་དཔའི་གནས་རི་དང་། ནུབ་རི་འཇམ་དཔལ་སྨྲ་བའི་སེང་གེའི་གནས་རི། དབུས་རི་འཇམ་དཔལ་གཞོན་ནུ་གྱུར་པའི་གནས་རི། བྱང་རི་འཇམ་དཔལ་དྲི་མ་མེད་པའི་གནས་རི་ཡིན་པར་གསུངས། གནས་མཆོག་འདི་རྡོ་རྗེ་བཀའ་ལུང་གིས་ཟིན་ཚུལ་དང་། སྔོན་བྱོན་དམ་པ་རྣམས་ཀྱི་འགྲོ་བའི་དོན་མཛད་ཚུལ་སོགས་གནས་ཡིག་དག་ཏུ་ཞིབ་ཏུ་བྲིས་འདུག་ཅིང་། འདིར་ཡིག་ཚོགས་ཀྱི་ངལ་བ་སྤོང་བར་བྱས་པ་ཡིན་ནོ།།
གནས་འདིའི་མཚོན་བྱེད་ལྟ་བུ་གྱུར་པའི་མཆོད་རྟེན་དཀར་པོ་དང་། དེའི་ཕྱོགས་སུ་གཙོ་བོ་གོང་མ་ཐང་ཐར་ཙོང་གི་བཀའ་བཞིན་རྒྱ་གར་དུ་བཞུགས་པའི་སངས་རྒྱས་ཀྱི་ཞབས་རྗེས་ལ་དཔེ་གཅད་དེ་བྲིས་པའི་ཞབས་རྗེས་བྱིན་ཅན་དང་། སྐུ་རྟེན་སོགས་ཧ་ཅང་མང་དུ་མཇལ་རྒྱུ་འདུག དེའི་འཁྲིས་སུ་འཇམ་དབྱངས་དབུ་སྐྲའི་མཆོད་རྟེན་བཞུགས། འདིའི་ལོ་རྒྱུས་རྒྱས་པ་གནས་ཡིག་སོགས་སུ་གསལ། འཇམ་དབྱངས་གསུང་འབྱོན་ལྷ་ཁང་དང་།བྱང་ཕྱོགས་སྔོན་གྱི་ལུང་པའི་ནང་པོའོ་ཧཱ་སི་ཞེས་པའི་དགོན་པའི་ནང་མེ་མཛད་རྒྱལ་ཡུམ་མཆོད་རྟེན་སོགས་དང་། དེའི་བྱང་ཕྱོགས་སྔོན་གྱི་བྱང་སེམས་སྤོ་བོའི་ལམ་ཁར་ཤན་ཐོང་སི་ཞེས་པའི་དགོན་པ་དེ་བཞུགས་ཞིང་། འདི་ནི་ཆེས་སྔ་ཤོས་ཀྱི་རྒྱ་ནག་གི་དགོན་པ་ཡིན་པར་བཤད། དེའི་བྱང་ཕྱོགས་བྱ་རྒོད་ཕུང་པོའི་རི་འམ་བྱང་སེམས་སྤོ་བོ་དགོན་པ་དང་།ངོ་མཚར་བའི་སེང་གེ་ལྕེ་མེད། འཇམ་དབྱངས་མདའ་ཁུར་མའི་སྐུ་དང་། ཐུབ་བསྟན་གསལ་བའི་གླིང་སོགས་དགོན་པ་མང་དུ་མཇལ་རྒྱུ་འདུག འདི་དག་ལ་གཏམ་རྒྱུད་ངོ་མཚར་བ་ཐོས་འཛིན་རྣ་བའི་བཅུད་དུ་གྱུར་པ་མང་དུ་འདུག་མོད། མང་ཤོས་མཁན་པོ་བསོད་ནམས་དར་རྒྱས་ཀྱིས་མཛད་པའི་གནས་ཡིག་ཏུ་གསལ་བ་དང་། དེའི་ནང་མེད་པ་རྣམས་ལ་གནས་ཡིག་གཞན་དག་ཏུ་ཡང་གསལ་བས་འདིར་མ་བྲིས་སོ།། མཆོད་རྟེན་དཀར་པོའི་ཤར་ཕྱོགས་སུ་འཇམ་དཔལ་རིགས་ལྔའི་ལྷ་ཁང་དང་། ནོར་བཟང་ཕུག་པ། ཁྲི་གནས་གླིང་། དུར་ཁྲོད་བསིལ་སྦྱིན་སོགས་མཇལ་རྒྱུ་འདུག འཇམ་དཔལ་རིགས་ལྔའི་ལྷ་ཁང་དུ་འཇམ་དཔལ་རིགས་ལྔའི་བྱིན་རླབས་ཐབས་ཅད་གཅིག་ཏུ་འདུས་པས་དེར་མཇལ་སར་སོང་ན་རི་བོ་རྩེ་ལྔར་སོང་བའི་ཕན་ཡོན་ཆེ་བར་གསུངས། དེའི་དགོན་འོག་ཏུ་ནོར་བཟང་ཕུག་པ་འདུག དེར་གཞོན་ནུ་ནོར་བཟང་གིས་འཇམ་དབྱངས་ཞལ་གཟིགས་པ་དང་། ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུས་འཇམ་དབྱངས་ཞལ་གཟིགས་མཛད་སའི་སྒྲུབ་ཕུག་ཁྱད་པར་བ་ཡིན་འདུག རྒྱལ་སྲས་འཕགས་པ་ཁྲི་གླིང་ནི་འཇམ་དཔལ་རིགས་ལྔའི་ལྷ་ཁང་གི་གཡས་ཕྱོགས་ཀྱི་རི་ངོགས་ན་ཡོད་ཅེས་མཁན་པོ་བསོད་ནམས་དར་རྒྱས་ཀྱི་གནས་ཡིག་ཏུ་བྲིས་འདུག ངེད་ཚོས་དེ་ལྟར་དགོན་པའི་གཡས་ནས་ལུང་ཤུར་ཚུར་ངོགས་སུ་ལྗོན་ཤིང་ལ་དར་སྣ་འདྲ་མིན་བཏགས་ཤིང་། རྡོའི་གཞུགས་ཁྲི་ཡོད་པ་དེ་ཆོས་རྗེ་མཆོག་གི་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་སྐུར་ས་ཡིན་པར་འཁྲུལ་ནས་དེའི་མདུན་དུ་གསོལ་འདེབས་དང་སྨོན་ལམ་གང་འཚམ་རེ་བཏབ་པ་ཡིན་མོད། དུར་ཁྲོད་བསིལ་སྦྱིན་དུ་བསླེབས་སྐབས་སྒར་གྱི་ཆོས་གྲོགས་སྐོར་ཞིག་དང་འཕྲད་ཅིང་། ཁོང་ཚོས་ཁྱེད་ཚོ་རྒྱལ་སྲས་འཕགས་པ་ཁྲི་གླིང་མཇལ་སར་སོང་ངམ། དུར་ཁྲོད་བསིལ་བའི་ཚལ་གྱི་གཡོན་ཕྱོགས་རི་སྒང་དེའི་ལམ་དེ་བརྒྱུད་ནས་འགྲོ་དགོས་སམ་ཞེས་དྲིས་གནང་མཛད་བྱུང་།
ངས་ཤེས་མདོག་བསྟན་ཏེ། མ་རེད་འཇམ་དཔལ་རིགས་ལྔའི་ལྷ་ཁང་གཡས་ཕྱོགས་སུ་རེད་ཅེས་བཤད་པ་ཡིན། ཁོ་ཚོའི་ལག་ཏུ་སྔར་ཆོས་རྗེ་གང་དུ་ཕེབས་སའི་གནས་རི་དང་སྒྲུབ་ཕུག་གི་ས་ཁྲ་ཞིག་བཟུང་འདུག དགོན་པའི་གཡོན་ཕྱོགས་སུ་བཀོད་འདུག ངེད་ཚོ་ཡང་བློ་མ་བདེ་ནས་རི་མགོ་དེར་འགོས་པ་ཡིན། རྒྱལ་སྲས་འཕགས་པ་ཁྲི་གླིང་ནི་དུར་ཁྲོད་བསིལ་སྦྱིན་གྱི་ལུང་ཤུར་དེའི་གཡོན་ཕྱོགས་ཀྱི་རི་འབུར་དེའི་སྟེང་འདུག དེ་རུ་སྒར་ནས་ཕེབས་པའི་མཆེད་གྲོགས་ཀྱང་མང་དུ་ཕེབས་འདུག རི་བོ་རྩེ་ལྔར་བོད་ཀྱི་སྐྱེ་ཆེན་དུ་མ་ཕེབས་མྱོང་བར་མ་ཟད་དེ་དག་གི་སྒྲུབ་ཕུག་དང་མཆོད་རྟེན་རྩ་ཆེན་མང་དུ་ཡོད་མོད། ད་སྐབས་སྒྲུབ་ཕུག་དང་། མཆོད་རྟེན་སོགས་མང་ཤོས་ལ་བདག་གཉེར་མེད་པས་རིམ་བཞིན་བྱེ་མའི་ཁང་བུ་བཞིན་དུ་འཐོར་ཞིག་ཏུ་འགྲོ་བཞིན་པ་དང་། གནས་མཇལ་དད་ལྡན་མང་ཤོས་ཀྱིས་ཡོད་མེད་ཙམ་ཡང་མི་ཤེས་པའི་ཚོད་དུ་ལྷུང་འདུག་གོ། ལྷག་པར་དུ་སྐྱེས་ཆེན་དམ་པ་ཆོས་རྗེ་བླ་མ་སོགས་ཀྱི་སྒྲུབ་ཕུག་ལ་ལ་སྒོ་གཏན་པ་དང་། ཁོང་གིས་བཞེངས་པའི་སྐུ་རྟེན་སོགས་ཀྱང་མིག་གི་མཐོང་ཟིན་དུ་མེད་པར་གྱུར་འདུག འདི་ནི་ཤིན་ཏུ་ཡིད་འཕངས་པ་ཞིག་རེད། སྤྲུལ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚོས་མཛད་པའི་ཆོས་རྗེ་བླ་མའི་རྣམ་ཐར་རྒྱས་པ་ལས་ཀྱང་། འདིར་ལྟར་གསུངས་ཏེ། སྔ་ཕྱིར་ཆོས་ཀྱི་རྗེ་ཉིད་ཀྱི་བདག་རྐྱེན་ལས་རི་བོ་རྩེ་ལྔའི་དགོན་པ་མང་པོ་ ཞིག་གི་ནང་ཨོ་རྒྱན་ཆེན་པོ་དང་། བི་མ་ལ། ཇོ་བོ་རྗེ། རྗེ་ཙོང་ཁ་པ། འཇམ་པའི་ དབྱངས། རྡོ་རྗེ་སེམས་དཔའ་སོགས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི་སྐུ་ཆེ་ཆུང་བརྒྱ་ཕྲག་ལ་ཉེ་བ་བཞེངས་ཤིང་། རྟེན་དེ་རྣམས་ཀྱི་གཟུངས་གཞུག་ཏུ། གཏེར་ཆེན་ལས་རབ་གླིང་པས་གཏེར་ནས་སྤྱན་དྲངས་པའི་གུ་རུ་ང་འདྲ་མ་གཙོ་བོར་གྱུར་པའི་རྟེན་རྩ་ཆེན་ཆེས་མང་པོ་ཞིག་བཞུགས་སུ་གསོལ་བར་མཛད་ལ། དེའི་སྐབས་སུ་རྗེ་ཉིད་ཀྱི་ཐུགས་བསྐྱེད་ཀྱི་སྟོབས་ལས་ས་གནད་ཁྱད་པར་ཅན་དེ་ལྟ་བུ་ཞིག་ཏུ་བོད་ལུགས་ཀྱི་སྐུ་རྟེན་ཕོན་ཆེན་དེ་འདྲ་མང་པོ་ཞིག་བཞེངས་རྒྱུ་བྱུང་བ་ཡིན་མོད། དེང་སང་དེ་དག་གི་ནང་ནས་མང་པོ་ཞིག་མི་མངོན་པའི་དབྱིངས་སུ་རྒྱས་འདེབས་ བཞིན་ཡོད་པའི་སྐད་ཆ་ཐོས་པས་འདི་ལ་ལྷག་བསམ་དང་ནུས་པ་ཅན་ཚོས་ཐུགས་ སྣང་གནང་སྟེ་སྐུ་རྟེན་ལྷག་ལུས་རྣམས་སྐྱོབ་ཐབས་ལ་ཐབས་ཤེས་གང་དག་གནང་བའི་རེ་བ་ཡོད་ཅེས་པའང་ཞར་བྱུང་འཕྲོས་གཏམ་དུ་ཐལ་ལོ། ། ཞེས་ཐུགས་ཕམ་མཛད་པ་དང་དངོས་སློབ་རྣམས་ལ་སྐུལ་བ་མཛད་པ་ཡང་ཁ་ཚ་དགོས་གཏུགས་ཀྱི་དོན་བྱ་གལ་ཆེན་ཞིག་རེད་སྙམ་པ་ཞིག་བྱུང་། གཞན་ཡང་འདིའི་སྐོར་ལ་གྱི་ལིང་འཇིགས་མེད་ཞེས་པས་ད་ལྟ་རྒྱ་ནང་དུ་བོད་བརྒྱུད་ནང་བསྟན་ལ་ངོ་རྒོལ་བྱེད་པ་ཤུགས་ཇེ་ཆེ་ཡིན་ལ། ལྷག་ཏུ་རི་བོ་རྩེ་ལྔ་སོགས་སུ་གསང་སྔགས་རྙིང་མ་བའི་རྟེན་གསུམ་མེད་པར་བཟོ་བཞིན་པ་སོགས་ནི་ལྟས་བཟང་བོ་ཞིག་མ་རེད་དེ། འདི་ནི་ང་ཚོས་རང་གི་ཆོས་བརྒྱུད་ཁག་གི་སློབ་བརྒྱུད་དང་དགེ་འདུན་པའི་ཀུན་སྤྱོད་ལ་ཚོད་འཛིན་མ་ཐུབ་པར་རྒྱ་ཡན་དུ་ཤོར་བའི་མཐའ་འབྲས་རེད། ནམ་ཞིག་ང་ཚོ་རང་གི་བྱ་སྤྱོད་ཀྱིས་གཞན་ལ་མིག་ལྟོས་ངན་པ་བཞག་པས་རང་གི་བསྟན་པའི་མཐའ་རང་གིས་བསྡུ་རྒྱུ་ཡིན་པར་གོར་མ་ཆག་ཨང་། ཞེས་བཤད་པ་དེ་ནི་ངོས་གཅིག་གི་ལྟ་ཚུལ་ཙམ་དུ་ཟད་དོ།། རྙིང་མའི་ཆོས་བརྒྱུད་དུ་གཏོགས་པའི་གྲྭ་བ་དག་གི་ཀུན་སྤྱོད་རྒྱ་ཡན་དུ་ཤོར་ན་གྲྭ་བ་དག་གི་འགྲོ་འདུག་ལ་ཚོད་འཛིན་ཐེབས་དགོས་པ་ལས་རྙིང་མའི་རྟེན་གསུམ་མེད་པར་བཟོ་དགོས་པའི་རྒྱུ་མཚན་གང་ཡང་མེད་དོ།། གལ་ཏེ་གཅིག་ཀྱང་དེ་ལྟར་ཡིན་ན་གྲྭ་པ་བྱེ་བྲག་པ་ཞིག་གི་སྤྱོད་ལམ་རྒྱ་ཡན་དུ་སོང་ན། བོད་བརྒྱུད་སྤྱིའི་རྟེན་གསུམ་མེད་པར་བཟོ་དགོས་པ་ཡིན་ནོ།། བྱེ་བྲག་རྙིང་མའི་རྟེན་གསུམ་སོགས་མེད་པར་བཟོ་བཞིན་པ་འདིའི་རྒྱབ་ལོགས་ལ་གསང་བ་ཞིག་ཡོད་པར་གདོད་མི་ཟའོ།། ཕྱི་ཉིན་སྔར་བཞིན་དུས་ཚོད་བདུན་ཕྱེད་ནས་འཇམ་དབྱངས་བཞུགས་ཁྲི་མཇལ་སར་སོང་། ཟླ་གསལ་རྫིང་བུའི་མདོ་ནས་འཇམ་དབྱངས་བཞུགས་ཁྲིའི་བར་སྤྱི་ལེ་བཅུ་བཞི་ཙམ་འདུག ངེད་གསུམ་གྱིས་རྒྱབ་ཁུག་རེ་ཕྲག་ཏུ་ཐོགས་ཏེ་ལམ་ལ་ཆས་པ་ཡིན། ལམ་བར་ནས་ཟོང་འཁོར་ཆུང་ངུ་སྐོར་མཁན་ཞིག་གིས་འཇམ་དབྱངས་བཞུགས་ཁྲིའི་ཉེ་སར་དུ་བསྐྱལ་བྱུང་། དེ་ནས་ནགས་གསེང་དུ་འཐེན་པའི་རྐང་ལམ་ཕྲ་མོ་དེ་བརྒྱུད་རྗེས་འཇམ་དབྱངས་བཞུགས་ཁྲིའི་དགོན་པའི་མདུན་དུ་བསླེབས་བྱུང་། དེར་མཁན་པོ་བརྩོན་འགྲུས་མཐར་ཕྱིན་སོགས་ཕེབས་འདུག འཇམ་དཔལ་གཞུགས་ཁྲི་མཇལ་རྗེས་རྩེ་བསྐོར་ལ་ཕེབས་གྲབས་འདུག སྟབས་ལེགས་པ་ཞིག་ལ་འདུག་སྟེགས་གསུམ་སྟོང་བ་རེད། མཁན་པོས་ཁྱེད་ཚོ་རྩེ་སྐོར་ལ་ཕེབས་མེད་ན་རླུང་འཁོར་དུ་བཞུགས་དང་མཉམ་དུ་འགྲོ་ཞེས་གསུངས་གནང་བྱུང་བས། ངེད་གསུམ་ཀྱང་འཛུམ་ཡལ་ལེར་བྱས་མཉམ་དུ་རྩེ་སྐོར་དུ་སོང་བ་ཡིན། སེང་གེའི་ཁྱིམ་དང་བཻཌུརྱ་སྔོན་པོ་མཆོད་རྟེན་དང་། ནུབ་རི་སོགས་མཇལ། དེའི་རྗེས་རིམ་བཞིན་ཀྱ་ཀྱོག་ཆེ་ཞིང་ཁུག་མགོ་མང་བའི་ལམ་བརྒལ་ནས་དཀྱིལ་རི་མཇལ་དུ་སོང་། གནས་དེར་འཇམ་དབྱངས་ཕྱག་ཁྲུས་རྫིང་བུ་དང་། འཇམ་དབྱངས་ཕྱག་རྗེས་བྱིན་ཅན་སོགས་མང་དུ་མཇལ་རྒྱུ་འདུག མཁན་པོ་དང་ཆོས་གྲོགས་ཚོ་དང་མཉམ་དུ་བཟང་སྤྱོད་སོགས་བཏོན་ནས་སྨོན་ལམ་འདེབས་པ་ཡིན། རིམ་བཞིན་བྱང་རི་མཇལ་རྗེས་ཤར་རི་མཇལ་དུ་ཕྱིན། ཤར་རིར་གནས་བྱིན་ཆེན་སྲེད་མེད་ཕུག་པ་སོགས་ཡོད།། སྲེད་མེད་ཕུག་པར་བསླེབས་དུས་ཆར་བ་ཟམ་མེ་ཟིམ་མེ་རེ་འཐོར་ཞིང་། གནམ་མཐའ་ནས་གཡུ་འབྲུག་གི་སྐད་སྒྲ་ཡང་ཐོས་འཛིན་རྣ་བར་གསལ་ལ་མི་གསལ་ཞིག་གྲག་བཞིན་འདུག ཡིད་སྐྱོ་བ་ཞིག་ལ་སྲེད་མེད་ཕུག་པ་ནི་གཏན་དུ་སྒོ་རྒྱབ་འདུག རྒྱང་རིང་ནས་ཕེབས་པའི་གནས་མཇལ་བ་ཞིག་ལ་མཚོན་ན་ཇི་འདྲའི་གྱོང་གུན་ཞིག་རེད་ཨང་། དེ་རུང་མཉམ་དུ་སྨོན་ལམ་དང་གསོལ་འདེབས་སོགས་རྒྱས་པར་བྱས་ནས་པེ་ཅིན་དུ་འགྲོ་བའི་སྟ་གོན་བྱས་པ་ཡིན་ནོ།།
ད་ཐེངས་དགོན་པ་དང་རྟེན་སོགས་ཀྱི་ལོ་རྒྱུས་དང་ངེད་གསུམ་གྱི་གནས་མཇལ་གྱི་རྐང་ལམ་དག་ཞིབ་ཏུ་བྲིས་མེད་ཀྱང་། ཅུང་ཟད་བྲིས་པ་འདི་ཡང་། རང་གི་གོམས་གཤིས་ལ་ངོ་མ་བཟློག་པ་ཙམ་དུ་ཡིན་ནོ།།
2024/6/12ཉིན་བྲིས། 2024/8/4ཉིན་ཕྲི་བསྣན་ཅུང་ཟད་རེ་བྱས་ནས་སྤེལ།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།