རྩོམ་རིག་གིས་བསྐྱལ་བའི་ལོ་ངོ་གཅིག
རྩོམ་རིག་ལ་དགའ་དད་ཆེ་བའི་མི་ཞིག་ལ་མཚོན་ན། སོ་སོའི་མི་ཚེ་དང་འཚོ་བ་ནི་རྩོམ་རིག་ལ་བསྟིམས་ཤིང་རྩོམ་རིག་གིས་སྐྱེལ་དགོས་པ་ཞིག་སྟེ། དེའི་སླད་དུ་དུས་ཚོད་དང་རྒྱུ་ཚེགས་སོགས་ཀྱིས་འགྲོ་གྲོན་མི་ཉུང་བ་ཞིག་གཏོང་རིགས། གལ་ཏེ་དེ་ལྟ་བུའི་སྙིང་སྟོབས་དང་བློས་གཏོང་། ཆོད་སེམས། འབད་འཐབ་སོགས་མེད་ན་ཁ་སྟོང་ནང་གི་ཚིག་སྟོང་དང་ལག་སྟོང་ནང་གི་ཕྱག་རྒྱ་རུ་འགྱུར་བས་གཟུགས་བརྙན་དང་ཁ་འབོད་ཙམ་གྱིས་ནི་ཅི་ཡང་མི་འཁྱོང་ཞིང་གང་ཡང་མི་ཕྱོད་དོ།།
ང་རང་རྩོམ་རིག་སྒྱུ་རྩལ་དང་ལས་ཐུག་ལམ་ཐུག་བྱུང་བ་ནས་བཟུང་། ངའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ། མཛེས་དཔྱོད་ལྟ་བ་ཙམ་དུ་མ་ཟད། ཐ་ན་ཆུང་ས་ནས་ཉིན་གཅིག་གི་འཚོ་བའི་བཀོད་སྒྲིག་དང་ཐུན་གཅིག་གི་ཁོ་ཧྥེ་འཐུང་རོགས་ཚུན་ཆད་ལའང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་། སྔོན་ཆད་ཀྱི་འཚོ་བའི་གོམས་གཤིས་མང་པོ་ཞིག་ལ་འགྱུར་བ་བྱུང་བ་དང་མཉམ་དུ་ནམ་རྒྱུན་འབྲེལ་འདྲིས་ཆེ་བའི་གྲོགས་པོའི་ཚོགས་ཀྱང་གཞན་ནས་གཞན་དུ་འགྱུར་འགྲོ་བར་འདུག དེ་ནི་གཅིག་ན་ངའི་མི་གཤིས་སྡུག་ཐག་ཆོད་པས་ཡིན་ངེས་ལ། གཅིག་ན་དགའ་ཕྱོགས་ཀྱི་བསླུ་བྲིད་བཟློག་མ་ཐུབ་པས་ཡིན་སྲིད། གང་ལྟར་དུས་ད་ཚོད་ཅིག་ལ་ང་ནི་ཅི་ཡིན་འདི་ཡིན་མེད་པར་རྩོམ་རིག་དང་འབྲལ་མི་ཐུབ་པའམ་ཡང་ན་རྩོམ་རིག་དང་བྲལ་བའི་འཚོ་བ་ནི་དོན་སྙིང་མེད་པར་འདོད་མཁན་ཞིག་ཏུ་གྱུར་འདུག
འདས་ཟིན་པའི་བགྲང་བྱ་གཅིག་ལ་ཕྱིར་འདང་ཞིག་བརྒྱབ་ནའང་། ངས་རང་ཉིད་ཀྱིས་རྩོམ་རིག་དང་འབྲེལ་བའི་ལས་ཀ་ཅི་ཞིག་འགྲུབ་ཡོད་པའམ་རྩོམ་རིག་གི་བརྩམས་ཆོས་ག་ཙམ་བྲིས་ཡོད་པ། རྩོམ་རིག་ལ་གྲུབ་འབྲས་ཅི་ཞིག་བླངས་ཡོད་པ་སོགས་ལ་ཕྱིར་འདང་དང་སྡོམ་རྩིས་རྒྱག་འདོད་པ་ལས་གཞན་གྱི་རྒྱལ་ཕམ་དང་ཁེ་གྱོང་སོགས་ལ་སྣང་དོགས་ཆེར་མི་མོས་པར་འདུག དེས་ན། ངས་ནི་འདས་ཟིན་པའི་ལོ་ངོ་གཅིག་འདི་ལྟར་བསྐྱལ་འདུག
གཅིག
འདི་ལོའི་ལོ་མགོར། ངའི་སྒྲུང་ཐུང་ཕྱོགས་བསྒྲིགས《སྒེའུ་ཁུང》ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་སུ་བདམས་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་དངོས་སུ་སྒོར་ཐོན་པ་ནས་བཟུང་། བོད་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་རྒན་དར་གཞོན་གསུམ་མང་པོ་ཞིག་གི་ཕྱག་ཏུ་འཕྲོད་པ་དང་ཀུན་གྱིས་དགའ་བའི་སྙིང་གཏམ་བཤད་ཅིང་བསྟོད་པའི་མཐེ་བོང་བསྒྲེངས་བར་མ་ཟད། ཀློག་པ་པོའི་ཁྲོད་ནས་ཀྱང་བརྗོད་བྱ་རྗོད་བྱེད་གང་ཐད་ལ་དབྱེ་ཞིབ་དང་བསམ་ཚུལ་བརྗོད་པའི་ཚུར་སྣང་ལན་ཆ་ངེས་ཅན་བྱུང་། ཁྱད་པར་དུ་ན་གཞོན་རྩོམ་པ་པོ་གངས་མུ་ཏིག་དང་མཛོད་འཕྲིན། ཕུན་བདེ། གངས་ཆབ་ལྷ་སྲས་སོགས་ཀྱིས་ཞིབ་ཅིང་ཕྲ་བའི་སྒོ་ནས་བཀླགས་པ་དང་། བཀླགས་པ་ཙམ་གྱིས་མི་ཚད་རིན་ཐང་དང་སྒྱུ་རྩལ་གྱི་རྒྱ་མར་གཞལ་ནས་ལེགས་ཉེས་དགེ་སྐྱོན་ངོས་གཉིས་ནས་གཏམ་བརྗོད་གྱ་ནོམ་པ་སྤེལ་བས། རྩོམ་འབྲི་བ་རང་ངོས་ནས་བཤད་ན་དེ་ནི་ཤིན་ཏུ་དགའ་འོས་པ་ཞིག་ཏུ་སྒོམ་བཞིན་ཡོད། རྩོམ་འབྲི་མཁན་ཞིག་ལ་མཚོན་ན་ཀློག་པ་པོ་ནི་མེད་ཐབས་མེད་པ་ཞིག་སྟེ། གལ་སྲིད་ཁྱོད་ལ་ཀློག་པ་པོ་མེད་ན་བརྩམས་ཆོས་རི་བོའི་གཏོས་དང་མཉམ་རུང་རིན་ཐང་ཅི་ཡང་མེད་དེ། དེ་ནི་ཏག་ཏག་ཡི་གེའི་གད་སྙིགས་སུ་གྱུར་སོང་བ་མ་ཡིན་ནམ། གཞན་སྒྲུང་ཐུང་ཕྱོགས་བསྒྲིགས《སྒེའུ་ཁུང》གི་དཔེ་འཕྲིན་ཞིག《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》ལ་བཀོད་ནས་ཀློག་གྲངས་ཁྲི་གཅིག་བརྒལ།
གཉིས།
ལོ་འདིར། ལྟོས་བཅས་ཀྱིས་བརྩམས་ཆོས་མང་ཙམ་ཞིག་གཞུང་སྒེར་གྱི་དུས་དེབ་དང་དྲ་བ་སོགས་སུ་བཀོད་ཐུབ་པ་བྱུང་སྟེ། སྒྲུང་ཐུང《ལེགས་སྐྱེས》དང《ལག་དམར་ང་ཡིན》《གདགས་སྲིབ》《གད་སྙིགས》བཅས་རིམ་པ་བཞིན《གངས་དཀར་རི་བོ》དེབ་དང་པོ་དང་གཉིས་པ། བཞི་པ། དྲུག་པ་བཅས་སུ་བཀོད་པ་དང་། དེ་ལས《ལག་དམར་ང་ཡིན》ཞེས་པ《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》ཡིས་བརྒྱུད་འགོད་གནང་བ་དང་། 《གདགས་སྲིབ》ཅེས་པ《མཚོ་སྔོན་པོ་དྲ་བ》ཡིས་བརྒྱུད་འགོད་གནང་། སྒྲུང་ཐུང《ཕྱི་རོལ་ན་ཁ་བ་འབབ》ཞེས་པ《ཟླ་ཟེར》དེབ་གཉིས་པ(སྒྲུང་ཐུང་ཆེད་དེབ་སྟོད་ཆ)ར་བཀོད། སྒྲུང་ཐུང《གསང་བའི་མགྲོན་པོ》ལ་རྩོམ་སྒྲིག་པས་དགོངས་འཆར་ལྷུག་བརྗོད་གནང་བ་ཇི་བཞིན་སྨད་ཆ་བྲིས་ཏེ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་བཞི་པར་བཀོད། སྒྲུང་ཐུང《སྒེའུ་ཁུང》ཞེས་པ《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》དུ་བཀོད་པ་དང་། སྒྲུང་ཐུང《མི་ཕྱེད་ཀ》ཞེས་པ《རྫོང་རུ》ལོ་དེབ་ཏུ་བཀོད། དེ་ནི་རྩོམ་རིག་ལོ་དེབ་འདི་གཉིས་དང་ཐོག་མའི་ལས་འབྲེལ་དུའང་གྱུར།
གསུམ།
ལོ་འདིར། སྔར་སྲོལ་ལྟར་གསར་རྩོམ་གྱི་རྒྱུན་བསྐྱངས་བའི་འབྲས་རྟགས་སུ། སྒྲུང་ཐུང་གསར་པ《ལག་དམར་ང་ཡིན》དང《མི་ཕྱེད་ཀ》《ང་རང་སྨྱོན་པར་གྱུར་དོན》《དུར་སྒམ》《ཁྱོད་ཀྱི་མགོ་ཐོག་གི་བར་སྣང་ན》《ཡན་ཨན་གྱི་ཆར་བ》《བར་ཆད》ཁག་གསུམ་པ་སོགས་བྲིས་པ་དང་། ཁོམ་གླགས་དང་བསྟུན་ནས་ཡང་དང་ཡང་དུ་བཟོ་བཅོས་རྒྱག་བཞིན་ཡོད།
བཞི།
ལོ་འདིར། སྔར་བཞིན་ལས་དོན་དང་འཚོ་བའི་བར་གསེང་གི་དུས་ཚོད་དམ་འཛིན་བྱས་ཏེ་དཔེ་ཀློག་གི་རྒྱུན་བསྐྱངས་པ་ཡིན། རིག་ལྡན་རྒྱ་མཚོའི་སྒྲུང་འབྲིང《རྡོ་ཁོག་གི་མེ་ཏོག》དང《ཁྱོད་སུ་ཡིན》《བང་སོ་བསླངས་པའི་མི》བཅས་སྒྱུ་འཕྲུལ་དང་དངོས་ཡོད་ཀྱིས་བསྐྲུན་པའི་བྱིས་སྒྲུང་ཁག་གཅིག་དང་། གཡུ་རྔོག་ཚེ་བཀྲའི《སྦས་ཡུལ》དང་ཀླད་ཀོར་གྱི《དུས་ཚོད་ཁྲ་ཁྲ》གཡུ་སྒྲོན་མཚོའི《གཟིམས་པ་མེད་པའི་སྒྲོན་མེ》རྔ་བ་ཚེ་རིང་སྐྱིད་ཀྱི《རླུང་ནང་གི་སྐད་ཆ》སོགས་ན་གཞོན་རྩོམ་འབྲི་བ་དག་གི་མཚོན་ཐབས་གསར་པར་སྙེག་པའི་སྒྱུ་རྩལ་ཁྱད་ཆོས་ལ་མྱོང་རོལ་བྱས་པ་དང་། ཚེ་དབང་རྣམ་རྒྱལ་གྱིས་བོད་འགྱུར་གནང་བའི《ཐེག་པར་དཀའ་བའི་ཚེ་སྲོག་གི་ཡང་བ》དང་ལྷ་གཡང་ནོར་བུས་བོད་འགྱུར་གནང་བའི《མཚམས》སོགས་ཕྱི་ནང་གི་བརྩམས་ཆོས་སྐད་གྲགས་ཆོད་པ་མང་ཙམ་ཞིག་ཀྱང་མིག་གི་ཟུར་མཐའ་ནས་མ་བསྐྱུར་བར་ཞིབ་ཏུ་བཀླགས་པ་ཡིན། དེ་མིན་རྩོམ་པ་པོ་རྒན་གྲས་ཕུན་ཚོགས་བཀྲ་ཤིས་ལགས་ཀྱི《ཤུལ་འཚོལ》དང་ཁམས་ཕྱོགས་ཀྱི་རྩོམ་རིག་གི་རུ་འདྲེན་པ་གངས་དབང་བཀྲ་ཤིས་ལགས་ཀྱི་པར་དུ་བསྐྲུན་འགྱུར་གྱི་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དེབ་བཞི་པ་སོགས་ལ་སློབ་སྦྱོང་བྱས་པ་སྟེ། མདོར་ན་ལོ་ངོ་འདིར་དེབ་གྲངས་སུམ་ཅུ་ཙམ་ཀློག་པའི་སྐལ་བ་དང་བསོད་ནམས་ལྡན་པར་གྱུར།
ལྔ།
ལོ་འདིར། དགའ་འོས་པ་ཞིག་ལ《མི་རིགས་ཀྱི་རྩོམ་རིག》ཚང་གིས་གོ་སྐབས་བསྩལ་བ་བཞིན་བོད་ལྫོངས་ལྷ་སར༢༠༢༤ལོའི《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་གསོ་སྦྱོར་འཛིན་གྲྭར་མཉམ་ཞུགས་བྱེད་རྒྱུའི་སྐལ་བ་བྱུང་བ་དང་། དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་དང《གངས་དཀར་རི་བོ》རྩོམ་སྒྲིག་ཁང་གི་བཀའ་དྲིན་དང་མཐུན་རྐྱེན་འོག་ཏུ་རྒྱ་ནག་ཁྲིན་ཏུར༢༠༢༤ལོའི་ཁུལ་ཡོངས་ཀྱི་བོད་རྒྱ་རྩོམ་པ་པོའི་གསར་རྩོམ་གསོ་སྦྱོང་འཛིན་གྲྭ་དང་ཁམས་ཀྱི་རྩོམ་པ་པོའི་བརྩམས་ཆོས་ཞུ་དག་ཚོགས་ཆེན་དུ་ཞུགས་པའི་སྐལ་བཟང་ཤར། འཛིན་གྲྭ་དེ་གཉིས་ལས་བོད་ཀྱི་རྩོམ་པ་པོ་རྒན་གྲས་མང་ཙམ་ལ་མཇལ་འཕྲད་བྱུང་ཞིང་ཁོང་རྣམ་པའི་རིན་ཐང་གཞལ་མེད་ཀྱི་རྩོམ་རིག་འཆད་ཁྲིད་དང་ཁ་བརྡ་ལ་ཉན་ཏེ་བློ་སྐྱེད་ཆེན་པོ་ཐོབ་པར་མ་ཟད། རང་དང་ཁ་མཉམ་ན་མཉམ་གྱི་རྩོམ་གྲོགས་གསར་པ་མང་པོ་ཞིག་ཀྱང་མཛའ་བཤེས་སྨོན་འདྲིན་དུ་གྱུར་བས། རྩོམ་རིག་གི་ལམ་ཁ་ནས་རང་ཉིད་ཁེར་རྐྱང་དུ་ལུས་མི་སྲིད་པའི་དགའ་ཚོར་རྙེད།
དྲུག
འདི་ལོའི་ལོ་མགོར། དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་དང་དཀར་མཛེས་ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་སི་ཁྲོན་དར་རྩེ་མདོ་ནས་གཟབ་རྒྱས་ངང་བསྡུས་པའི་སྟེང་དུ་གུས་པ་རང་ལ“དཀར་མཛེས་ཁུལ་གྱི་ཕུལ་བྱུང་རིག་རྩལ་ལས་དོན་མི་སྣ”ཡི་མཚན་སྙན་གནང་ནས་གཟིགས་བཟོས་བྱ་དགའ་གནང་བར་མ་ཟད། སྒྲུང་ཐུང《རྨི་ལམ་འཁྲུགས་པ》ལ༢༠༢༣ལོའི《གངས་དཀར་རི་བོ》བོད་ཡིག་པར་མའི་ལོ་འཁོར་བྱ་དགའ་སྤྲད་པས། མུ་མཐུད་དུ་རྩོམ་རིག་ལ་འབད་དགོས་པའི་སྐུལ་སློང་ཆེན་པོ་ཐེབས།
བདུན།
ལོ་འདིར། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱིས་གུས་པའི་འདས་སོང་གི་རྩོམ་རིག་གྲུབ་འབྲས་ལ་གཞིགས་ནས་ཚོགས་མིའི་གྲས་སུ་བདམས་ཐོན་བྱུང་བས། རྩོམ་རིག་གི་ལམ་ཁ་ནས་སླར་ཡང་དཔུང་སྡེ་གསར་པ་ཞིག་རྙེད།
བརྒྱད།
ལོ་འདིར། ང་དང་རྩོམ་གྲོགས་འགས་མཉམ་གཅིག་ཏུ“རྩོམ་རིག་ནང་མོལ”ཞེས་པའི་རྩོམ་རིག་འཕྲིན་ཚོམས་ཤིག་བཙུགས་ནས་ཟླ་བ་རེ་རེ་བཞིན་རྩོམ་འབྲི་བ་དང་དཔེ་ཀློག་བྱེད་པ་སོགས་ཀྱི་ལས་བྱ་བཞག་སྟེ་ཐུན་མོང་ཐོག་རྩོམ་རིག་ལ་འབད་བརྩོན་བྱས།
དྲང་མོར་བཤད་ན། འདི་དག་ཡོད་ཚད་ནི་གཞན་ལ་ངོམ་རི་བའམ་བཤད་རིན་ཡོད་པ་ཞིག་ཅི་ཡང་མིན་མོད། འོན་ཀྱང་། ང་རང་ངོས་ལ་མཚོན་ན་འདི་དག་ནི་ལོ་ངོ་གཅིག་གི་བརྗེད་ཐོ་ལྟ་བུའམ་ཡང་ན་འདས་ཟིན་པའི་ལོ་ཟླའི་ནང་དུ་རྩོམ་རིག་ལ་འབད་མྱོང་བའི་རྟགས་མཚན་ཞིག་ཏུ་འགྱུར་སྲིད་ཅིང་། མ་འོངས་པར་སྔར་བཞིན་རྩོམ་རིག་ལ་འཇུག་པའི་སྒུལ་ཤུགས་སམ་སྐུལ་སློང་ལྟ་བུར་ཡང་གྱུར་ཡོད་པས། ངའི་རྩོམ་རིག་གི་མི་ཚེའི་ཕྱིར་དྲན་ཁྲོད་དུ་ལོ་ངོ་འདི་ནི་ཅིས་ཀྱང་མི་གླེང་ཐབས་མེད་དམ་ཡང་ན་རང་ངོས་ནས་བརྗེད་ཐབས་མེད་པ་ཞིག་ཡིན་ནོ།།
༢༠༢༤ལོའི་ཟླ༡༢ཚེས༢༤ཉིན་བྲིས།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།