སྔགས་ས་ལྷ་རྗེ་དཔལ་གྱིས་བརྩམས་པའི《མཛེས་རྟོག་རིག་པའི་འཇུག་སྒོ》ཞེས་པའི་དེབ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།
མཛེས་པར་རྟོག་པ་ནི་མིའི་རིགས་ཐུན་མོང་ལ་གྲུབ་པའི་དབང་ཤེས་ཀྱི་མངོན་སུམ་ཞིག་ཡིན་པ་མ་ཟད། རིགས་གཞུང་ཞིབ་འཇུག་གི་དཔྱད་ཡུལ་ཐུན་མོང་མ་ཡིན་པ་ཞིག་ཀྱང་ཡིན། དེ་ཡང་ས་ཁམས་ཁོར་ཡུག་དང་རིག་གནས་ལོ་རྒྱུས་སོགས་ཀྱི་དབང་གིས། མི་རིགས་སོ་སོར་རང་རང་གི་མཛེས་རྟོག་གི་འདུ་ཤེས་དང་། མཛེས་རྟོག་གི་བསམ་བློ། མཛེས་རྟོག་གི་ལྟ་བ་དང་མཛེས་རྟོག་གི་ཐབས་ལམ་དམིགས་བསལ་བ་རེ་ཆགས་ཡོད་དེ། དེ་ལྟར་མི་རིགས་སོ་སོར་རང་རང་གི་མཛེས་རྟོག་གི་བསམ་བློ་དང་འདུ་ཤེས་སོགས་ཡོད་པ་དང་། སྤྱི་ཚོགས་འཚོ་བའི་འཕེལ་ཕྱོགས་ཀྱིས་ཀྱང་འདུ་ཤེས་དེ་དག་གཙིགས་སུ་འཛིན་པ་དང་དེ་དག་ལ་རྩེ་གཅིག་ཏུ་སྨོན་ཞིང་བསྙེགས་པས། མི་རིགས་སོ་སོས་གསར་སྐྲུན་བྱས་པའི་དངོས་པོའི་དཔལ་ཡོན་དང་བསམ་བློའི་དཔལ་ཡོན་སོགས་སུ་མཛེས་རྟོག་གི་བསམ་བློའི་འདུ་ཤེས་མ་ཞུགས་པ་ནི་ཕལ་ཆེར་མེད་པའི་ཚོད་དུ་གྱུར་ཏེ། རང་རིགས་ཀྱི་ལུས་ངག་ཡིད་གསུམ་དང་། ཕྱི་ནང་གསང་གསུམ་གྱི་རིག་གནས་དང་སྒྱུ་རྩལ་སོགས་རིག་པའི་གནས་ཀུན་ཏུ་མཛེས་རྟོག་གི་བསམ་བློས་རྣམ་པར་གཏམས་ཤིང་ཁེངས་ཡོད།
དེ་ཡང་མི་རིགས་སོ་སོར་མཚོན་ན། རང་རང་གི་མཛེས་རྟོག་གི་བསམ་བློ་དང་མཛེས་རྟོག་གི་ཉམས་ལེན་ནི་གནའ་སྔ་མོ་ནས་སྤྱི་ཚོགས་ཀྱི་འཚོ་བ་དང་རིག་གནས་ཀྱི་འཚོ་བའི་ཁྱབ་ཁོངས་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་གནས་ཡོད་རུང་། ད་སྔའམ་ཉེ་རབས་བར་དུ་དེའི་སྐོར་གྱི་རིགས་པའི་གཞུང་ལུགས་མ་བྱུང་བའམ་མ་གྲུབ་པར་ལུས། ཡོངས་གྲགས་སུ་མཛེས་རྟོག་རིག་པ་ཞེས་པའི་ཐ་སྙད་འདི་དང་རིགས་པའི་གཞུང་ལུགས་འདི་ནི་ཐོག་མར་ནུབ་གླིང་ནས་བྱུང་བ་ཡིན་ལ། མཛེས་རྟོག་རིག་པའི་ལོ་རྒྱུས་དཔྱད་བརྗོད་ལྟར་ན། རིགས་གཞུང་འདིའི་ཁུངས་ཀྱང་ཕལ་ཆེར་ནུབ་གླིང་གི་མཁས་པ་སོ་སོར་གཏུགས་དགོས། དེ་ལྟར་ན་འཛམ་གླིང་གི་མི་རིགས་སོ་སོར་སྔ་མོ་ནས་རང་རང་གི་མཛེས་རྟོག་གི་བསམ་བློ་ཡོད་ན་ཡང་། སྤྱི་ལ་ཁྱབ་པ་དང་ཕྱོགས་ཡོངས་ནས་རྒྱུད་རིམ་ལྡན་པར་མཛེས་རྟོག་རིག་པའི་གཞུང་ལུགས་རབ་དང་རིམ་པར་སྨྲ་བ་འདི་ནི་ནུབ་གླིང་མཚན་ཉིད་རིག་པ་ལས་ཐོག་མར་བྱུང་བ་ཡིན་པ་བརྗོད་མ་དགོས་ཤིང་། ང་ཚོ་བོད་དང་བཅས་པའི་ཤར་ཕྱོགས་ཀྱི་མི་རིགས་རྣམས་ལ་མཚོན་ན། རིགས་གཞུང་འདི་ནི་ཉེ་རབས་ནུབ་ཕྱོགས་ནས་དར་ཞིང་བྱུང་བ་ཞིག་ཡིན་པ་གོར་མ་ཆག དེའི་ཕྱིར་རིག་གནས་མཉམ་གནས་མཉམ་སྤེལ་གྱི་སྒོ་ནས་བཤད་ན། རང་ལ་མཛེས་པ་དེ་མཛེས་པར་བརྩི་དགོས་པ་མ་ཟད། གཞན་ལ་མཛེས་པ་དེ་ལ་ཡང་བརྩི་བཀུར་བྱས་ཏེ། མཛེས་པ་མཉམ་གནས་མཉམ་སྤེལ་བྱས་ན། ད་གཟོད་མི་རིགས་སོ་སོའི་རིག་གནས་སྤྱི་མཐུན་མཉམ་གནས་བྱ་ཐུབ་པ་མ་ཟད། རང་རང་སོ་སོའི་རིག་གནས་ཀྱང་ཡར་རྒྱས་གོང་འཕེལ་དང་ཕུན་སུམ་ཚོགས་པར་འགྱུར་རོ། །
སྔགས་ས་ལྷ་རྗེ་དཔལ་གྱིས་བརྩམས་པའི་མཛེས་རྟོག་རིག་པའི་འཇུག་སྒོ་ཞེས་བྱ་བའི་དཔེ་དེབ་འདི་ནི་མཛེས་རྟོག་རིག་པའི་ཤེས་བྱ་དང་དེའི་སྐོར་གྱི་རིགས་པའི་གཞུང་ལུགས་རྣམས་ངོ་སྤྲོད་བྱེད་པའི་དཔེ་དེབ་སྤུས་བཟང་ཞིག་ཡིན་ཏེ། བོད་སྐད་ཡིག་ནང་འདིའི་སྐོར་གྱི་དཔེ་དེབ་ཐོན་པ་ཧ་ལམ་ཐོག་མ་ཡིན་པ་མ་ཟད། དཔེ་དེབ་སྒྲིག་སྟངས་བཟང་ཞིང་སྒྲོམ་གཞི་སྟབས་བདེ་བ། བརྗོད་བྱ་ལེགས་ཤིང་ནང་དོན་ཁ་གསལ་བ། ཚིག་སྦྱོར་བདེ་ཞིང་གོ་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། མཛེས་རྟོག་རིག་པར་ཐོག་མར་འཇུག་མཁན་དང་དེའི་སྐོར་ལ་ཞིབ་འཇུག་བྱེད་མཁན་རྣམས་ལ་མཚོན་ན། དགེ་མཚན་ལྡན་ཞིང་ཕན་པ་ཆེ་བའི་ཀློག་དེབ་དང་ཟུར་ལྟའི་ཡིག་ཆ་བཟང་པོ་ཞིག་ཡིན། རིག་གཞུང་དཔེ་དེབ་འདིར་མཛེས་རྟོག་རིག་པའི་གོ་དོན་དང་ངོ་བོ། མཛེས་རྟོག་རིག་པའི་ཞིབ་འཇུག་བྱ་ཡུལ་དང་དགོས་པའམ་དགེ་མཚན་རྣམས་གསལ་པོར་ངོ་སྤྲོད་བྱས་ཡོད་པའི་མ་ཚད། མཛེས་རྟོག་རིག་པའི་བརྡ་ཆད་གལ་ཆེན་ཡིད་བརྙན་དང་ཡིད་ཁམས། མཛེས་ཚོར། མཛེས་རྟོག་བྱེད་སྒོ་སོགས་ཀྱི་གོ་དོན་དང་བྱེད་ལས། མཛེས་རྟོག་གི་ཡན་ལག་ཏུ་གྱུར་པའི་རང་བྱུང་གི་མཛེས་པ་དང་། སྤྱི་ཚོགས་ཀྱི་མཛེས་པ། སྒྱུ་རྩལ་གྱི་མཛེས་པ། སྐྱོ་གར་གྱི་མཛེས་པ་སོགས་ཀྱང་སྡེ་ཚན་དུ་ཕྱེ་སྟེ་རང་སྟོབས་ཀྱིས་གསལ་བཤད་ཞིབ་རྒྱས་བྱས་ཡོད། གཞན་ཡང་མཛེས་རྟོག་དང་སྒྱུ་རྩལ་གསར་གཏོད་ཀྱི་འབྲེལ་བ། མཛེས་རྟོག་དང་སྒྱུ་རྩལ་བརྩམས་ཆོས་དཔྱད་བརྗོད་ཀྱི་འབྲེལ་བ། སྤྲོ་གར་དང་སྐྱོ་གར་སོ་སོའི་མཛེས་རྟོག་གི་ཁྱད་པར་སོགས་ཀྱང་གསལ་བཤད་བྱས་ཡོད། ལྷག་པར་དུ་ཚན་པ་ལོགས་སུ་བཀར་བའི་སྒོ་ནས་བོད་ཀྱི་སྲོལ་རྒྱུན་གྱི་མཛེས་རྟོག་རིག་པའི་བསམ་བློའི་སྐོར་ཡང་དམིགས་སུ་བཟུང་ནས་ཕྱོགས་སྡོམ་དང་དཔྱད་བརྗོད་བྱས་ཡོད་པ་མ་ཟད། མགོ་འཇུག་བར་གསུམ་དུ་བོད་པ་རང་གི་འགུག་ཤུགས་ལྡན་པའི་དཔེ་གཞི་སྣ་ཚོགས་ཀྱིས་སྤུད་པར་བྱས་པ་སོགས་ལས། བོད་ཀྱི་མཚན་ཉིད་རིག་པ་དང་སྒྱུ་རྩལ། རྩོམ་རིག་སོགས་རིག་ཚན་མང་པོར་ཞིབ་འཇུག་བྱེད་མཁན་རྣམས་ལ་མཚོན་ན་ཡང་སྤྱན་དཀྱུས་རེ་ཞིག་འདིའི་ཕྱོགས་སུ་གཡོ་འོས་པར་སྙམ་མོ། །
མགོན་པོ་བཀྲ་ཤིས་ཀྱིས། ༼ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ།༽
༢༠༢༤ལོའི་དཔྱིད་ཟླ་དང་པོའི་ཚེས་བཟང་ལ་བྲིས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།