བྱམས་ཕྲུག་བན་དེ་མཁར་གྱིས་བརྩམས་པའི་དེབ་གསར《བོད་ཀྱི་རྩོམ་གཞུང་གི་རྒྱུན་དང་མཐོངས》ཞེས་པ་དངོས་སུ་ཚོང་རར་བཀྲམ་ཟིན་པ།
མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན།《བོད་ཀྱི་རྩོམ་གཞུང་གི་རྒྱུན་དང་མཐོངས་》ཞེས་པའི་དེབ་ཅིག་ཉེ་ལམ་དངོས་སུ་འགྲེམ་སྤེལ་བྱས་འདུག་ཅིང་། དེབ་འདིའི་རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེ་གཞོན་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་བྱམས་ཕྲུག་བན་དེ་མཁར་རེད་འདུག།
རྩོམ་པ་པོས་བོད་རྒྱ་དབྱིན་གསུམ་གྱི་ཡིག་ཆ་འབོར་ཆེན་ལ་བརྟེན་ནས་ལོ་ངོ་བདུན་བརྒྱ་ལྷག་རིང་གི་བོད་ཀྱི་རྩོམ་རིག་གཞུང་ལུགས་དར་འཕེལ་གྱི་རྒྱུན་དང་། སྐབས་སོ་སོའི་རྩོམ་གཞུང་སྨྲ་བ་དག་གི་བསམ་བློ་ལ་དཔྱད་པ་གཙོར་བྱས་འདུག། མ་ཟད། དེབ་འདིའི་ནང་དུ་རྩོམ་རིག་ཞིབ་འཇུག་དང་སྒོས་སུ་རྩོམ་གཞུང་ཞིབ་འཇུག་པ་དག་ལ་མཁོ་ངེས་ཀྱི་ཡིག་ཆ་དང་གནས་ཚུལ་གྱི་སྐོར་མང་ཙམ་སྟབས་གཅིག་ཏུ་བསྡུས་ཡོད་པ་འདི་ཁྱད་ཆོས་གཙོ་བོ་ཞིག་རེད་སྙམ། དཔེར་ན། 《སྙན་ངག་མེ་ལོང་》གི་ཁྲིད་ལུང་གི་རྒྱུན་མཚོན་པའི་རེའུ་མིག་བཅུ་གཅིག་ལྷག་བཀོད་པ་དང་། ཟུར་བཀོད་ཀྱི་ཚུལ་དུ་བོད་ཀྱི་རྩོམ་གཞུང་དང་འབྲེལ་བའི་བརྩམས་ཆོས་གལ་ཆེན་དག་གི་ཐོ་བདུན་བརྒྱ་ལྷག་བཀོད་འདུག་པས། སློབ་གཉེར་པ་ཀུན་ལ་དཔྱད་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་པོ་དང་སྟབས་བདེ་ཆེན་པོ་བསྐྲུན་འདུག། དེབ་འདི་ས་ག་ཟླ་བའི་ཚེས་པ་བཅོ་ལྔའི་ཉིན་དངོས་སུ་བཀྲམས་ཤིང་། ཉིན་དེར་ཀུན་གྱི་གླེང་གཞི་དང་དོ་སྣང་བྱ་ཡུལ་ཆེ་ཤོས་ཤིག་ཏུ་གྱུར་པ་མ་ཟད། དེབ་འདིའི་གནས་ཚུལ་འགོད་མཁན་གྱི་འཕགས་ཆེན་འཕྲིན་སྟེགས་ལྟ་བུར། ད་ལྟའི་བར་དེབ་འདིའི་གནས་ཚུལ་ལ་ལྟ་མཁན་6000ལྷག་དང་། བརྒྱུད་སྐུར་230ལྷག་བྱུང་འདུག། ཉིན་དེར་རྩོམ་རིག་ཞིབ་འཇུག་པ་གྲགས་ཅན་ལྡོང་བུ་ཡིས་དེབ་འདི་ལ་“ན་གཞོན་རྩོམ་གཞུང་སྨྲ་བ་དང་སྙན་ངག་པ་བྱམས་ཕྲུག་ལགས་ལ་རྟེན་འབྲེལ་ཞུ། འདི་ནི་བོད་ཀྱི་གནའ་དེང་རྩོམ་གཞུང་གི་ཕུ་མདའ་བར་གསུམ་རྒྱུན་གཅིག་ལ་མཐུད་པའི་དེབ་མཆོག་ཅིག་ཡིན་ཞེས་སྨྲ་བར་སྤོབས།”ཞེས་སོགས་གདེང་འཇོག་བྱེད་མཁན་མང་དུ་བྱུང་འདུག།
དེབ་འདིའི་མཇུག་བྱང་དུ་གསལ་བ་ལྟར། “འདི་ག་བོད་ཀྱི་རྩོམ་རིག་གཞུང་ལུགས་དང་། རྩོམ་རིག་མཐའ་དཔྱོད་ཀྱི་གཞུང་། 《སྙན་ངག་མེ་ལོང་》གི་འཕེལ་འགྱུར་གྱི་ལོ་རྒྱུས། བོད་ཀྱི་གནའ་དེང་མཁས་པ་མང་པོའི་རྩོམ་རིག་བསམ་བློ་དང་མཛད་རྗེས་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་བྱ་རྒྱུར་ཕན་ཐོགས་ཡོད་ངེས་སྙམ་”ཞེས་པ་བཞིན། དེབ་འདི་ནི་རྩོམ་རིག་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་མཁན་དག་ལ་མཚོན་ན་མ་བལྟས་ཐུ་མེད་ཀྱི་དེབ་ཅིག་ཏུ་འདོད་དོ།།
དེབ་འདིའི་རྒྱབ་ཤོག་ཏུ་བཀོད་པའི་འོས་སྦྱོར་གྱི་ཚིག་གཉིས།
རྩོམ་རིག་སྨྲ་བའི་མཁས་དབང་སྔོ་དེའུ་སྒོམ་པ་བཀྲ་ཤིས་ལགས་ཀྱིས།
སྲིད་ཞིའི་མཛེས་སྡུག་འོད་ཀྱི་ཕུང་བོར་སྤུངས།། ཟབ་རྒྱས་ཆོས་དོན་རྒྱུད་མངས་དབྱངས་སུ་འཁྲོལ།། བདེ་སྟོང་ཉམས་བརྒྱའི་རྩེད་འཇོར་རྟག་རོལ་བའི།། ངག་དབང་ཟླ་མཛེས་ལྷ་མོས་ཤིས་པ་སྩོལ།། དབྱངས་ཀྱི་རྒྱལ་མོའི་གསང་གསུམ་སྒྱུ་འཕྲུལ་གར།། དབྱངས་ལྡན་སྙན་ངག་གཟུགས་སུ་ཤར་བ་ཡི།། དབྱངས་ཅན་རྩོམ་གཞུང་བོད་དུ་དར་ཚུལ་སོགས།། དབྱངས་གསལ་ཡི་གེས་རྒྱ་ཆེར་སྤྲོས་འདི་རྨད།། གཞན་ཟེར་རྗེས་ཟློས་ཙམ་དུ་མ་སོང་བར།། བརྟག་བཟོད་དཔྱད་འབྲས་གསར་བས་གཏམས་པ་ཡི།། རྒྱུན་རིང་མཐོངས་ཡངས་བོད་ཀྱི་རྩོམ་གཞུང་གི།། དགེ་མཚན་འོད་ཀྱིས་ས་ཆེན་འགེངས་པར་ཤོག།
རྩོམ་རིག་སྨྲ་བའི་མཁས་དབང་བཀྲ་བྷ་ལགས་ཀྱིས།
ང་ཚོར་རྩོམ་རིག་གསར་པའི་གཞུང་ལུགས་སྡེབ་སྒྲིག་བྱེད་སྐབས། ཐོག་མར་དོན་གཉེར་རྣམས་ཀྱིས་གཞུང་ལུགས་ཐད་དུ་རང་ལ་ཅི་ཞིག་ཡོད་པ་དང་། གཞན་ལ་ཅི་ཞིག་ཡོད་པ། རང་ལ་ཅི་ཞིག་མཁོ་བ་ངེས་དགོས་ཏེ། ངོས་ཟིན་འདི་འདྲ་བྱུང་རྗེས། རང་ལ་ཅི་ཞིག་ཡོད་པ་རྨང་གཞིར་བཟུང་སྟེ་གཞན་ལ་ཡོད་པ་རྣམས་ལས་རང་ལ་ཅི་ཞིག་མཁོ་བ་དམིགས་ཡུལ་གསལ་བའི་སྒོ་ནས་འདྲེན་ནུས་ན། རྩོམ་རིག་གསར་པར་གཞུང་ལུགས་ཚད་ལྡན་ཞིག་དང་ཚུལ་མཐུན་ཞིག་འབྱུང་ངེས་ཡིན། བྱམས་ཕྲུག་བན་དེ་མཁར་གྱི་《བོད་ཀྱི་རྩོམ་གཞུང་གི་རྒྱུན་དང་མཐོངས་》ནི་རང་ལ་ཅི་ཞིག་ཡོད་པ་སྟོན་པའི་དེབ་ཅིག་ཡིན་ལ། གལ་སྲིད་གནད་འདིར་མུ་མཐུད་ནས་དཔྱད་དེ་མ་ལག་ཅན་གྱི་གཞུང་ལུགས་ཤིག་སྦྱོར་བར་ནུས་ན། རང་ལ་ཅི་ཞིག་མཁོ་བ་གསལ་ཐག་ཆོད་པའི་སྒོ་ནས་ཐག་གིས་གཅོད་ནུས་པར་མ་ཟད། བོད་ཀྱི་རྩོམ་རིག་གི་མཐོངས་སུ་གཏོགས་པའི་རྩོམ་གཞུང་གསར་པ་འབྱུང་བའི་གྲོགས་སུ་འགྱུར་སྲིད་པས། བྱམས་ཕྲུག་བན་དེ་མཁར་གྱི་དེབ་འདི་ལ་དགེ་མཚན་ཤིན་ཏུ་ཆེ་བར་འདོད་དོ།།
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
བྱམས་ཕྲུག་བན་དེ་མཁར། མདོ་སྨད་བླ་བླང་ཕྱོགས་ཀྱི་ཨ་མཆོག་ཏུ་སྐྱེས། 2012ལོ་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་གྱི་ལས་ཀ་གཉེར། རྩོམ་རིག་ཁ་ཕྱོགས་ཀྱི་དགེ་རྒན་ཆེ་གཞོན་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཀྲུང་གོའི་མཐོ་རིམ་སློབ་གླིང་གློག་བརྙན་འཕྲིན་སློབ་ཚོགས་ཀྱི་ཚོགས་མི་དང་ཀྲུང་གོའི་མི་རིགས་གློག་བརྙན་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་པ། སློབ་ཁྲིད་དང་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱི་གཞུང་ལུགས་དང་ཚིག་རྒྱན་རིག་པ། དེང་རབས་རྩོམ་རིག གློག་བརྙན་རྩོམ་རིག་སོགས་ཡིན། 2013ལོར་ལག་རོགས་དང་མཉམ་དུ་པྲ་དྲ་བཟོས། 2017ལོར《སྙན་ངག་མེ་ལོང》སྐོར་གྱི་དཔྱད་གླེང་ཚོགས་འདུ་བསྡུས། བརྩམས་དེབ་ལ《སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག》(2012)དང་། 《ལོ་བརྒྱའི་ལྷ་སའི་སྙན་ངག་ཞིབ་འཇུག》(2014)གཉིས། བསྒྱུར་དེབ་ལ《ཨ་མ་མཛངས་མ་དགེ་བའི་བཤེས་གཉེན་འདྲ》(2011) བསྒྲིགས་དེབ་ལ《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཞིབ་འཇུག》(2014)དང་། 《འཁྲབ་ཁྲིད་པ་དྲུག་ཅུ》(2018) 《ཐར་ལོ》(2018)སོགས་ཡོད། ཁ་ཎ་ཌྷ་དང་ནོར་ཝེ་སོགས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཚོགས་འདུ་བཅུ་གྲངས་ཤིག་ལ་ཞུགས་ཏེ་དཔྱད་རྩོམ་བསྒྲགས། 《ཀྲུང་གོའི་བོད་རིག་པ》དང《མི་རིགས་རྩོམ་རིག་ཞིབ་འཇུག》སོགས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་རྩོམ་རིག་དང་གློག་བརྙན་སྐོར་གྱི་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ། གཞན་སྙན་ངག་དང་འབོལ་རྩོམ། བསྒྱུར་རྩོམ་ལྔ་བཅུ་ལྷག་དེབ་སྣ་ཚོགས་སུ་སྤེལ། ཞིང་ཆེན་རིམ་པ་གཙོ་བྱས་པའི་རྣམ་གྲངས་ཁ་ཤས་ཀྱི་གཙོ་འགན་འཁུར་ལ། 2013ལོར《མི་རིགས་རྩོམ་རིག》བོད་ཡིག་པར་མའི་ལོ་འཁོར་བྱ་དགའ་ཐོབ།
དེབ་འདི་གཤམ་གསལ་རྩ་གཉིས་བཤེར་གྲངས་བརྒྱུད་དེ་བླ་བྲང་དཔེ་གཟིགས་དགའ་ཚལ་སོགས་དཔེ་ཁང་ཁག་བརྒྱུད་དེ་ཉོ་ཆོག
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།