རྩོམ་པ་པོ་དུར་སྲིར་རྗེས་དྲན་ཞུ་བའི་སྙན་ངག་ཕྱོགས་བསྒྲིགས།
ངོ་སྤྲོད་མདོར་བསྡུས། དངོས་མིང་ལ་གསང་བདག་རྡོ་རྗེ་དང་པིར་མིང་ལ་དུར་སྲི་ཞེས་འབོད། 1995ལོར་མགོ་ལོག་པདྨ་རུ་སྐྱེས། ཆུང་ནས་བཟུང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་བཞིན་བརྒྱུད་དེ་ཐོས་པ་བཙལ། 2016ལོར《ལམ་གྱི་དཀའ་སྡུག་དང་ལེགས་བཤད》ཅེས་པའི་བརྩམས་ཆོས་ལ་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་སྤེལ་བའི་བོད་ཀྱི་སློབ་ཆེན་སློབ་མའི་ལྷུག་རྩོམ་འགྲན་སྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ། 2017ལོར་ང་ནི《ཕྱགས་དར་འཐུ་མཁན་ཞིག་ཡིན》ཞེས་པའི་བརྩམས་ཆོས་ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གངས་ཀྱི་རོལ་དབྱངས་རྩོམ་རིག་བྱ་དགའ་ཐོབ། 2019ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ《ལ་དྭགས་གཤམ་ཡུལ་གྱི་གེ་སར་སྒྲུང་དཔེ་ཞིབ་འཇུག》ཅེས་པའི་དཔྱད་འབྲས་ཕུལ་ནས་རབ་འབྱམས་སློབ་མའི་བསླབ་གནས་བླངས། དེ་ནས་བཟུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་ཆོས་ལུགས་ལས་ཁུངས་སུ་བྱ་བ་སྒྲུབ་ཞོར་དུ་སྔ་ཕྱིར《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》དང《གངས་རྒྱན་མེ་ཏོག》 《ཤྭ་སྐྱ།》 《མཚོ་སྔོན་བོད་ཡིག་གསར་འགྱུར》 《གཞིས་ཀ་རྩེའི་ཚགས་པར》 《མང་ཆུ།》 《གངས་དཀར་རི་བོ》 《ཉི་ཟླ་རི་བོ།》 《གངས་ཀྱི་རོལ་དབྱངས》 《གེ་སར་སྒྲུང་གི་རིག་གཞུང་དཔེ་དེབ》 《གེ་སར་རིག་གཞུང་ཞིབ་འཇུག》 《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ》 《མཆོད་མེ་དྲྭ་བ》 《མཚོ་སྔོན་པོའི་དྲྭ་བ》 《ཀྲུང་གོ་བོད་ཀྱི་དྲྭ་བ་》སོགས་སུ་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་། དཔྱད་རྩོམ་སོགས་བརྩམས་ཆོས་དུ་མ་སྤེལ།
2023ལོར《མཁའ་དབྱིངས་སུ་སྤྲིན་པ་ཡུག་གཅིག་ཀྱང་མི་སྣང》ཞེས་པའི་བརྩམས་ཆོས་ལ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པའི་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ། བསྟུད་མར་དེབ་གཟུགས་ཁ་ཤས་ལོངས་པའི་རྩོམ་ལུས་སྣ་ཚོགས་བཞེངས་སྐྲུན་བྱས་དང་བྱེད་བཞིན་ཡོད་ནའང་། 2024. 6. 16གི་མཚན་མོར་རྐྱེན་གློ་བུར་བའི་དབང་གིས་སྐུ་གཤེགས།
མེ་ལྕེ་བཟོ་ཤེས་པའི་བྱ་གླག
___འདས་པོ་དུར་སྲི་ལགས་རྗེས་སུ་དྲན་པ།
སྲིན་པོ།
འུ་གཉིས་ངོ་ཤེས་རྙིང་པ་ཞིག་དང་མཚུངས
ངས་མིག་ཆུ་རྡོག་པོ་དག་མུ་ཏིག་ཚོམ་བུ་ཞིག་ལ་བསྒྱུར་ནས
སྙན་ཚིག་དུམ་བུ་ཞིག་བཟོས་ཡོད
དེ་རིང་ཁྱོད་ཕྱོགས་སུ་ལྡང་བའི་སྤྲིན་དཀར་དེ
གཞི་ནས་ངའི་ནམ་མཁའ་ནས་ནག་པོར་འགྱུར་འགོ་བརྩམས
ངས་ཁྱེད་རང་རི་སྒང་དེ་ན་སྔར་བཞིན་ཡོད་ན་སྙམ
མེ་ཏོག་འཐུ་ཞོར་རྫི་གླུ་ལེན་བཞིན་ཡོད་ན་སྙམ
ད་ལྟ་ངས་ཆར་རླུང་དྲགས་པོ་ལྡང་བར་རྒྱུ་མཚན་ཡོད་པ་རྟོགས
ངས་ཁྱེད་ཀྱི་ལག་ཟུང་དུ་མེ་ལྕེ་འཁྱུག་པ་མཐོང་ལ
ཁྱེད་ཀྱི་མིག་ཟུང་དུ་སྐར་མའི་ཆུ་ཐིགས་གཡོ་བ་མཐོང
ངས་རི་བོ་མཐོན་པོ་མཐོན་པོ་ཞིག་གི་འདབས་རོལ་དེ་ནས
ཁྱེད་ཉིད་བྱེའུ་ཞིག་ལྟར་སྤྲིན་པའི་གསེང་དུ་ཡལ་བ་མཐོང
ངའི་ཕངས་སེམས་ནི་སྣོད་དང་ཅ་ལག་གིས་མི་ཐེག་ལ
མཚན་མོའི་གཅོང་རོང་ཟབ་མོར་ཡང་མི་ཤོང
ཁ་སང་ཁྱེད་ཀྱིས་རི་སྒང་དེ་ནས
དབྱངས་གསལ་གྱི་བུད་ཤིང་བཏུས་ནས
སྒྱུ་འཕྲུལ་གྱི་མེ་དཔུང་ཆེན་པོ་ཞིག་བསྒྲོན་པ་མཐོང
དེ་རིང ཁྱེད་ནི་ཆར་རླུང་ནག་པོ་ཞིག་ལྟར
སྐྱེ་བ་གཞན་ཞིག་གི་ཕྱི་རོལ་ན་འབབ་ཀྱིན་འདུག
ཁྱེད་ཀྱི་ཤ་རུས་ལས་མཆེད་པའི་འོད་གསལ་གྱི་ཁྲག་ཐིགས་མང་པོས
ཨར་འདམ་དང་རྣོ་ལྕགས་ལན་འགར་བསྲེགས་ཡོད་ངེས
གློ་བུར་འདང་རྒྱག་ནང་ལྷུང་ཡོང་།
__གྲོགས་དུར་སྲི་ལགས་རྗེས་སུ་དྲན་པ།
ཀླུ་རྒན། (རྔ་བ)
ཁ་རྩང་ཕྱི་དྲོ་གློ་བུར་དུ་གཅམ་བུས་གྲོགས་དུར་སྲི་རྐྱེན་ལམ་དུ་ཤོར་སོང་ཞེས་ཕངས་སེམས་དང་བཅས་དྲྭ་ལམ་དུ་སྤེལ་འདུག གཏམ་དེ་ཐོས་པས་རེ་ཞིག་རང་ཉིད་གར་ཡོད་དང་ཁ་ཕྱོགས་གང་ལ་འཁོར་དགོས་པའང་མི་ཤེས་པའི་འདང་རྒྱག་ཅིག་གི་ནང་ལྷུང་སོང་།
ཉེ་བའི་ལོ་འདི་དག་གི་ནང་ཁ་སེམས་མཐུན་སའི་གྲོགས་གཅེས་གཅེས་དམར་དམར་ཏག་ཏག་གཅིག་རྗེས་གཉིས་མཐུད་དུ་རྐྱེན་ལམ་ལ་ཤོར་གྱིན་འདུག ངོ་མ་ཡོད་དུས་མི་དྲན་མེད་དུས་དྲན་ཞེས་པ་ལྟར། གྲོགས་པོ་རེ་རེ་བཞུད་ཤུལ་གྱི་ཁོ་རང་གི་ཕ་ཡུལ་ནི་ང་ལ་མཚོན་ན་འཁྱག་ཤུར་ཤུར་གྱི་དགུན་ཟླ་སྐྱ་བོ་ཞིག་ལས་ཅི་ཡང་ལྷག་མི་འདུག ལྷག་པར་དུ་གྲོགས་འཕྱཎ་བྷང་འདས་རྗེས་གཅིག་སྒྲིལ་གྱི་སྲང་ལམ་དེས་ང་ལ་ཅིག་ཆད་འདུག་པའི་ཚོར་བ་ཞིག་གིས་ནམ་ཡང་གཙེས་བྱུང་།
ད་དེ་མི་གླེང་བར་བྱ། གྲོགས་དུར་སྲི་ངེད་གཉིས་ནི་སློབ་ཆེན་གྱི་སློབ་གྲོགས་ཡིན། སློབ་ཆེན་སྐབས་རང་རྩོམ་གླེང་སྟེགས་ཀྱི་བགྲོ་གླེང་ཞིག་གི་སྟེང་ཁོས་ཀུ་རེ་དང་བཅས་ཁོ་འཕུར་ན་འདོད་ཟེར་ནས་སློབ་གྲོགས་ཡོང་འུར་བསླངས། ནམ་རྒྱུན་ང་ཚོ་དཔེ་ཁང་དང་ཆང་ཁང་། གཟའ་ཉི་མའི་གླེང་སྟེགས། སྐབས་དོན་གླེང་སྟེགས། རང་གྲོལ་རྗེས་དྲན་གྱི་གླེང་སྟེགས་སོགས་ནས་འུར་རོགས་ཡིན་པས་སློབ་མཐར་ཕྱིན་རྗེས་ཀྱང་། གཅིག་གིས་གཅིག་ཕན་ཚུན་དྲན་དྲན་གླེང་གླེང་དུ་ཡོང་བ་ཡིན།
ཐེངས་ཤིག་ཁོས་སྙན་ངག་ཡག་པོ་ཞིག་དེབ་ཅིག་གི་སྟེང་བཀོད་ནས་ང་ལ་དཔར་བཏབ་སྟེ་བསྐུར་བྱུང་། སྙན་ངག་འདི་ཅི་མོ་རེད་ཟེར། ངས་ལན་དུ་སྙན་ངག་འདི་བཙོག་པ་ལའང་ད་བར་གྱི་དུས་དེབ་དག་ལ་དགོས་ནི་ཨེ་རེད།ཡིད་སྐྱོ་བ་ལ་ཞེས་ཀུ་རེ་དང་བཅས་ལན་བཏབ།ཁོས་དུས་དེབ་འདི་ཚང་བཟང་རབ་རྩོམ་སྤུས་ཡོད་རབ་བཤད། དྲང་མོ་བཤད་ན། གྲོགས་ཁོང་ནི་སློབ་མཐར་ཕྱིན་རྗེས་ཀྱང་མུ་མཐུད་དུ་རྩོམ་རིག་བློས་བཏང་མ་བྱས་པར་དགའ་བཞིན་སྤྲོ་བཞིན་འཚོ་གཞེས་གནང་ནས་ཡོང་བའི་ན་གཞོན་དགའ་ས་ཞིག་ཡིན།
ཉིས་སྟོང་བཅོ་བརྒྱད་ལོའི་སྟོན་དགུན་མཚམས་ཤིག་ལ་ང་རང་པདྨ་རྫོང་ཐོག་ཏུ་བརྩེ་བ་བཅོལ་སའི་བུ་མོ་ཞིག་ལ་ཐུག་ཏུ་ཡོང་སྐབས་གྲོགས་གཅམ་བུ་དང་སྐྱ་སེར་ན་གཞོན་སྐོར་ཞིག་གིས་གཙང་པོ་དང་སྦྲ་འདབས་ཀྱི་ནགས་ཚལ་ཞེས་པའི་དེབ་དང་ཚགས་པར་རེའི་འགྲེམ་སྤེལ་མཛད་སྒོ་ཞིག་སྤེལ་གྱིན་འདུག སྐབས་ཐོག་དེར་ངེད་གཉིས་སློབ་མཐར་ཕྱིན་ནས་ཅུང་འགོར་འདུག དུས་དེར་འུ་གཉིས་འཛོམས་ཏེ་མི་སྒེར་རེ་རེའི་ཚེ་སྲོག་གི་གནས་སྟངས་ཐད་ཀྱི་ལབ་གླེང་མང་པོ་བྱས་པ་ཡིན།
མཛད་སྒོའི་ཐོག་གྲོགས་ཀྱིས་བཤད་རྒྱུར། དེང་སྐབས་དེབ་དང་ཚགས་པར་གྱི་ངོས་སུ་རྩོམ་པ་པོ་མིང་གྲགས་ཅན་དག་གི་སྐད་ཆ་དང་སྙན་ཚིག་ཐུང་ཐུང་རེ་བཀོད་དེ་ཁྱབ་བསྒྲགས་བྱེད་ཀྱིན་པའི་རྣམ་པ་འདི་ལ་དམིགས་བསལ་དགའ་བོ་མེད། གཙོ་བོ་མི་བུ་རང་གི་ནུས་པ་དང་གསར་རྩོམ་ལ་ཁྱད་ཆོས་ཡོད་ན་ཡག་ཅེས་ཁ་བརྡ་བྱས་སོང་།ང་རང་གི་སེམས་སུ་དེ་ནི་དུས་རབས་འདིའི་རྩོམ་འབྲི་བ་དག་དང་དེབ་དཔར་མཁན་དག་གི་ནད་ཅིག་རེད་བསམས་སོང་།
མདང་ནུབ་གྲོགས་ཀྱི་སྒྲུང་ཐུང་༼མཁའ་དབྱིངས་སུ་སྤྲིན་པ་ཡུག་གཅིག་ཀྱང་མི་སྣང་༽ཞེས་པ་དེ་ཉལ་སའི་ནང་ནས་ཡང་བསྐྱར་བཀླགས་པ་ཡིན། གྲོགས་གསོན་ངོགས་ན་ཡོད་དུས་ཀྱང་སྒྲུང་ཐུང་འདི་ཐེངས་འགར་བཀླགས་མྱོང་། སྒྲུང་ཐུང་འདི་ད་ལྟ་ལུང་བསྟན་ལྟ་བུ་ཞིག་ལ་ཆགས་སོང་སྙམ་ན་ང་རང་ལྷག་ཏུ་འདང་རྒྱག་ནང་ལྷུང་བྱུང་། སྔོན་ཆད་ཁ་བ་སྙིང་ལྕགས་མ་འདས་སྔོན་ལ་ཡང་གལ་ཏེ་ང་རང་ཤི་སོང་ན་ཞེས་པའི་སྙན་ངག་ཅིག་བྲིས་སོང་། གྲོགས་འཕྱཎ་བྷང་གིས་ཀྱང་ཚེ་རིང་བ་ནི་ང་ཡི་དམ་ཚིག་མིན་ཞེས་སྙན་ངག་ཅིག་བྲིས་སོང་།
དེ་རིང་ལམ་བར་དུ་ན་གཞོན་འདི་དག་གིས་འཆི་བ་བློས་བསླངས་བྱེད་ཚུལ་འདི་ཡག་པ་ལ་ཨང་བསམས། ཡིན་ཡང་ཁོ་རང་ཚོ་བཞུད་པ་འདི་ལྟར་སྔ་བས་ཡིད་སེམས་རབ་ཏུ་སྐྱོ།ངས་སྔོན་ཆད་ང་ཡི་མི་ཚེ་ནི་ང་རང་ཀློག་པར་སྤྲོ་བའི་སྙན་ཚིག་ཚན་པ་ཞིག་ཏུ་གྲུབ་སོང་ན་དེས་ཆོག་ཅེས་ལྷུག་རྩོམ་ཞིག་ཏུ་བྲིས་པ་ཡིན།ངོ་མ་གསར་རྩོམ་གྱི་ཤེས་རབ་དང་བློ་གཤོག་ལྡན་པའི་ན་གཞོན་འདི་དག་གི་མི་ཚེ་ནི་ཀློག་པར་སྤྲོ་བའི་སྙན་ཚིག་ཚན་པ་རེར་གྱུར་འདུག གྲོགས་པོ་དག་བདེ་བར་བཞུད་ཅིག བདེ་བར་བཞུད་ཅིག
༢༠༢༤.༦.༢༠སྦྱར།
དབྱར་གྱི་འཇའ་ཚོན།
—གྲོགས་དུར་སྲི་ལགས་རྗེས་སུ་དྲན་པ།
དགའ་རལ་གྲི།
ཤོག་ངོས་གཅིག་ལ་གསལ་བའི་ཡིག་འབྲུ་དེ
ཆར་བས་བརླན་རྗེས་ཚོན་མདངས་སྣ་ཚོགས་དབྱེར་མེད་དུ་གྱུར་ནའང
སྨིན་ཐག་ཆོད་པའི་ཚིག་སྦྱོར་གྱི་མཛེས་པ་རེ་རེ
རྒྱང་སྒྲིབ་ཕོག་པའི་མིག་ཟུང་གིས་མཐོང་དུ་མེད་ཀྱང
གྲོགས་ལགས རིན་ཐང་ལྡན་པའི་རྣམ་འགྱུར་དེ་དག་བོར་ཐབས་ཡེ་ནས་མ་བྱུང
ད་ལྟའི་བར་དུ
སྒྲུང་གཏམ་གྱི་ཞིང་ཁམས
རྩོམ་ལུས་ཀྱི་ཁམས་ཆེན་པོ་རེ་རེར
ཚེ་སྲོག་ཅིག་གསོན་ནས་ཤི་རག་བར་དུ
ལེ་འདེད་མེད་པར་ལས་དབང་ལ་ཐོད་པ་རྩེ་གཅིག་ཏུ་གཏུགས་ནའང
གྲོགས་ལགས ཕ་ཡུལ་གྱི་དབྱར་ཟླ་ལ་ཡི་མུག་པའི་མེ་ཏོག་ཅིག་སྐྱེ་བཞིན་འདུག
གང་ལྟར་ནའང མཐོང་ཐབས་མེད་པ་ནི
མེ་ལོང་ལ་འཆར་ཆོག་པའི་གཟུགས་དང་ལང་ཚོ་མ་ཡིན་པར
གྲོགས་ལགས ཆེས་ཆེ་བའི་བརྒྱུད་ཀྱི་རིན་ཐང་དེ་རེད
༢༠༢༤ལོའི་ཟླ༦པའི་ཚེས༢༠ཉིན།
མེ་སྟག་ཅིག་གཟིམས་སོང་།
ཁྱུང་།(རྨ་སྟོད)
ཁྱོད་ནི་མེ་སྟག་ཅིག་སྟེ
བརྩམས་སྒྲུང་སྲེག་མཁན་གྱི་མེ་སྟག་ཚ་པོ་ཞིག
དེ་ཡི་བརྗོད་བྱའི་སྲོག་དང་གྲུབ་ཆའི་སྙིང
ཡིག་འབྲུ་རེ་རེའམ་སྦྱོར་བ་ཆ་ཤས་དག་ཤིན་ཏུ་སྲེག་མཁན་ཏེ
ལོ་སྔོན་མར་གང་སར་མཆེད་པའི་མེ་སྟག་ཅིག
ཁྱོད་ནི་མེ་སྟག་ཅིག་སྟེ
ཡུལ་མགོ་ལོག་གི་མེ་སྟག་ཅིག
རང་ཡུལ་ལུང་པ་ནས་འབར་བའི་མེ་སྟག་ཅིག
ཁྱོད་ཀྱི་འབར་ཤེད་ཧ་ཅང་ཆེ་དོན
དབྱངས་གསལ་གྱི་ཨོང་བས་མེ་ཁ་གསོས་ཤིང
སུམ་རྟགས་དག་གསུམ་གྱི་ཆང་བཅུད་བླུགས་པས
ཧ་ཅང་འབར་སླ་ལ་འབར་ཤེད་ཆེ་བའི་མེ་སྟག་ཅིག་ཏུ་གྲུབ
རབ་ཏུ་མཆེད་དེ
དྲོད་རླབས་ཆེན་པོ་ཕྱོགས་སུ་ཁྱབ་དུས
འཆི་བའི་ཆར་ནག་ཅིག་གློ་རྡེག་ལ་བབས་པས
ཁྱོད་ཀྱང་སྟ་གོན་ཅི་ཡང་མེད་པར་གཟིམ་སོང
ཇི་འདྲའི་ཕངས་པ་ལ་ཨང
་་་་་་་་
༢༠༢༤.༦.༡༨ལ།
གངས་དཀར་པོ།
རྐང་ཐང་བ།
ངས་ས་སྲོས་ལ་གཏད་ནས་སྔམ་པ་འཐེན
གྲང་རླུང་ལ་འཆར་གཞི་དམར་པོ་འདུག
ངས་ཚ་གསུར་ཕུད
སྤང་སྣེ བྱེ་མས་མིད་པ་དང
བྱེ་མ་ལས་རྡོ་བ་གྲུ་བཞི་མང་པོ་སྐྱེས
ང་གཙང་འགྲམ་དུ་ཙོག
སྲིན་བུ་མེ་འཁྱེར་གྱིས་ཅི་ཞིག་ལ་ཆུ་ཟེར་བ་མི་ཤེས
ངས་ཐ་མག་ལ་མེ་བསྒྲོན
ཆུ་ནི་ཡིག་འབྲུའི་ཁྱིམ་གཞིས་རེད
རླངས་པ་མཁའ་རུ་འཕྱུར་སྟངས་ལས
ངས་ཁྱོད་ཀྱི་ཡ་ཆུང་གི་གངས་དཀར་པོ་མཐོང
གངས་དཀར་པོས
ཉི་ཟེར་སེར་བོའི་དབུ་ཞྭ་མནབས
༢༠༢༤.༦.༢༧ རྩོམ་གྲོགས་དུར་སྲི་ལགས་གློ་བུར་འདས་པར་ཡིད་གདུང་བ་དང་བཅས་ཏེ་བྲིས།
ཕངས་སེམས།
སྐྲ་ལོ།(མགོ་ལོག་པདྨ)
སྐྲ་ལོ།(མགོ་ལོག་པདྨ)
ངོ་མི་ཤེས་པའི་ཡུལ་གྲོགས་ལགས
ཁྱོད་ཉིད་ལྷིང་འཇགས་དང་བབ་ཆགས་ཀྱི་ངང་ནས་བུད་སོང
གཙང་འགྲམ་དུ་མེ་ཏོག་བཞད་པའི་དུས་ལ
བྱ་ཁྱུ་དག་ཕ་ཡུལ་གྱི་ནམ་མཁར་ལྡིང་སྐོར་རྒྱག་པའི་དུས་ལ
དབྱངས་གསལ་གྱི་ངག་སྒོ་སྲུང་བའི་གངས་ཕྲུག་ཁྱོད
འཁོན་སེམས་དང་གཅེས་སྤྲས་ཀྱི་འཚང་ཁ་རྒྱག་པའི་ཡུལ་གྲུ་དང་གཏན་དུ་གྱེས་སོང
སེམས་ཀྱི་ཟབ་ས་དང་ཡིད་ཀྱི་གསེང་ནས
བོད་ཕྲུག་ཅིག་གི་རྒྱང་བཞུད་ལ་ཕངས་སེམས་ཤོར་སོང
རྩྭ་ཐང་ལ་བདག་པོ་མེད་པའི་དུས་རབས་ཤིག་མ་བྱུང་གོང་དུ
དབྱངས་གསལ་གྱི་སྒྲ་གདངས་ཉམས་པའི་ལོ་རབས་ཤིག་མ་འོངས་སྔོན་དུ
ཁྱོད་རང་གདུག་རྩུབ་དང་མནར་གཅོད་ལ་རྒྱབ་གཏད་ནས་བུད་སོང
ཚེ་སྲོག་གི་མཛེས་སྡུག་དང་མི་ཚེའི་རིན་ཐང་བསམ་དུས
གངས་ཕྲུག་ཁྱོའི་གྱེས་ཕྱག་ལ་ལྷག་ཏུ་ཕངས་སེམས་ཤོར
མི་ཡི་ལུང་པར་ད་དུང་ཁྱོད་ལ་བསྔོ་སྨོན་དང་མ་ཎི་འདོན་མཁན་ཡོད་པས
བདེ་བར་གཟིམས་ཤིག
ཨོཾ་མ་ཎི་པདྨེ་ཧཱུཾ
ཞལ་མཇལ་མ་བརྗེད།
ན་བུན།
ན་བུན།
ཁྱེད་རང་ཉི་ཟླ་ཡིན་ན།།
དེ་དགོང་ནུབ་ལ་ཡིབ་ཀྱང་།།
སང་ཉིན་སླར་མཇལ་ཆོག་པས།།
སྐྱོ་དགོས་དེ་ཙམ་མི་འདུག།
ཚེས་ནག་མཚན་གཞུང་དེ་ནས།།
གར་སོང་འདྲི་ས་མེད་ཅིང་།།
གར་འདུག་གོ་ཐོས་མེད་པས།།
སེམས་ཀྱི་ཨ་ཐང་ཆད་སོང་།།
མི་བརྟན་སེམས་ཀྱི་ཞིང་དུ།།
འདུ་འབྲལ་འཁོར་བའི་ཆོས་ཉིད།།
ག་ཙམ་ཐང་ལ་བཀོད་ཀྱང་།།
དེ་ཙམ་ཁོད་ཐབས་མ་བྱུང་།།
ཁྱེད་རང་སུ་ལ་མ་བཅོལ།།
མཆོག་གསུམ་ལྷ་ལ་བཅོལ་ཡོད།།
ལྷ་ཚོགས་རྒྱ་མཚོའི་དབུས་ནས།།
ང་ལ་ཞལ་མཇལ་མ་བརྗེད།།
བདེན་ནམ།
གསར་བ།
གསར་བ།
༡
གྲོགས་པོས་རྒྱང་རིང་ནས་ཁ་པར་ཡོང་སྟེ
ཁྱོད་རང་ནམ་མཁའི་སྐར་མདའ་བཞིན་དུ་ཡལ་སོང་ཟེར
སྐབས་ཐོག་དེ་ལ
མགོ་ཐོག་གི་ཉི་མ་འདི་ཡང
འུ་ཅག་གི་བརྩེ་བ་བཞིན་དུ་ཤིན་ཏུ་དྲོ
ཡང་དང་བསྐྱར་དུ
སེམས་ཀྱི་འཆར་ཚུལ་ཞིག་ལ་
ད་དུང་དྲུང་དུ་ཡོད་པ་འདྲ་བས
དངོས་གནས་ཡིད་ཆེས་ཐབས་བྲལ
༢
ངེད་གཉིས་ལམ་དུ་ཆས
སྙི་སྟོད་ནས་ལམ་ལ་བུད
ཉིན་འགའི་སྔོན་ལ་ལན་གྲུར་འགྲོ་བའི་དུས་ཆད་བཏང
སྐད་འཕྲིན་ནས་སྐད་ཆ་མང་ཙམ་གློད
འདི་དག་ཡིད་དུ་ཝ་ལེར་གསལ་བས
ད་དུང་དྲུང་དུ་ཡོད་པ་འདྲ་བས
དངོས་གནས་ཡིད་ཆེས་ཐབས་བྲལ
༣
ཡུལ་དུ་ལོག་པ་ན
ཁྱོད་རང་སྐར་མདའ་བཞིན་དུ་ཡལ་སོང་བ་བདེན
གནམ་བསྐོས་ཀྱི་ལས་དབང
མགོ་ཐོག་གི་སྡུག་བསྔལ་འདི
དངོས་གནས་བཟོད་ཐབས་བྲལ
གྱེས་བྲལ།
༼ཁྱེད་ཀྱིས་བར་སྣང་ལ་རི་མོ་ཕབ་པའི་ཉིན་དེ་ཡིས་ངའི་སེམས་ཀྱི་མིག་ཆུ་གཏོར་བའི་རྒྱང་རིང་དུ་སྐྱིད་སྡུག་གི་ཡོལ་བ་ཚལ་བར་གཏུབས༽
སྣང་བ།
༼ཁྱེད་ཀྱིས་བར་སྣང་ལ་རི་མོ་ཕབ་པའི་ཉིན་དེ་ཡིས་ངའི་སེམས་ཀྱི་མིག་ཆུ་གཏོར་བའི་རྒྱང་རིང་དུ་སྐྱིད་སྡུག་གི་ཡོལ་བ་ཚལ་བར་གཏུབས༽
སྣང་བ།
ད་ནས་བཟུང་། ང་རང་དཔྱིད་ཀའི་ཉི་གཞོན་དང་རྒྱང་དུ་འབྲལ་བར་བྱ།
རྨི་ལམ་གྱི་ཤྭ་ཕོར་གཤོག་པ་ཐོགས་པའི་ཁེར་རྐྱང་གི་རྒྱལ་སྲས་ཤིག
འཚོ་བའི་ཆགས་སྡང་དུས་ཀྱིས་བཅད།
ལང་ཚོའི་མེ་ཕུང་བྱེ་མར་བརྡལ།
གྲུ་ཟུར་གྱི་དགོད་སྒྲར་འཇིགས་པ་བཏང་ནས།
ལུས་དང་སེམས་ཀྱིས་མི་ཟིན་པའི་ཕ་རོལ་ཏུ་འཕུར་སོང་།
ད་ནས་བཟུང་། ང་རང་ལམ་གྱི་དགོང་དྲོ་ལ་རྟག་ཏུ་འཚེ་བར་བྱ།
སེམས་ཀྱི་རོལ་དབྱངས་ནམ་མཁར་ལེན་པའི་བརྩེ་དུང་གི་གླུ་བ་ཞིག
དབྱངས་གསལ་གྱི་ང་རོ་སད་ཀྱིས་འཁྱེར།
རྡོག་ཁྲེས་ཀྱི་སྒྲ་ལ་གས་ཆག་ཤོར།
ཕྱིར་མི་ལྡོག་པའི་གླུ་ཞིག་བླངས་ནས།
ཕུགས་བསམ་གྱི་རྒྱལ་ཁབ་ཏུ་ཧད་ཀྱིས་བཞུད་སོང་།
ད་ནས་བཟུང་། ང་རང་ཁྱོད་ཀྱི་སྙན་ངག་གི་སྒོ་གླེགས་སུ་ཡང་བསྐྱར་འཛུལ་བར་བྱ།
གྲང་ངར་ཐེབས་པའི་ཤ་རུས་ལ་ཁ་རླངས་སྐྱུད་ཞོར།
བཤད་ན་འདོད་པའི་གདུང་བ་ཡོད་ཚད།
རླུང་དང་ཆར་ལ་འདྲེས་ནས།
དམ་ཚིག་ལྡན་པའི་གྲོགས་ཁྱིམ་གྱི་ཕོ་བྲང་དུ།
གཟིམ་མེད་ཀྱི་མར་མེ་ཞིག་བསྒྲོན་ཏེ།
འཇིག་རྟེན་པའི་གྲུ་གཟིངས་ནས་གཏན་དུ་བཞུགས་དགོས།
བར་ཆད་ཀྱིས་ཁྱེར་བའི་དབྱངས་དཀར་པོ།
ཐི་གུ།
སྐྱིད་སྡུག་གི་ཉིན་སྲིབ་མང་པོའི་ལ་དང་ལ་མོ་བརྒལ་མྱོང་བའི་མ་བསྒྲིག་རང་འགྲིག་གི་རོགས་པ། རྩོམ་ལུས་སྣ་ཚོགས་ཀྱི་མེ་ཏོག་གི་ཚོམ་བུ་པིར་རྩེ་ན་གེ་སར་དང་བཅས་བཞད་ཡོད་པའི་མ་ཨ་མའི་པང་གི་བུ་གཅིག ཡུལ་སྟོང་སྡེའི་ཁྲོམ་གྱི་སྟག་ཤར། བུ་ཨ་ཡོད་ནང་གི་དེ་ཡོད། གཟུགས་སྐྱེ་མཆེད་ཉི་མ་ཤར་འདྲ། ཡག་ཐག་ཆོད་ཁྲོམ་ཐོག་ཆོད་མི། བཟང་ཐག་ཆོད་མི་ཁ་ཆོད་མི། ནང་ཕུ་ནུའི་ཁྲོད་ཀྱི་གཅེས་དམར། ཁྱིམ་བཟའ་བའི་ནང་གི་མི་གཡང་། གྲོགས་ན་ཟླའི་ཁྲོད་ཀྱི་འདང་ཆེན་ཞིག་ཤིང་འབྲུག་ལོའི་ལྔ་བའི་ཚེས་བཅུའི་ནམ་ཡོལ་གླང་གི་དུས་ལ་འཁོར་བགེགས་ཀྱིས་ལྔ་ལམ་དུ་བསྙིལ་པའི་སྐད་ངན་དེ་འཛེར་སྒྲ་བཞིན་གྲོགས་ཁྱིམ་ཚོམས་ལས་གོ་ཡོང་དུས་ཨ་ཙི་ཅི་འདྲའི་ཕངས་པ་ལ་དེ་མ་བདེན་ན་ཅི་མ་རུང་སྙམ། ཕལ་ཆེར་བདེན་མི་སྲིད་སེམས་ཏེ། དེ་མ་ཐག་གྲོགས་མཐོ་རིས་པོ་ལ་ཁ་པར་ཞིག་གཏོང་དུས་ཉན་མཁན་ཞིག་ཡེ་མ་བྱུང་། སྐབས་དེར་ཙི་གུ་སྤུན་ལྔའི་གྲོགས་ཚོམས་སུའང་སྐད་ངན་དེ་ཁྱབ་འདུག འདི་ལྟར་སྐད་ངན་དེ་འཕྲིན་ཕྲན་གྱི་གྲོགས་ཚོམས་སུ་གཅིག་རྗེས་གཉིས་མཐུད་དུ་སླེབས་དུས་ཁོ་བོ་ནི་ཕངས་སེམས་དང་སྐྱོ་གདུང་གི་སྦུབས་སུ་རེ་ཞིག་ཧད་དེ་ཅེར། མིག་མཐའ་དང་ཟ་འགྲམ། ཡ་ཆུང་སྟོད་ལའང་མཆི་མ་ལྷུག་ལྷུག་ཏུ་དཀུ་བས་ལུས་སེམས་སྦྲིད་དེ་བློང་བློང་པོར་གྱུར།
ཀྱེ་ཧུད་རབ་འབྱམས་པའི་བསླབ་གནས་ཕྲག་ལ་མཛེས་ཤིང་།རྩོམ་ལུས་སྣ་ཚོགས་ཀྱི་འཕྲུལ་སྨྱུག་མཛུབ་མོ་ལ་གཟར་བའི་ན་གཞོན་དར་བའི་ཉིན་གུང་ལ་སླེབས་པ་ཞིག་གློ་བུར་དུ་རྐྱེན་ལམ་ལ་དྲངས་པའི་བར་ཆད་དེ་ཤས་མི་བཟོད་པའི་ན་ཟུག་ཅིག་མ་ཡིན་ནམ། གྲོགས་གཅེས་མཐོ་རིས་པོ་འུ་གཉིས་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཉལ་ཁང་དུ་ཡོད་དུས་ཁ་བ་སྙིང་ལྕགས་རྐྱེན་ལམ་དུ་ཤོར་བའི་སྐད་ངན་དེས་ཁྱེད་རང་མཚན་གང་བོར་གཉིད་མ་ཁུག་པ་ཇི་བཞིན་ཁོ་བོ་ཅག་ལའང་ཕངས་སེམས་དང་ན་ཟུག་གིས་མནར་གྱིན་གདའ། ང་དང་ན་བུན། གསར་བ། དུག་སྤྲིན། འགྲོ་མགོན་བཅས་ཀྱིས་ལས་གནང་ཞུས་ཏེ་ཉིད་ཀྱི་ཁྱིམ་མི་ཚོ་དང་ལྷན་དུ་ལ་ལས་འདས་མཆོད་ལ་གྲ་སྒྲིག་བྱས། ལ་ལ་པུར་བདག་ལ་རྒྱུག་ནས་ཁྱེད་རང་དད་སའི་མཁན་རྒན་པདྨ་བློ་གྲོས་ཀྱི་དྲུང་དུ་པུར་བསུས་ཏེ་འཕོ་བ་ཞུས་ཡོད།གྲོགས་གཅེས་མཐོ་རིས་པོ། དེ་ལས་གཞན་ཁྱེད་ལ་ཕན་པའི་བྱ་བ་ཞིག་ད་ནི་ངེད་ཅག་གིས་སྒྲུབ་ཐབས་མི་འདུག
མི་ཆོས་ཀྱི་དཔལ་ཡོན་རུས་རྐང་ལ་འཁྱིལ་བའི་གྲོགས་མཐོ་རིས་པོ་ནི་གསོན་པའི་ཚེ་ན་ཕྲ་མ་དང་ཚིག་རྩུབ། ང་རྒྱལ་དང་ཕྲག་དོག བརྣབ་སེམས་དང་གནོད་སེམས་སོགས་རྒྱུད་ལ་མི་མངའ། མཆོད་གནས་ཁྱིམ་དུ་བཞག་སྟེ་གཞན་མ་འཚོལ་ཞེས་པ་བཞིན་དྲིན་ཆེན་མ་ལོ་ལ་རབ་ཏུ་བྱམས་ཤིང་ཤིན་ཏུ་བརྩེ། དུས་ཀྱི་ཁོར་མོ་ཡུག་ཏུ་མ་ལོའི་ཁ་ལེན་ཞིང་ཚིག་བརྩི། ཚེགས་ལེན་གོམ་ཤུགས་ལ་མཁས་པས་གློ་རྡེག་ཏུ་གཤིན་ཡུལ་ལ་འཕྱན་རུང་བར་དོའི་འཁྲུལ་སྣང་དང་འཇིགས་སྐྲག་སོགས་ཧ་ཅང་ཉུང་ཉུང་ཡིན་སྲིད། རྟག་ཏུ་རྣམ་པར་གྲོལ་བའི་ཁམས་སུ་སྐྱེ་ངེས་ཤིང་སྐྱེ་བའི་སྨོན་ལམ་ཡང་ཡང་འདེབས།
འཇིག་རྟེན་འདི་ཇི་འདྲའི་མཚར་ཨང་།
___ ཕ་ཡུལ་གཅིག་པའི་གྲོགས་པོ་རྩོམ་པ་པོ་དུར་སྲི་ལགས་ཚེ་ལས་འདས་པར་ཕུལ་བ།
གཤིན་པོ།
___ ཕ་ཡུལ་གཅིག་པའི་གྲོགས་པོ་རྩོམ་པ་པོ་དུར་སྲི་ལགས་ཚེ་ལས་འདས་པར་ཕུལ་བ།
གཤིན་པོ།
སྐྱེ་བ་སྔ་ཕྱི་ཟེར་བ།
དུས་ཚོད་ཀྱིས་བཅད་པའི་གཙང་བོ་ཡིན་ནམ།
ཡང་ན། གློ་བུར་དུ་བརྡོལ་བའི་སྙིང་གི་ན་ཟུག་ཡིན།
ང་ལ་ཅིས་ཀྱང་ཡིད་གདུང་སྐྱོམ་སའི་ནམ་མཁའ་ཞིག་མི་འདུག་ཨང་།
ཆར་རྒྱུན་རིང་དྲགས་པར་བསམ་ན།
ཁྱོད་ཉིད་ཆར་ཆུའི་རྒྱུན་དང་འགྲོགས་ཡོད་པར་བསམ་ན།
ངས་ད་དུང་ཅི་ཞིག་ལྷག་ལུས་མེད་པར་བརྗོད་པར་འདོད་མོད།
ཚོད་ཚོད་ལ་ང་རང་སྨྲ་བ་འགགས་པའི་ལས་སུ་འཁྲུལ།
ནམ་མཁའ་འདི་ཇི་འདྲའི་ཆུང་ཨང་།
ང་ཚོས་རང་གི་ལྷམ་ཆུང་དྲུད་ནས།
འཇིག་རྟེན་འདིར་གོམ་པ་མང་ཙམ་སྤོས་མོད།
ང་ཚོས་རང་གི་སེམས་གཏམ་དེ་དག་ཀྱང་བཤད་འཕྲོར་ལུས་ཡོད།
དུས་ཚོད་འདི་ཡང་ཇི་འདྲའི་རིན་ཐང་མེད་པ་ཞིག་རེད་ཨང་།
ཁྱེད་ཀྱིས་ཡིག་འབྲུ་དེ་དག་ཕྲག་པར་ཁུར་ནས།
རང་གི་འཚོ་བའི་སྙིང་བོ་དག་མ་བཅོས་པར་བརྗོད་ནའང་།
ངས་ད་དུང་སྐད་ཆའི་ལྗིད་ཚད་ཙམ་ཡང་མ་ཐེག་པར།
གློ་བུར་དུ་ཁྱེད་ཀྱི་གྲིབ་མའང་བོར་སོང་བ་འདི་ཇི་འདྲའི་མཚར་ཨང་།
ཞེན་ཆགས་ཀྱི་ལས་ཅི་ཙམ་མང་ནའང་།
ང་ཚོས་ན་ཟུག་གིས་གཙེས་པའི་རང་ཉིད་ཁོ་ན་ཡི་གེར་བྲིས་མོད།
ཧྲལ་ཧྲུལ་དུ་གྱུར་བའི་ཐ་སྙད་དེ་དག་གིས།
གློ་བུར་དུ་མུན་པ་འཁྲུགས་པ་འདི་ཡང་ཇི་འདྲའི་མཚར་ཨང་།
རྨི་ལམ་ཐོགས་པའི་ཁྱེད་རང་།
___ བོད་ཀྱི་ན་གཞོན་སྙན་ངག་པ་དུར་སྲི་འདས་པར་ཕུལ་བ།
གནམ་སྲས།
___ བོད་ཀྱི་ན་གཞོན་སྙན་ངག་པ་དུར་སྲི་འདས་པར་ཕུལ་བ།
གནམ་སྲས།
མགོ་ལོག་གི་ནམ་ཟླ་ཧ་ཅང་འཁྱགས་པས
ཁྱེད་ཀྱིས་སྙན་ངག་གི་སེང་རས་ཤིག་མགོར་དཀྲིས་ཤིང
མུ་མེད་ཀྱི་རྩྭ་ཐང་དེ་ནས
མི་རབས་ཤིག་གི་སྒལ་ཚིགས་བསྲུངས་ནས་བསྡད་མྱོང
དངོས་ཡོད་ཀྱི་ཁྲེལ་མེད་འོག་ནས
ཁྱེད་རང་བག་འཁུམ་པའི་ན་གཞོན་ཞིག་མ་བྱས་པར
དབྱངས་གསལ་གྱི་གོན་པ་ཡང་ཡང་བཀྲུས
སློབ་མཐར་ཕྱིན་ན
ཁྱེད་ཀྱིས་བློ་གཏད་མེད་པའི་འཚོ་བའི་འོག་ནས
དཔའ་བོ་བཅའ་རྒྱུ་བྱས་ལ
མགོ་ཐོག་གི་གནམ་ལ
ལས་དབང་མི་བཅོལ་བའི་ལ་རྒྱ་བསྲུངས
དེ་ནི་གླེན་རྟགས་ཤིག་མིན་ལ
སེམས་ཀྱི་ཉེ་བར་གླན་པའི་ཕུགས་བསམ་ནི
ཁེར་ཧྲེང་གིས་འཚོལ་དགོས་པས་ཡིན
ཁྱེད་རང་རྨི་ལམ་གྱི་རྟ་ཕོ་ཞོན་ནས
མགོ་ལོག་གི་ཡུལ་ལུང་དང་གྱེས་ཤིང
ཀློག་པ་པོས་སྒུག་པའི་བརྩམས་ཆོས་དག་སྦས་ཏེ
ཁྱེད་རང་གཅིག་པུ
སྲབ་མདའ་མི་ལྷོད་པར་གནས་གང་དུ་བཞུད་སོང
མགོ་ལོག་གི་ནམ་མཁར་སྤྲིན་པ་འཁྲིགས་ཤིང
ཁྱེད་ཀྱི་བློས་བསླང་གི་བརྩམས་སྒྲུང་དེའང་མངོན་འགྱུར་བྱུང་བས
ཁུ་སིམ་མེར་གྱུར་བའི་མགོ་ལོག་ནི
ལག་དམར་ཡིན་པ་ཁོ་བོས་ཤེས་ཡོད
དབྱངས་ཀྱི་པགས་ཚག་གྱོན་པའི་བྱིས་པ་ཞིག
སྙན་ངག་པ་དུར་སྲི་རྗེས་དྲན་དུ་གངས་རྡེའུ་རུ་འབོད་པས་སྦྱར།
སྙན་ངག་པ་དུར་སྲི་རྗེས་དྲན་དུ་གངས་རྡེའུ་རུ་འབོད་པས་སྦྱར།
ཚེ་ཡི་མེ་ཏོག་ཁྲ་བོ་སྙིང་དུ་སྡུག།
དེ་ནི་དཔྱིད་གསུམ་ཆུ་དང་ལུད་ཀྱིས་བསྲིངས།།
དེ་ནི་དབྱར་གསུམ་དྲོད་དང་རླུང་གིས་གད།།
དེ་ནི་སྟོན་གསུམ་སད་དང་བསེར་བུས་བརླགས།།
དེ་ནི་དགུན་གསུམ་ཕྱི་མའི་རྟིང་སོར་འཕྱན།།
དེའི་ཕྱིར་ང་དག་འཁོར་བའི་ཆུ་ཁ་ནས།།
སྐྱོ་སྣང་ཚ་གདུགས་དག་ནི་ཞི་བ་དང་།།
གུ་ཡངས་བག་བདེའི་སྣང་བ་ཁྱབ་པར་ཤོག།
ཡུན་ཐུང་ཚེ་ཡི་ལ་མོ་བརྒལ་བའི་ཚེ།།
ཁྱོད་ནི་སྒོ་གླེགས་བརྡུངས་ཏེ་ང་སར་བཅར།།
སླར་ཡང་གྱེས་བརྡ་ཕུལ་ཅིང་སོ་སོར་ཆས།།
ཐོབ་ཤོར་སྒྱུ་མ་ལྟ་བུའི་རྩེད་འཇོའི་ཀློང་།།
ང་དག་བྱིས་པའི་ཚུལ་གྱིས་གོམ་པ་གློད།།
ཞེན་ཆགས་རྟ་ཁ་བསྒགས་ཏེ་ཕྱིར་མིག་གིས།།
སྔ་མའི་ལམ་བུ་སྐྱ་མོར་བལྟ་བའི་ཚེ།།
ང་ཚོ་ཁེར་བུ་འོང་ཞིང་གཅིག་པུར་ཆས།།
དགའ་སྐྱོ་ཆགས་སྡང་དག་ནི་རྒྱ་མཚོ་རུ།།
ཁ་བའི་འདབ་མ་བཞིན་དུ་སིམ་པར་རྩོམ།།
In That Summer
By Jigmed Tubtle
By Jigmed Tubtle
I hear summer is beautiful,
It holds the wholesomeness of sunlight,
Which brings warmth and comfort.
Though, the summer above me is awful.
There is no sunlight whatsoever,
No comfort no warmth.
Because, we are drenched by your loss.
I know nightfalls are colorful,
It creates magical moments of memories.
Which decorates our life and soul.
Yet, the dusk I see today is dark.
There is no sun rays however,
No magic no feeling.
Because, we are hurt by your loss.
I believe moonlight is romantic,
It reveals our inner truth of who we are.
Which makes calm and peaceful.
But, the night I am feeling is sorrowful.
There is no moonlight whatever,
No romance no drama,
Because, we are regretful by your loss.
2024.6.22
དབྱར་ཁ་དེར།
འཇིགས་མེད་སྤྲོས་བྲལ།
ངའི་གོ་ཐོས་སུ་དབྱར་ཁ་ནི་ཡིད་དུ་འོང་བ་ཞིག
དེ་ལ་ཁྲི་གདུགས་ཀྱི་ཕུན་ཚོགས་འཛོམས་ཤིང་
དྲོད་ཁོལ་དང་སྤྲོ་སྣང་ཡང་ལྡན་
འོན་ཏེ། མགོ་ཐོག་གི་དབྱར་ཟླ་འདི་གདུག་རྩུབ་ཆེ་
ཉི་འོད་ག་ཤེད་དུ་བདས་པས་
སྤྲོ་སྣང་མེད་ལ་དྲོད་ཁོལ་ཡང་བྲལ་
རྒྱུ་མཚན་ ཁྱོད་བཞུད་ཤུལ་ནས་ང་ཚོ་སྡུག་བསྔལ་གྱི་ཆར་བས་བརླན།
ངའི་ཤེས་ཚོད་ལ་དགོང་སྲོད་ནི་ཁ་དོག་རྣམ་པར་བཀྲ་བ་ཞིག
དེ་ཡིས་རྟོག་བཏགས་ཀྱི་ཕྱིར་དྲན་བཞེངས་ཤིང་
འཚོ་བ་དང་ཚེ་སྲོག་མཛེས་པར་བྱེད་
ཡིན་ཡང་། མིག་སྔར་གྱི་སྲོད་དུས་འདི་མུན་ནག་གིས་བསྡམས་
ཉི་ཟེར་ཉག་གཅིག་ཀྱང་མེད་པས་
ལྟད་མོ་མེད་ལ་ཚོར་ཤེས་ཀྱང་སྦྲིད་
རྒྱུ་མཚན་ ཁྱོད་བཞུད་ཤུལ་ན་ང་ཚོ་མྱ་ངན་གྱིས་དྲག་ཏུ་གཟིར།
ངའི་མྱོང་ཚོར་ལ་ཟླ་འོད་འོག་གི་འཚོ་བ་ནི་འཆར་ཡན་གྱི་བདག་ཉིད་ཅིག
དེ་ཡིས་ནང་སེམས་ཀྱི་ང་ཚོ་ཕྱི་རུ་མངོན་ཞིང་
ལྷིང་འཇགས་དང་ཞི་བདེའི་ཁོར་ཡུག་བསྐྲུན་
རེད་དེ། དོ་དགོང་གི་མཚན་མོ་འདི་སྡུག་བསྔལ་གྱིས་ནོན་
ཟླ་འོད་ཡེ་ནས་མེད་པས་
འཆར་ཡན་མེད་ལ་ཟློས་གར་ཀྱང་མེད་
རྒྱུ་མཚན་ ཁྱོད་བཞུད་ཤུལ་ནས་ང་ཚོ་འགྱོད་གདུང་གིས་བཟི།
2024.6.27
送别
俗人
夜里
风轻轻地吹着
看见那转动着的经筒
像是在做某种告别
我望向天空
那里的月光温柔
星河灿烂
回归到天空的你
是否也在其中呢
我的朋友
死亡并不代表结束
生命的传承永远都会在
我们也会在未来的某一天
再以新的方式来迎接彼此
མགོ་ལོག་པདྨའི་བོད་ཀྱི་བུ།
___ གློ་བུར་རྐྱེན་ལམ་དུ་ཤོར་བའི་དུར་སྲི་ལགས་ལ་བྲིས་པ།
ལེགས་རྒྱལ་འབུམ།
___ གློ་བུར་རྐྱེན་ལམ་དུ་ཤོར་བའི་དུར་སྲི་ལགས་ལ་བྲིས་པ།
ལེགས་རྒྱལ་འབུམ།
ཀྱེ་ཧུད།
ངས་ཅི་ཞིག་འབྲི།
ཁ་སང་ཟླ་དྲུག་པའི་མེ་ཏོག་རྙིད་ཐལ་ཟེར་བ་འདི།
སྒྲུང་གཏམ་ནང་གི་སྐད་ཆ་ཙམ་ཡིན་ན་ཅི་མ་རུང་།
གྲོགས་ལགས།
རྒོད་པོ་འབྲོང་གི་སྙིང་རྩ་མི་རྟག་གངས་ཐང་ནས་ཆད་ན།
ངས་ཅི་ཞིག་འབྲི།
འོད་གསལ་ཟླ་བ་དམུ་ནག་གཟའ་ཡིས་བསྒྲིབས་ཀྱང་ལོག་ཕེབས་ཡོད་མོད།
ད་རེས་ངས་དོན་དམ་ཅི་ཞིག་འབྲི།
སྤྲིན་པའི་འདུ་འཛི་ཤིན་ཏུ་བྲེལ་བའི་དེ་རིང་།
ངས་འདི་ཕྱིའི་བར་ཐག་གིས་བཅད་པའི་ཆ་མེད་ཅིག་ལ།
སྐད་ཆ་རྡོག་རེ་སྤྲིངས།
ཤ་ཁྲག་སྐད་གསུམ་གྱིས་སྦྲེལ་བའི་ཆ་ཡོད་ཅིག་ལ།
ཚིག་འབྲུ་འདི་དག་འཆད།
ངས་ཨ་ལན་མེད་པ་ཤེས་བཞིན་དུ་འབྲི་དགོས་པས།
སྙིང་ནས་ཁྱེད་ཉིད་ལ་རྩག་པ་དྲོན་པོ་ཞིག་བཟོ་བར་འདོད།
ཁྱེད་རང་ནི་བོད་པའི་བུ་ཞིག་ཡིན།
ཁ་ཤས་ཀྱིས།
རང་གི་ཕ་དང་མ་ཡི་མིང་ཡང་ཕ་སྐད་ཀྱིས་མི་ཤོད་པའི་དུས་སྐབས་འདིར།
ཁྱེད་ཀྱིས་བོད་ཡིག་གི་ཉིན་ཐོ་འདྲ་མིན་ཅིག་བྲིས་བྲིས་ནས།
བོད་སྐད་ཀྱི་སྙན་རྩོམ་རིང་ཐུང་དེ་དག་བཙེམ་བཙེམ་ནས།
ཁྱེད་ཀྱིས་བོད་པའི་སྐད་ཡིག་ལ་འདྲིས་པའི་མྱི་ཚེ་གཅིག་གཉོར་རྗེས།
བྱ་རྒོད་ཀྱི་གཤོག་རྡེབ་ལས་ཀྱང་གློ་བུར་བའི་ངང་དུ་བཞུད་སོང་ཕྱིན།
ད་ལྟ། ཉིད་ལ་གློད་བསམ་པ་ནི།
ཁྱེད་ཀྱིས་དེ་ཀ་ནས་ཀྱང་། རང་གི་རུས་གཏིང་དུ་སིམས་པའི།
བོད་སྐད་ཀྲོག་ཙམ་ཚོར་ཐུབ་དགོས།
ཁྱེད་ཀྱིས་དེ་ཀ་ནས་ཀྱང་། རང་གི་རལ་བ་བཞིན་བཀུར་བའི།
བོད་ཡིག་འབྲུ་གཅིག་རིག་ཐུབ་དགོས།
ཨ་་་
གཞོན་པའི་ཁྲག་རྩ་ཁོལ་བའི་སྒང་གི
ལང་ཚོའི་བཀྲག་མདངས་རྒྱས་པའི་མདོ་ཡི།
མགོ་ལོག་པདྨའི་བོད་ཀྱི་བུ།
དུར་སྲི།
མགོ་ལོག་རྣམ་རྒྱལ་ཚེ་རིང་།
མགོ་ལོག་རྣམ་རྒྱལ་ཚེ་རིང་།
དུར་སྲི
མེས་པོའི་ཐོད་རུས་ཀྱི་སྐེ་རྒྱན་ཅན
རུས་རྐང་ལ་སྣུམ་ཞག་ཆགས་པའི་ཀང་ཀའི་ཆིབས་པ་ཅན
དུར་སྲི
ཤི་བོ་ཚོའི་རྣམ་ཤེས་བདག་ཏུ་འཛིན་ཞིང
ཞེན་པ་ཡི་བྲང་ཁོག་ན་མེ་ལྕེ་མཆེད་པའི་དུར་བདག་ཅིག
དུར་སྲི
གནམ་སའི་བར་གྱི་གཏམ་རྒྱུད་སོར་མོས་རིས་སུ་ཕབ་པའི་
བྱ་སྒྲོའི་སྨྱུ་གུ་ཅན
དུར་སྲི
ཁྱོད་རང་ཕྱིར་ཡོང་མེད་ཟེར་བ་འདི་ཅི་ཡིན
དུར་སྲི
ཀུ་རེ་མ་རྩེ་
ས་རུབ་ཐལ ཁྱིམ་ལ་ཤོག་ཨེ་གོ་ཐལ
17/6/2024
སྐྱེ་བ་ག་ཚོད་ལ་ངོ་ཤེས་སམ
ལྭ་ནག
ལྭ་ནག
སྤུན་ཟླ་ལགས
འུ་གཉིས་སྐྱེ་བ་ག་ཚོད་ལ་ངོ་ཤེས་པ་མ་ཤེས་མོད
སྐྱེ་བ་འདི་ལ་ངོ་ཤེས་སུ་གྱུར
གྲོགས་པོ་རུ་ཆགས
ར་བཟི་བའི་མཚན་ལམ་རེ་རེ་འུར་གྱིས་སྐྱ་རེངས་བཀྱགས
དབུ་སྐྲ་དཀར་གཙང་ཡིན་པའི་བགྲེས་པོ་ཞིག་གི་རྣམ་ཐར་གླེང
ཁ་ཐག་རིང་ཡང་སེམས་ཐག་ཉེ་བའི་ཞབས་བཏགས་རྒྱག
སྤུན་ཟླ་ལགས
འུ་གཉིས་བར་ཐག་རིང་ཡང་སེམས་ཐག་ཉེ
ངས་ཁྱོད་ཀྱི་ལས་འབྲས་མ་ཚོར
སློབ་གྲོགས་དུར་སྲི་ལགས་རྗེས་སུ་དྲན་པའི་གཏམ།
མགོ་ལོག་པ་བློ་བཟང་།
མགོ་ལོག་པ་བློ་བཟང་།
ལས་ཀྱིས་བགོས་ཏེ་སློབ་གླིང་གཅིག་ཏུ་གྱུར།།
དགེ་རྒན་དམ་པའི་ཐོས་པའི་སྒྲོན་མེ་དེ།།
གཅིག་ཏུ་གཏམ་པའི་སློབ་གྲོགས་ཁྱེད་རང་ཉིད།།
གློ་བུར་གཤིན་ཡུལ་ཕྱིན་འདི་ཕངས་སེམས་ཆེ།།
ཡུན་དུ་འདྲིས་པའི་མེ་ཏོག་རྐང་གཅིག་སྟེ།།
སློབ་གླིང་གཅིག་ཏུ་འགྲིམ་པའི་གྲོགས་ཁྱོད་ནི།།
སྐྱེད་ཚལ་འདི་ལས་སད་ཀྱིས་ཁྱེར་བ་ཡིས།།
མེ་ཏོག་ར་བ་དེ་ཡང་ཆུང་ངུར་སོང་།།
ཁ་སང་དགའ་བའི་རོལ་མོ་ཅིར་ཡང་ལྡིར།།
དེ་རིང་སྐྱོ་གདུང་ཉི་མ་ནག་པོ་ཤར།།
ལས་ཀྱི་རླུང་བུ་འདི་ལ་ཡིད་ཚོད་ནི།།
ནམ་ཡང་མེད་དོ་ཁྱེད་ལ་སེམས་པ་འཁྲེང་།།
གངས་ཀྱི་རི་བོ་འབར་བའི་བྱང་གི་ཕྱོགས།།
ཆེན་པོ་མགོ་ལོག་ས་ཆེན་འདི་ཉིད་ཀྱི།།
རྩོམ་རིག་པདྨའི་སྐྱེད་ཚལ་མཛེས་རྒྱན་དུ།།
ཤར་བའི་ཉི་མ་ནུབ་ཏུ་བཞུད་འདི་སྐྱོ།།
ལས་དབང་གློག་གི་ཞགས་པའི་ཆོ་འཕྲུལ་དེ།།
སུ་ལ་མ་ཐེབས་གྲོགས་ཁྱེད་འཛུམ་ཞལ་ལ།།
ཐེབས་པ་འདི་ནི་སྔ་སོ་ཕྱི་མ་ཡི།།
འཕྲང་རིང་སྐྱེལ་མ་གྱིས་ཤིག་འོད་མཐའ་ཡས།།
མགོ་ལོག་འབུམ་པའི་ཕ་ས་པདྨ་ཡི།།
གསར་སྐྱེས་སློབ་བརྩོན་རེ་བའི་ཉི་གཞོན་དེ།།
བདག་སེམས་བློ་ཡི་ར་བར་ཡོངས་ཁེངས་བའི།།
སློབ་གྲོགས་ཁྱེད་ཉིད་ཕེབས་པ་སྔ་གྲགས་སོ།།
སྐབས་ཤིག་སློབ་གླིང་ནང་དུ་ཡང་ཡང་འཛོམས།།
སྐབས་ཤིག་མི་ཚོགས་ནང་ནས་ཡང་ཡང་འཛོམས།།
སྐབས་ཤིག་དཔེ་ཁང་ནང་ནས་ཡང་ཡང་འཛོམས།།
ད་ནི་འཛོམས་མེད་གཤིན་ཡུལ་ཕྱིན་འདི་སྐྱོ།།
དགུན་གཞུང་གྲང་མོར་གནམ་གྱི་སྐར་མ་བྱས།།
འདབ་རྒྱས་ཆར་དུས་མཁའ་ཡི་ཟེགས་མ་བྱས།།
རྩི་ཤིང་གྲོལ་སྐབས་འབུ་ནག་གྲོག་མ་དང་།།
སྟོན་གྱི་དུས་སུ་བྲེ་སེར་འབྲོང་བུ་བྱས།།
ད་ནི་མི་བཤད་གྲོགས་ཁྱེད་བདེ་བར་གཟིམས།།
བདེ་ལྡན་མགོན་པོ་འོད་མཐའ་ཡས་པ་དེར།།
གསོལ་བ་ཐོབས་དང་ཁྱིམ་མི་གྲོགས་པོ་ཚོས།།
ཁྱེད་ལ་དགེ་བའི་ར་མདའ་ཕུལ་སྒང་ཡིན།།
བདེ་བར་གཟིམས་ཤིག་མ་འཁྲུལ་མ་སྐྱོ་ཞིག།
བླ་མ་དམ་པ་ཡིད་ཀྱི་དཀྱིལ་དུ་ཆོངས།།
ཁྱིམ་མི་གྲོགས་པོ་མ་ལུས་བློ་ཡིས་ཐོངས།།
བདེ་ཆེན་དག་པའི་ཞིང་དུ་གཤེགས་ཤིག་ཀྱེེ།།
གཙང་བོའི་ཕ་རོལ་དུ་མོལ་བ།
སད།
སད།
སྒེའུ་ཁུང་གང་ཞིག་ལས་ཁྱོད་རང་ཐོལ་གྱིས་བཞུད་ཟིན་པ་བདེན་ནམ།
ངའི་དྲན་གདུང་གི་གཙང་ངོགས་སུ་ཁྱོད་དང་ཁྱོད་ཀྱི་གསལ་སིང་སིང་གི་དགོད་སྒྲ་སོགས་ད་ལྟ་ད་དུང་ཡང་མ་ཉམས་པར་གནས།
——སྔོན་འགྲོ།
ཤེལ་དཀར་གྱི་བུམ་པ་དེ་བདག་གི་ལག་ནས་གློ་རྡེག་ཏུ་ས་ལ་ཤོར
ཕངས་སེམས་དང་བརྩེ་བ་སྤྱད་དེ་ཆག་དུམ་རྣམས་རེ་རེ་བཞིན་བཏུས
དེ་དག་ལག་པར་ལེན་ཚེ
སེམས་ཀྱི་རྒྱ་ཁྱོན་དུ་ཤོང་ཐབས་བྲལ་བའི་
འཇའ་ཚོན་གྱི་ཕྱག་རྒྱ་དུ་མ་ཐང་མར་བརྡལ
གསེར་གྱི་ཕྱེ་ལེབ་མང་པོ་བུ་ཡུག་ལྟར་འཚུབ
འོད་ཀྱི་ཀློང་དུ་གཟིམས་སོང་བའི་ཕུག་རོན
གསལ་སྟོང་དབྱེར་མེད་ཀྱི་ཐིག་ལེ་ཐིག་ཕྲན་དེ་དག
ཁྱེད་ཀྱི་མཛེས་སྡུག་གི་སྒྲོ་སྤུའི་གསེབ་ཏུ་ལྟ་ན་སྡུག
བློས་མི་ཐོངས་པའི་ཁྱེད་རང་
གཤོག་པ་སྤྲུག་སྤྲུག་གིས་ཕྱིར་ལ་ཕེབས་འོང་རོགས
18. 6. 2024
སྐུ་ན་གཞོན་པའི་སྒྲུང་པ།
___ ཤག་པོ་དུར་སྲི་རྗེས་སུ་དྲན་པ།
ཨ་སོག
___ ཤག་པོ་དུར་སྲི་རྗེས་སུ་དྲན་པ།
ཨ་སོག
མཚོ་སྔོན་པོའི་ས་སྲོད་ལ་མཉམ་རོལ་གནང་རྗེས
འདས་པོ་ (ཁ་བ་) ལགས་ཀྱི་མལ་ཁྲིའི་སྒང་དུ་རྨི་ལམ་ལ་ཞུགས
དུས་དེ་ནས་འུ་གཉིས་ཤག་པོར་ཆགས
ང་ནི་རྟ་རྒོད་སྒྲོག་ལས་ཤོར་བ་བཞིན་རི་ལུང་ཉུལ
ཁྱོད་ནི་གངས་ཁྲོད་སྒོམ་ཆེན་བཞིན་རྟོགས་པའི་འཆར་སྣང་འགྲིམ
ཤག་པོ སྐུ་ན་གཞོན་པའི་སྒྲུང་པ
ཕ་ཡུལ་གྱི་ཐུག་འཕྲད་དང་མཚན་མོར་ཆང་སྒར་བཏབ་པ་དག
འདི་ཕྱིའི་བར་གྱི་ཐུག་འཕྲད་ཅིག་ཏུ་གྱུར་སོང་ཟེར
མིན གཏན་ནས་མིན
ཁྱོད་རང་ཏབ་ཅིག་ལ་ངལ་གསོ་གནང་དུ་ལོག་སོང
ཡིད་ཆེས་མེད་པའི་ང་ཡི་སྣང་ཁམས་ཀྱི་གཞོན་ནུ
ཁྱོད་ཀྱི་གམ་ནས་ཆང་ཕོར་མཁའ་ལ་བཏེགས་ཏེ
སྙན་ངག་གི་ལྷ་ཆེན་པོར་མཆོད་ཆང་ཕུལ
འུན་རེད ལོ་དེ་རེད་བཞག
ཁྱོད་ཀྱི་སྒྲུང་ནང་དུ་འཁྲུལ་པ་མིན་པའི་ཨོ་ལོ་སྦྲུམས
ཨོ་ལོའི་རྣམ་ཤེས་ལ་རྟོག་བཏགས་མིན་པའི་བདེན་པ་བསྩལ
མིའི་རིགས་ཀྱི་མུན་པའི་ནམ་མཁའ་ཆེན་པོར
(མཁའ་དབྱིངས་སུ་སྤྲིན་པ་ཡུག་གཅིག་ཀྱང་མི་སྣང་) བའི་སྒྲུང་འཆད
མཆན། 1.འདས་པོ་ཁ་བ་སྙིང་ལྕགས།
2. འདས་པོ་ཁོང་གི་སྒྲུང་གི་མཚན་བྱང་།
2024/6/26ཉིན་གྱི་མཚན་མོ་དབུ་འཁྱུད་བྲིས།
2024/6/29ཉིན་གྱི་ཕྱི་དྲོར་མཇུག་གྲུབ།
ཁྲུང་ཁྲུང་དཀར་མོ་འཕུར་སོང་།
དུག་སྤྲིན།
སྐད་ཆ་མེད་པའི་མཚན་ལམ་རིང་མོ་ལ
མེ་ཏོག་སྣ་ཚོགས་བཞད་པའི་དབྱར་གཞུང་འདིར
གློ་བུར་ནམ་མཁའི་དབྱིངས་སུ་སྤྲིན་ནག་འཁོར
འཛུམ་དམུལ་དམུལ་གྱི་སེམས་དེ་རློན་པར་གྱུར
ངོ་མ་སེམས་ལ་མ་ཤར་པའི་དོན་རྐྱེན་ཆེན་མོ
ས་ཆུང་ཆུང་སྟེང་གི་ཁྲུང་ཁྲུང་དཀར་མོ
ཁྱོད་ནི་རྒྱང་རིང་ལ་འཕུར་སོང་བས
ང་རང་ཤུལ་དུ་ས་འདི་ནས་ལུས
རྨི་ལམ་གྱི་ནང་དུ་ཕན་ཚུན་མཐོང་བས
སྔས་འབོལ་ནི་མིག་ཆུའི་རླན
བྱ་བ་ལ་ལ་ཞིག་མགོ་ཐོག་ཏུ་ཡོང་དཀའ་ལ
ཁྱོད་རང་ཁ་རོག་གེར་ཁ་བྲལ་སོང
བསམ་པའི་འདུ་ཤེས་དེ་ད་དུང་དྲན་མི་ཐུབ
ངའི་སྐྱོ་སྣང་ཆེ་བའི་ལམ་ཐག་རིང་ཞིང
དུ་བའི་སྟེང་གི་རྨ་ཁ་ཇེ་སྡུག་ཏུ་སོང
ངས་ད་དུང་སྐད་ཆ་མང་པོ་བཤད་འདོད་ལ
ཁྱོད་བྲེལ་འཚུབ་ཀྱི་ངང་ནས་བུད་སོང་བས
སྡུག་བསྔལ་ཡོད་ཚད་ང་ཚོར་བྱིན
གློག་ཞུའི་འོག་ཏུ་སྨྱུ་གུ་གཡུག་མཁན
དུས་དང་རྣམ་པ་ཀུན་ཏུ་སྙན་ཚིག་འཚོལ་མཁན
མེ་ཏོག་གི་ཁུ་བའི་སྣག་ཚ་བ
འགྲོ་རྒྱུ་དེ་ཡང་ཤིན་ཏུ་མགྱོགས་པས
ཤེས་མེད་ཚོར་མེད་ངང་འདི་ལྟར་མཇུག་དྲིལ
༢༠༢༤ལོའི་ཟླ་བ༦པའི་ཚེས༡༨ཉིན།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།