འདམ་འཇིལ་ལིའི་སྒྲུང་ཐུང་བདམས་བཀོད།

འདམ་འཇིལ་ལི།(མཚོ་ནུབ) 琼迈文学网 2024-08-28

  འདམ་འཇིལ་ལི། མིང་དངོས་ལ་རྡོ་རྗེ་རིག་འཛིན་ཟེར་ཞིང་། སྤྱི་དམངས་ཐོབ་ཐང་སྟེང་པདྨ་རིག་འཛིན་ཞེས་བཀོད་ཡོད། གྱ་བཞི་ལོར་མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་ཚ་ཚ་ཞིང་ཁ་སྡེ་བར་འཇིག་རྟེན་མི་ཡུལ་དུ་སླེབས་ཤིང་རོང་སྡེ་དེ་གར་འཚར་ལོངས་བྱུང་།2010ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་དངོས་གཞིའི་སློབ་མཐར་ཕྱིན། 2011ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་དུ་ལོ་ཙཱའི་བྱ་བ་གཉེར།སྔ་ཕྱིར«སྦྲང་ཆར»དང«གངས་རྒྱན་མེ་ཏོག»«ཟླ་ཟེར»«བོད་ཀྱི་རྩོམ་རིག་སྒྱུ་རྩལ»«གངས་དཀར་རི་བོ»«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»«མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར»«མཚོ་སྔོན་ཁྲིམས་སྐྱོང་ཚགས་པར»«ཁྲི་ཤོར་རྒྱལ་མོ»«རི་བོ་ཉི་ཟླ»«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»«གསེར་གྱི་ལྷ་དར»«རྫོང་རུ»«ལྗོན་དབང»«མང་ཆུ»«གསེར་མོ་ལྗོངས»«མཚོ་ལྷོའི་ཚགས་པར»«མདོ་ལ་ཚགས་པར»སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་དུ་སྙན་ངག་དང་སྒྲུང་ཐུང་རེ་འགའ་བཀོད་མྱོང། མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་ནུབ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། སྙན་དེབ་ཐོག་མ་སྟེ«དབྱངས་ཀྱི་ང་རོ»ཞེས་པ2017ལོའི་ཟླ12པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། 2021ལོའི་ཟླ11པར་སྒྲུང་འབྲིང་དེབ་སྟེ«རླུང་ཁའི་ལས་འཕྲོ»ཞེས་པ་བོད་ཀྱི་ན་གཞོན་སྒྲུང་འབྲིང་གསར་རྩོམ་དཔེ་ཚོགས་སུ་བདམས་ཏེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད།

  འཆི་བ།

  བོད་གཞུག་སྐྱིད་དངོས་གནས་རྒས་སོང་། མི་གཞན་གྱི་མིག་ལམ་ནས་མངོན་སུམ་དུ་རྒས་སོང་། མི་ཁ་སྣ་ཚོགས་ཀྱི་ཁྲོད་རྒས་སོང་། ཕ་མ་སྤུན་མཆེད་རེ་རེ་བཞིན་མོ་དང་ཁ་བྲལ་ཏེ་རྒས་སོང་། འཇིག་རྟེན་གྱི་ཡོད་ཚད་ནུབ་སོང་བ་དང་འདྲ་བའི་ཚོར་སྣང་ཁྲོད་རྒས་སོང་། མོའི་ནང་སེམས་ནི་དེ་བས་ཀྱང་རྒས་ཤིང་འཁོགས་པ་ཞིག་ཏུ་གྱུར་འདུག་སྙམ། ཆགས་པ་དང་འདོད་སྲེད་ཀྱིས་དབང་དུ་སྒྱུར་བའི་འཇིག་རྟེན་འཁོར་བ་འདིར་མོར་རྒྱུ་འབྱོར་བས་དབུལ་ཞིང་ཕོངས་པར་མ་ཟད། སྟོང་ལྷང་ལྷང་གི་ནང་སེམས་དེའང་རྩྭ་རྐང་གཅིག་ཀྱང་སྐྱེས་མེད་པའི་ས་ནག་ལུང་སྟོང་ཞིག་ལས་དཔེ་འཇོག་ས་ཅི་ཡང་མི་རྙེད། ཏག་ཏག་མི་ལོ་གྱ་གཅིག་ལ་སོན་པའི་མོས་ཚེ་ཐོག་འདིར་རང་ལ་ཅི་ཡང་མི་འདུག་སྙམ་དུས་ཨ་ཕ་དྲན་བྱུང་། ཨ་ཕ་དྲན་པའི་གདུང་བ་སྐྱེན་པོ་དེས་མོའི་ཡིད་ཀྱི་ཟབ་སའི“འཆི་བ”ཞེས་པའི་འཇིགས་སྔངས་དེ་བསྔོགས་སོང་། དྲན་གདུང་དེའི་དབང་གིས་མོས་གྲང་འདར་ལྟ་བུ་ཞིག་བརྒྱག་དགོས་བྱུང་། གྲང་འདར་ཞིག་བརྒྱབ་རྗེས་སྐྱེ་བ་ཞིག་ཡོད་ན་འཆི་བ་ཞིག་ལོས་ཡོད། དེ་ནི་བཟློག་ཏུ་མེད་པའི་ཆོས་ཉིད་ཅིག་མ་ཡིན་ནམ། གཙོ་བོ་ངས་མི་ཚེ་འདིར་དོན་བྱ་ཅི་ཡང་མ་གྲུབ་པར་རྒས་སོང་བས། འགྱོད་པ་ཅུང་ཆེ་བར་འདོད་དེ་འདང་རྒྱག་ཅིག་གི་ནང་དུའང་ལྷུང་སོང་།

  བླ་མ་མཁྱེན། དོན་དག་དེ་ནི་ཁ་སང་བྱུང་བ་དང་འདྲ་སྟེ། ཉལ་སར་ལྷུང་འདུག་པའི་ཨ་ཕ་རྡོ་རྗེ་འབིག་གི་དཔངས་མཐོ་བའི་སྣ་གདོང་གི་འགྲམ་གཉིས་སམ། ཀོང་ཀོང་དུ་ཆགས་པའི་མིག་མཐའ་ནས་བཞུར་ཡོང་བའི་མཆི་མ་ཐར་ཐོར་དེ་ཁོང་གི་ཁ་ཤ་སྲབ་མོའི་གཡས་གཡོན་དུ་བ་ཚྭས་མཐའ་རྒྱན་སྤྲས་པ་བཞིན་ཀར་ཀོར་དུ་བསྲད་འདུག ལུས་ཡོངས་ཀྱི་ཤ་རིད་ཅིང་ཟུངས་ཟད་ཐག་ཆོད་པས།མི་སུ་ཞིག་ཡིན་ཡང་མཐོང་བ་ཙམ་གྱིས་སྙིང་རྗེ་གཏིང་ནས་སྐྱེ་སྲིད་དེ། ཁོང་གི་ངོ་གདོང་ལ་བལྟས་ཚེ་མགོ་རུས་ཤིག་ལ་ལྟ་བ་དང་གཉིས་སུ་མ་མཆིས།ཨ་མ་དང་ངེད་ཕུ་ནུ་མིང་སྲིང་ཚོ་ཁོང་གི་སྔས་འགྲམ་དུ་ཐོ་ཡོར་ལྟར་འགྲེང་སྟེ། ཁ་མུར་མུར་སྒོས་འོད་དཔག་མེད་ཀྱི་མཚན་ཟློ་བའི་སྒྲ་དེ་ཡང་འཁུན་འཁུན་དང་སྔངས་སྔངས་ཀྱིས་བསྒྲིབས་འདུག ད་ནི་སངས་རྒྱས་དངོས་སུ་བྱོན་ཡང་སྐྱོབ་ཐབས་བྲལ་བའི་ནམ་འཆི་ཆ་མེད་ཀྱི་ཨ་ཕ་རྡོ་རྗེ་འབིག་ལ། ཤ་ཉེ་རིང་ཚོས་སྨན་ཁང་གང་བཟང་དང་སྨན་པ་གང་དྲག་ལ་བསྟན་ཡང་ནད་གཞི་ལ་བཅོས་ཐབས་ཤིག་རྙེད་མ་བྱུང་། ལུང་བསྟན་དང་མོ་བརྟག་ཀྱང་ཡག་པོ་མ་བབས་པར། རྩིས་མི་ཐིག་ཅིང་པྲ་ལོག་པ་སོགས་བྱུང་སྟེ། རེ་བའི་སྤ་ཐག་ལག་ནས་ཤོར་ནའང་། ངེད་ཁྱིམ་མི་རྣམས་ལ་ཤ་ཉེ་ཚོས་རོགས་རམ་བྱས་ནས་རིམ་གྲོ་གང་མང་བསྒྲུབས་མོད། ནད་བདག་དེས་ཁ་ངོ་ཏོག་ཙམ་ཡང་བྱིན་མ་སོང་། ད་ནི་ཧ་ཅང་རེ་ཐག་ཆད་པའི་ཁྱིམ་མི་དང་ཤ་ཉེ་ཚོས་འཆི་བདག་ལ་བདེན་ཁ་མི་སྟེར་རང་སྟེར་བྱུང་བས། ཨ་ཕ་ལགས་ཀྱི་མིག་མཐའི་མཆི་མ་འབྱིད་པ་དང་སྙིང་ཕུར་བརྡབ་པའི་སྐད་ཆ་རེ་ཟུང་བཤད་པ་ཙམ་ལས། ཐབས་བཀོད་གཞན་ཅི་ཡང་མེད་པར་ལུས།

  ཨ་ཕ་རྡོ་རྗེ་འབིག་ལ་ན་ཟུག་སྲོན་མི་ཐུབ་པ་ཞིག་སྐྱེས་པས། ཁ་ཆུ་དང་སྣ་ཆུ་ཙ་ར་ར་བཞུར་ནས་ཁ་ངོ་ནི་གཤེར་ཁུ་ཡིས་སྦགས་འདུག་པ་དེ་བསྐམས་ཤིང་རིད་པའི་གཡས་ལག་གིས་འབྱིད་ཞོར། གློ་གཡས་པ་ཕབ་སྟེ་རྐང་བ་གཡོན་པ་གཡས་པའི་སྟེང་བཞག་ནས་ཟུར་ཉལ་བྱས། ཨ་ཕ་རྡོ་རྗེ་འབིག་ཟུར་ཉལ་བྱས་ནས་འདུག་དུས། མིག་ལམ་དུ་ཉམ་ཐག་པའི་ངོ་གདོང་དང་རེ་བ་ཟད་པའི་མིག་མདངས་དག་འཚངས་ཤིང་འཁོར་ལ།ཁོང་ལའང་སུན་སྣང་བཟོད་གླགས་མེད་པ་ཞིག་སྐྱེས་ཏེ་མིག་ཟུང་དལ་གྱིས་བཙུམས། དེའི་ཞོར་དུ་ལྟོགས་སྣང་སྲོན་ཐབས་མེད་པ་ཞིག་གིས་ཕོ་བའི་ནང་མེ་འབར་བ་བཞིན་ཚ་ལམ་ལམ་དུ་བཏང་སྟེ། ཁོང་གི་སྔོན་ཆད་བདེ་ཐང་ཡིན་དུས“ཤ་ཟ་གཞུག་གི་ཞོ་འཐུང་རི་ཆེན་གངས་ཀྱིས་བཟུང་འདྲ། །ཞོ་འཐུང་གཞུག་གི་ཇ་འཐུང་སློག་རལ་ཁྱི་ཡིས་འཆོས་འདྲ”ཞེས་བརྗོད་མྱོང་བའི་བཤད་རྒྱུན་དེ་ཡིད་ལ་དྲན་བཞིན་ལྟོགས་མགོ་མནན་ནས་དེ་ལྟར་སྙམ། བདེན་ཏེ། ངས་སྔོན་ཆད་ལུག་ཁྱུ་ནས་ཤ་བཟན་གླང་བོ་འདྲ་བ་རེ་བཟུང་སྟེ་བཤས་རྗེས། བྲང་མགོ་ཧྲིལ་བོ་རེ་དང་ཁྲག་རྒྱུ་གཡོས་རྒྱུ་ཞགས་དཀྲིས་རེ་ཟོས་མྱོང་ཟེར་ནའང་ཤོབ་ཏུ་མི་འགྲོ། ནོར་ལུག་རླངས་འཁོར་གང་རེ་དང་དོ་རེ་བཙོངས་མྱོང་བ་མ་ཐེ་ན། ད་དུང་ནོར་ཁྱུ་ནས་འབྲི་གཡག་གང་བཟང་དང་གང་ཚོ་བདམས་ཏེ་བཤས་པའང་བགྲང་གིས་མི་ལང་།ཟས་ཐུན་གཅིག་ལའང་ཟས་ངན་ངོན་ཞིག་ཟོས་མྱོང་མེད། ནམ་ཡིན་རུང་ཟ་འཐུང་གི་སྐབས་སུ་ཤ་ལྷུ་རེ་ལག་ཏུ་ཐོགས་ཏེ་རྒོད་པོས་ཟ་ཟ་བྱས་པ་ཡིན། ལྷག་ཏུ་ང་ནི་བཤའ་ཟོག་གི་ཁོག་པ་ཁ་ཕྱེ་མ་ཐག་ནང་ཁྲག་དྲོན་མོ་འཐུང་བར་དགའ། དེ་ཡིས་མི་ཚད་སྐྱུག་བྲོ་བ་ཞིག་ལ། སློ་དྲི་མ་བྲོ་ན་ཤ་དྲི་མི་བྲོ་ཞེས་བཙོས་པའི་ཤ་ཁུའི་ནང་དུ་གྲོད་རྩྭ་ཁོལ་མ་འཕངས་ནས་ཀྱང་འཐུངས་མྱོང་། དེ་བཞིན་ཤ་སྐྱོ་ཇེ་ཐུ་རུ་ཕྱིན་པས། ངས་རི་སྐྱེས་སྲོག་ཆགས་གང་མང་གི་ཤའི་བྲོ་བ་མྱང་བར་འདོད་དེ། རི་དྭགས་གནའ་བ་དང་དགོ་བ། ཤ་བ་སོགས་ཀྱི་ཤ་དང་ཤ་ཕོའི་ཁྲག་རྭ་དང་གླ་རྩི། འབྲོང་སྙིང་སོགས་ཀྱང་ཕལ་ཆེར་མ་ཟོས་པ་ཞིག་མེད་པར་འདྲ། ཨ་ཡོ་ཤུ། དེ་མིན་གཙོད་ཤ་ཟོས་ཏེ་གཙོད་ལྤགས་བཤུས། སྤྱང་ཤ་གཡུགས་ཏེ་སྤྱང་ལྤགས་གདན་དུ་བཏིང་། དགུན་སར་གོང་མོ་དང་རི་བོང་ལ་རྙི་བཙུགས་ནས་བསད་པའང་ཉུང་ཉུང་མིན། ནད་གཞི་འདི་མ་བྱུང་བའི་སྔ་རོལ་ཏུ་ངས་ཤ་ནི་གང་དགར་མ་ཟོས་པའི་བསམ་པ་ཞིག་མེད།

  ཨ་ཚ་ཚ། ཨ་མ་མ། ང་ལ་རྒྱུ་འབྲས་འཁོར་བ་མིན་ནམ་ཅི། ད་ནི་འཇིག་རྟེན་འདིར་མཐོང་ཆོས་མྱོང་འགྱུར་གྱི་རྣམ་སྨིན་ཡོད་པ་ཤེས་དུས་འཕྱིས་འདུག ཁ་ནང་དུ་རྩམ་ལྡུར་ཁེམ་བུ་གང་ཡང་མི་འགྲོ་བ་ནི་རྣམ་སྨིན་འཁོར་བ་མིན་ནམ། ནད་གདོན་འདིའི་མནར་གཅོད་ཁྲོད་ངའི་ལུས་སེམས་གཉིས་ཀར་མཚམས་ཚིགས་མེད་པའི་ན་ཟུག་ནི་མུ་མེད་མཐའ་མེད་རེད། ཆོས་དགེ་བའི་རིམ་གྲོ་གང་སྒྲུབ་ཕན་མེད་ནུས་མེད་རེད། སྨན་གང་བཟང་འཐུང་ཡང་བདེ་ཐང་ཟེར་བ་དེ་དབང་མེད་སྟོབས་མེད་ཡིན་པའི་གནས་སུ་བརྫངས་པ་ཐག་གིས་ཆོད། ཤུ—ཤུ—ཤུ—ཨ་ཁ་ཁ། ང་འཆི་རྒྱུ་ཡིན་ནམ། “དཀོན་མཆོག་གསུམ་པོས་མཁྱེན”ཞེས་འཆི་བ་དྲན་པའི་འཇིགས་སྐྲག་ལས་རྣམ་རིག་ཕྱོགས་གཅིག་ཏུ་བསྡུས་ཤིང་། ངག་ལས་མཚམས་མེད་པར་དཀོན་མཆོག་གསུམ་པོ་ཞེས་ཡང་ཡང་ཟློ་བཞིན་འདུག

  སྐབས་དེར། ཁོའི་ཉེ་འགྲམ་དུ་ཙོག་སྟེ《རྡོ་རྗེ་གཅོད་པ》འདོན་བཞིན་པའི་བུ་ཆེ་བས་ངུ་ངག་ལ་དྲངས་ནས“ཨ་ཕ། ཁྱེད་ལ་ཚ་ལང་བཞིན་འདུག་གམ”ཞེས་ལག་པ་ཐོད་དཀྱིལ་ལ་བཞགསྔས་འགྲམ་གྱི་ཁྱིམ་མི་ཚོས་ཀྱང་མགོ་བོ་སྒུར་སྒུར་ངང་ཁོང་གིས་ཅི་བཤད་ལ་རྣ་བ་བླགས་ནས་ཉན་དགོས་བྱུང་། “ཤུ—ང་རྡོ་རྗེ་འབིག་གི་མི་ཚེ་འདི་ལྟར་རྫོགས་སོང་བ་ཡིན་ནམ”ཞེས་གདངས་ཧ་ཅང་དམའ་ཞིང་སུས་ཀྱང་ཡང་དག་པའི་ལན་ཞིག་རྙེད་མི་སྲིད་པའི་དྲི་བ་དེ་ཁྱིམ་མི་སྤྱི་ལ་འཕངས་ཙ་ན། ཨ་མས“རང་གི་ལས་དབང་གི་རྐྱེན་མིན་ནམ”ཞེས་སེམས་གསོ་བྱ་འདོད་མོད།འོན་ཀྱང་སྐབས་དེར་སྐད་ཆ་དེ་ནི་གཡེར་མ་ཟོས་པ་ལྟར་མགྲིན་པ་རྣོང་བྱེད་ཅིག་ཡིན་པས།ངག་སྒོར་ཐོན་ལ་ཉེ་ཡང་ཕྱིར་ཁོག་ཏུ་མིད་ཅིང་།“དཀོན་མཆོག་གསུམ་པོར་གསོལ་བ་རྩེ་གཅིག་ཏུ་ཐོབས། དཀོན་མཆོག་གསུམ་པོས་མི་སྐྱོབ་པ་ཅི་ཡང་མེད”ཟེར་བཞིན་ནད་པའི་ཞེ་རྩ་ཇེ་བརྟན་དུ་གཏོང་བའི་སེམས་གཏམ་དེ་ལས་ཅི་ཡང་བཤད་མ་ཐུབ། ཕུ་བོ་འབྲིང་བས་ངུ་སྐད་འཆོར་བཞིན“ཨ་ཕ། ཁྱེད་ནི་འཇིགས་བྲལ་རྡོ་རྗེ་རིན་པོ་ཆེ་ཚང་ལ་དད་པ་ཡོད་པ་མིན་ནམ། གསོལ་བ་ཐོབས་དང་བླ་མས་སྲོག་ལ་སྐྱོན་མེད་གསུངས་ཡོད། དལ་བུར་ཇེ་དགའ་ནས་ཇེ་དགར་ལོས་ཡོང”ཞེས་བཤད་དེ་ཨ་ཕའི་ལག་མགོ་ནས་བཟུང་།ང་བུ་མོ་ཆེས་ཆུང་བ་སྟེ་བོད་གཞུག་སྐྱིད་ཀྱིས་མིག་ཆུ་ཉིལ་ལེར“ཨ་ཕ་ཁྱོད་ཇི་ལྟར་ཚར་སོང་བ་རེད་དམ། ད་ནས་བཟུང་སྨན་ཡག་པོ་ཐུངས།སེམས་ཚེགས་གཏན་ནས་མ་བྱེད། དལ་བུར་ཇེ་བདེར་ལོས་འགྲོ”ཞེས་བཤད་རྗེས་མ་སྲོན་པར་ངུ་འབོད་བྱས་པ་ན། བཟའ་མི་གང་བོའང་དེ་དང་ལྷན་དུ་ངུ་ཅོ་དི་རིར་སོང་།

  ཧ་ཅང་རྣར་གཟན་པའི་ངུ་ཅོ་ཡིས་ཨ་ཕ་རྡོ་རྗེ་འབིག་གི་སྙིང་ལའང་ཁབ་གཙག་བྱེད་པ་ལྟར་བཏང་སོང་བ་ཁོ་ཐག་རེད། ཨ་ཕར་ཇི་ལྟར་ཉལ་ཡང་མི་བདེ་བ་ཞིག་སྐྱེས་ཏེ་ཟུར་ཉལ་བྱེད་པའི་ཉམས་ཡོངས་སུ་བཤིག་དགོས་བྱུང་། ཨ་ཕས་མ་ཁར་སོ་འདེབས་བཞིན་གཡོན་ཕྱོགས་སུ་ཁ་ལོ་འཁོར་བསམས་མོད། འོན་ཀྱང་ཁ་ལོ་འཁོར་བའི་ཤེད་ཤུགས་ནི་རྟ་རྔ་ཙམ་ཡང་མི་འདུག གམ་གྱི་ནང་མི་ཚོས་ཁོང་གི་རྣམ་འགྱུར་ལ་རྟོག་བཞིན་ཁ་ལོ་འཁོར་བར་རོགས་རམ་བྱས། ཁྱིམ་མི་ཚོས་ཁོང་བསྐྱོར་ནས་ཁ་ལོ་སྐོར་སྐབས། ཁོའི་ལུས་ལ་རེག་པའི་ལག་པ་དག་ནི་སྲ་མོ་རྡོ་ཡིས་གཙུབ་རྡར་བྱེད་པ་དང་འདྲ། དེའི་ཕྱིར་ཨ་ཕས་སྟོབས་ཤུགས་ཡོད་དགུ་བཏོན་ནས“ངའི་ལུས་ལ་མ་རེག་ཅིག འུར་མ་རྒྱག”ཅེས་གཉོམ་དྲགས་པའི་སྐད་གདངས་དེར་བསྟུན་ནས། ངེད་ནང་མི་ཚོའི་ཆོས་སྐད་དང་ངུ་སྐད་སྦྲགས་མའི་སྐད་མགོ་ཡང་ཇེ་དམའ་ནས་ཇེ་དམའ་རུ་གྱུར་ཏེ་ལམ་སང་ཞི་འཇགས་སུ་གྱུར།

  ཨ་ཕས་འདི་ལྟར་བསམས་ཡོད་པ་ཁོ་ཐག་ཡིན་ཏེ། ཨ་ཤུ་རེ་ཁོ། ངའི་ལས་འདི་བཙོག་པ་ལ།འབོལ་གདན་འདི་འདྲར་མཐུག་ཀྱང་རྡོ་ཐོག་ཏུ་ཉལ་འདུག་པ་དང་འདྲ། དཔྱི་མགོ་རྣག་ཅིང་བརྡོལ་འདུག་པ་ཁོ་ཐག་རེད། ངའི་ཁོག་གི་དོན་ལྔ་སྣོད་དྲུག་རུལ་བཞིན་པའི་དྲི་ངན་ཁ་ནང་དུ་བྲོ་འོངས། ང་ནི་ནད་གདོན་འདི་ལས་ཐར་བའི་རེ་བ་ཡོད་རེ་སྐན། བསམ་ཡུལ་ལས་འདས་པ་ཞིག་ལ། ངའི་མི་ཚེ་འདིར་ཐ་མག་རྐང་གཅིག་འཐེན་མ་མྱོང་ཡང་། དེ་སྔོན་སྨན་ཁང་དུ་ཞག་སྡོད་བྱས་ནས་གསོ་བཅོས་བྱེད་པའི་ཉིན་ཞིག ང་གཉིད་ལྕོག་རྒྱག་བཞིན་པའི་སྒང་ལ། སྒོ་གླེགས་རྒྱབ་ཏུ་གཙོ་བཅོས་སྨན་པས་བུ་ཆེ་བར“ཁྱོད་ཀྱི་ཨ་ཕར་ནད་གཞི་བྱུང་སྔ་ཞིང་། བརྟག་དཔྱད་བྱས་པ་འཕྱིས་དྲགས་པས། གློ་སྐྲན་འདི་ཕལ་ཆེར་ལུས་ཡོངས་སུ་མཆེད་འདུག ལྷག་པར་སྙིང་དང་ཕོ་བའི་སྟེང་དུ་མཆེད་པ་ཚབས་ཆེན་རེད། ཟ་མ་ཉུང་ཟ་དང་ཆུ་ཉུང་འཐུང་བྱོས”ཞེས་བཤད་བཞིན་པ་ངས་ཐོས་བྱུང་། བཤད་སྲོལ་ལ་འཆི་བ་མི་རྟག་ཟེར་བ་ནི་སྐྱག་རྫུན་མིན་ནམ། ངའི་ཚེ་ཚད་ནི་དེ་རིང་ནངས་ཀ་ཡིན་པ་ཅི་ལ་མི་རྟོགས། ཨ་ཡོ་ཤུ། ང་འཆི་རྒྱུ་སྔ་དྲགས་སོང་། ཕོ་སྒོ་འཛོམས་ཤིང་དཔའ་ངར་ལྡན་པ་དང་། ཐབས་ཤེས་ཟུང་འཇུག་ལ་མཁས་པའི་ང་རྡོ་རྗེ་འབིག་ནི་གསར་བུ་དར་མ་ཡིན་དུས། ཁ་བཤད་དོན་ལ་གནས་པ་དང་བཤད་ཕོད་ཅིང་སྒྲུབ་ཕོད་པའི་མི་ཞིག་ཡིན་པས།མིང་ལའང་རྡོ་རྗེ་འབིག་ཅེས་ཐོགས་པ་རེད།མདོར་ན“འབིག”ཅེས་པ་ནི་མི་གཞན་གྱིས་ང་ལ་བསྩལ་བའི་ཁས་ལེན་དང་མཚན་སྙན་ཡག་ཤོས་ཤིག་ཡིན། ལྷག་དོན“འབིག”གི་ནང་དུ་རྫོགས་མཐའ་མེད་པའི་ནང་དོན་གྱ་ནོམ་པ་ཞིག་ཡོད། ང་རྡོ་རྗེ་འབིག་ཕོ་ལོ་ཉེར་གཅིག་སྟེང་སྡེ་དཔོན་ལ་བསྐོས་པའི་ལོ་དེར། གཉེན་སློང་གི་ཆང་དང་ཁ་བཏགས་ཐེངས་བདུན་ལ་ཕྱིར་བསློགས་བྱས་མྱོང་བའི་ཆུང་མ་ལྷ་དཀར་སྒྲོལ་མས། ང་དང་ལྷན་དུ་མི་ཚེ་མཐའ་རུ་སྐྱེལ་བར་སེམས་ཐག་བཅད་དེ། ངའི་རྗེས་སུ་བྲོས་ཡོང་རྗེས། སྡེ་ཕྱི་ནང་གཉིས་སུ་གསར་བུ་གླག་རྒོད་འདྲ་བ་མང་བོས་ང་ལ་སྨོན་པ་ཤོར་ཞིང་། ནང་ཁ་ཡ་ན་ཟླའི་ཁ་མིག་ཡར་ལྟ་བྱ་ཡུལ་དུའང་གྱུར། ངའི་སྙིང་སྡུག་ལྷ་མོ་འདྲ་བའི་བརྩེ་མདངས་ཀྱི་གཅེས་སྐྱོང་ལས་ཁྱིམ་ཐབ་བཟུང་བས། ང་ནི་ནམ་ཞར་ཁ་ཕོ་ཆེ་ཆེ་དང་མགོ་བོ་དགྱེ་དགྱེ་བྱས་ནས་འདབ་གཤོག་རྒྱས་ཤིང་། ཤ་མར་ཐུད་གསུམ་དང་ཇ་ཆང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་འཚོ་བ་མངར་མོར་རོལ། ཕའེ་ཕའེ། ང་འཆི་བ་ལས་མ་ཐར་ཚེ། ངའི་བྲང་ཁོག་ཏུ་ལྷེམ་ལྷེམ་ལྡིང་བའི་སྙིང་གསོན་པོ་ལྷ་དཀར་སྒྲོལ་མ་ནི། བཟའ་བཤིག་ཧྲུའུ་ཅི་ཚེ་རྡོ་ཡིས་གཡོ་དང་སྒྱུ་མའི་རྣོ་གྲིས་འདོན་ཨེ་སྲིད་དམ། འོ། དཔེ་མི་སྲིད། མོ་ཧྲུའུ་ཅི་ཚེ་རྡོ་ཚང་གིས་གཉེན་རྟགས་བརྒྱབ་པའི་ཉིན་དེར། ངའི་ཕྱི་བཞིན་འབྲངས་པ་དང་། ངེད་ཚང་ལ་ལྐོག་ཏུ་བྲོས་ཡོང་བ་ཡིན། ཨ་ཆུ་ཆུ། གང་ལྟར་བུ་དགུའི་ཨ་མར་བློ་མ་གཏོད་ཟེར་བ་ནི་འཆལ་གཏམ་ཞིག་ཡིན་པ་ལས། གནའ་མི་དག་གི་བདེན་གཏམ་ཞིག་མིན་པར་སྨོན། རྡོ་རྗེ་འབིག་གིས་འདང་བརྒྱབ་ནས་མཚམས་འདིར་སླེབས་རྗེས། རང་གིས་རང་ལ་ངོ་མཚང་འབྲུ་འདོད་འགོག་མེད་ཅིག་སྐྱེས་པས། སེམས་སུ་ཁྱི་སྐྱག བུ་རྡུགས་རྡོ་རྗེ་འབིག ཁྱོད་ཀྱི་མིང་མཐའི“འབིག”ཅེས་པ་དེ་ལ་རྣོ་ཡི་དོན་ཡོད་པ་མིན་ནམ། ཨ་ཤུ་རེ་ཁོ། ཁྱོད་ཀྱིས་འགྲོ་དོན་གླེང་རིན་ཡོད་པ་སྤུ་ཉག་ཙམ་ཡང་བསྒྲུབས་མེད་ཀྱང་། ཆུང་མ་གཅིག་པུ་བསམས་ཏེ་རང་གི་ཤ་ལས་ཆད་པའི་བྱིས་པ་རྣམས་གཏིང་བརྗེད་དུ་གྱུར་སོང་བ་ཡིན་ནམ། ཁྱོད་རང་ཉིད་དངོས་སུ་དཔར་འདྲའི་བུ་གསུམ་ལ་མནའ་མ་བླངས་མེད་ཅིང་རྒྱུ་ནོམ་པའང་ཅི་ཡང་བསྒྲིགས་མེད། ཁྱོད་ཀྱི་གདོང་འབག་བསྐོན་པ་དང་མཚུངས་པའི་བུ་མོ་གསུམ་ཡང་གནས་ལ་བྱིན་མེད། ཚ་བོ་ཚ་མོ་ཞིག་གི་ངོ་རིག་ཐུབ་པ་ནི་ཕར་ཞོག ཐ་ན་གཉེན་བསྒྲིག་རན་པའི་མི་ཚད་འཕྱིས་འདུག་པའི་བུ་ཆེ་བར་ཁྱིམ་ཚང་འོས་འཚམ་ཞིག་བཅོས་ཡོད་ནའང་ཅི་འདྲའི་དགའ་འོས་པའི་དོན་དག་ཅིག་རེད་ཨང་འདོད། འོ། ད་དུང་རང་གིས་རླངས་འཁོར་པའོ་མ་ཞིག་བསྐོར་མ་ཐུབ་པར་མ་ཟད།འཇེབ་འཁོར་ཞིག་ཀྱང་ཉོ་མ་ཐུབ་པ་ནི་སྡུག་གྱོང་རེད། ཚེ་མཇུག་ཆུ་དཀར་རྫོང་ཐོག་ཏུ་སྐྱིད་བརྒྱག་རྒྱུའི་འཆར་གཞི་དེ་ཡང་ལྷག་མའི་ནང་གི་ལྷག་མ་རེད། སྟོད་ཉི་མ་ལྷ་སར་མཇལ་སྐོར་དུ་ཐེངས་གཅིག་ལའང་འགྲོ་མ་ཐུབ་པ་དང་། བྱང་གི་དགོན་ཆེན་བཞི་ལ་མང་ཇ་ཞིག་ཀྱང་བསྐོལ་མ་ཐུབ་པ་ནི་རང་ཉིད་བསོད་ནམས་དམན་པ་ཅི་ལ་མིན། ཆེས་མ་མཐར་ཡང་སྡེ་བའི་མ་ཎི་ཁང་དུ་མཆོད་མེ་རྐོང་བུ་གང་འཇོག་མ་ཐུབ་པ་ནི། མཐར་གཏུགས་ན་ཤ་ཆང་ལོངས་སུ་སྤྱད་དེ་བདེ་བདེ་སྐྱིད་སྐྱིད་ངང་འདུག་རྒྱུ་མང་སོང་བས་ལན་པ་རེད། ནམ་ཡང་རང་ལ་ཁེ་ཕན་རེ་རག་པར་བསམ་བློ་འཁོར་ནས། སྡེ་དོན་ཡིན་མདོག་སྒོས་རང་དོན་རྐྱང་རྐྱང་བསྒྲུབས་པའི་ངན་འབྲས་ཀྱང་རེད། ཆགས་སྲེད་ཀྱི་རྒྱ་མཚོའི་ཀློང་དུ་གཡེང་གཡེང་ལ་བསྡད་པའི་རྐྱེན་ངན་མགོ་ཐོག་ལ་དུས་ལྟར་སྨིན་པ་མ་ཡིན་ནམ། ཨ་ཁ་ཁ། ཆུང་མའི་གམ་ནས་མགོ་བོ་ཡར་འགྱོག་སྲོལ་མེད་པ་ཞིག་ལ། གཞན་གྱི་ཆུང་མར་འདོད་པ་སྤྱད་པ་མ་བརྩིས་ན། ཟུར་དུ་ལུས་འབྲེལ་བྱུང་བའི་གསར་མོ་དང་མོ་རྐྱང་བརྒྱ་ཕྲག་ཡན་ལ་བརྒལ་འདུག དེའི་མི་ཚད་དར་རྒྱས་ཚང་གི་བུ་མདངས་མེད་པའི་བུ་ཆུང་བ་དང་གཡང་སྐྱབས་ཚང་གི་གཡོག་མོ་ལྟ་བུའི་བུ་མོ་ཆེ་བའང་ངའི་རྒྱུད་ཡིན། ཨ་ཙ་མ། མགོན་རྒན་ཚང་གི་བུ་ཆེ་བའི་བྱིས་པ་གསུམ་པོའང་ངའི་རྒྱུད་ཡིན་པ་ཤེས་བཞིན་དུ། སྔོན་ཆད་སེམས་ནས་ཁས་བླངས་མ་མྱོང་བའང་དོན་གྱིས་མི་ཁར་སྐྲག་པ་མ་ཡིན་ཏེ། ཡག་མོ་སྒོ་མེད་པའི་བུད་མེད་དེ་དང་མོའི་ཁྱོ་ག་གཉོམ་ཆུང་དེ་གཉིས་རྩེད་སྤྱད་བྱས་པ་ཁོ་ན་ཡིན་ཕྱིར། རང་གི་ཁ་ངོ་དང་སྙན་གྲགས་ཁོ་ན་མ་གཏོགས་མ་བསམས་པས་ཡིན། བཟའ་ཚང་གསུམ་ཐོར་སོང་བའང་ང་ལ་ཐད་ཀར་འབྲེལ་བ་ཡོད་མེད་མི་ཤེས་ཀྱང་། བཟའ་ཚང་བར་མི་འཆམ་པའི་དོན་དག་རང་གིས་བཟོས་ཡོད་པ་སེམས་ན་གསལ་བོ་ཡིན། ཨ་ཧོ། ང་ནི་ཅི་འདྲའི་མི་ཉེས་ཅན་བསམ་ནག་ཅིག་རེད་ཨང་། སྙིང་རྗེ་མེད་པའི་དུད་འགྲོ་ང་། མཆེ་སྡེར་མེད་པའི་གཅན་གཟན་ང་། ང་དམྱལ་བར་མི་ལྷུང་བར་སུ་ཞིག་དམྱལ་བར་ལྷུང་ཞེས་འགྱོད་པ་ཚད་མེད་སྐྱེས་པའི་མུར། ཨ་ཕ་རྡོ་རྗེ་འབིག་གི་ཁོག་ཚ་རབ་ཏུ་ལངས་འདུག་པ་གློ་བུར་འཁྱག་སིབ་བེར་སོང་། ཚ་བ་དང་འཁྱག་པ་ཁོག་ནས་མཉམ་གཅིག་ཏུ་འདྲེས་ཤིང་འཁྲུགས་ཏེ། རྡོ་རྗེ་འབིག་གི་འབྱུང་གཞི་ཉོག་ཅིང་འཁྲུགས་པ་དང་། ཤ་རུས་མཚམས་ནས་ཆད་དེ་ཐོར་བ་ལྟར་གྱུར། དབུགས་འབྱིན་རྔུབ་གཉོམ་པོ་ཞིག་ལེན་ཞོར་འཆི་ལ་ཁད་ཐུག་དུས་འགྱོད་བཤགས་བྱས་ཀྱང་ཕན་ཐོགས་ག་ལ་ཡོད། “འཇིགས་པ་མ་རིག་ན་སྒྲོལ་མ་མི་དྲན” ཞེས་པ་ནི་ཅི་མ་བདེན་སྙམ། ཕྱིར་གཡས་ཕྱོགས་སུ་ཁ་ལོ་འཁོར་ནས་ཟུར་ཉལ་བྱས་ན་ཇེ་བདེར་འགྲོ་སྲིད་བསམས་མོད། འོན་ཀྱང་ད་ཐེངས་ནི་ཐེངས་སྔོན་མ་དག་དང་བསྡུར་ན་ལྡབ་འགྱུར་གྱིས་ཤེད་ཤུགས་མེད་པས། སྐེ་གཡས་ཕྱོགས་སུ་དཀྱོགས་པའི་ཚུགས་ཀ་ཞིག་ལས་སྟོན་མ་ཐུབ།

  ངའི་ཕུ་བོ་གསུམ་གྱིས་ཧ་ཅང་སེམས་ཆུང་སྒོས་ཁ་ལོ་བསྐོར་བ་ན། ཨ་ཕ་རྡོ་རྗེ་འབིག་གི་ཡན་ལག་རེངས་ཏེ་གཡས་ལག་མགོ་བོའི་འོག་ཏུ་དྲངས། རྐང་བ་གཡོན་པ་གཡས་པའི་སྟེང་དུ་བཞག་ནས་ཐུར་ལ་བསྲིངས། གཡོན་ལག་དལ་བུར་དཔྱི་མགོའི་ཐོག་ཏུ་བཞག་སྟེ། སེང་གེ་ཉལ་སྟངས་ཀྱི་ཉམས་ཤིག་ཨེ་འཁྱོངས་ལ་འབད་པ་བྱས།

  “མི་བསམ་ཤེས་ཟེར་བ་འདི་གཞན་དང་འདྲ་བ་ཞིག་མ་རེད། ཉེ་སྔོན་འདས་ཆོས་སྒྲུབ་ལུགས་ཐད་བཞག་པའི་ཁ་ཆེམས་ལའང་རིམ་པ་དང་ཐེམ་པ་འདུག ད་རུང་ཉིན་འདི་འགར་སྔ་མོ་ནས་སེང་གེ་ཉལ་སྟངས་ལྟར་ཉལ་བའི་མཉམ་བཞག་ལ་ལྟོས་དང་། སྐད་མགོ་དམའ་མོད་སེམས་སུ་ཅི་ཡང་ཁྲིགས་ཁྲིགས་རེད”ཅེས་ཕུ་བོ་ཆེ་བས་བསྟུད་མར་ཉིན་ཞག་གཅིག་རིང་གཉིད་མ་ལོག་པའི་མིག་ཟུང་དམར་འཚུབ་འཚུབ་ངང་། ནུ་བོ་གཉིས་ཀྱི་གདོང་ལ་ལྟ་བཞིན་ངག་འཇམ་པོས་དེ་ལྟར་སྨྲས། ཕུ་བོ་འབྲིང་བས་ཨ་ཕའི་འཁྱག་སིབ་སིབ་ཀྱི་ལུས་པོར་རྩམ་འབྱུག་དང་ཁ་ངོར་ཆུ་སྐུ་བཞིན་མཆིས། ཕུ་བོ་ཆུང་བས་ཅི་མི་སྙམ་པའི་ངང“ཨ་ཕའི་ངོ་གདོང་ཇེ་ཡག་རེད། སྔོན་ཆད་དམར་ནག་གི་མདངས་ཤིག་ཡོད་པ་མིན་ནམ། ད་ལྟ་ཁ་ངོ་ཇེ་དཀར་ནས་ཇེ་དཀར་རེད། ལུས་ཁམས་ཇེ་དྭངས་སུ་འགྲོ་བཞིན་ཡོད་པ་ཡིན་ནམ”ཟེར། དེའི་ལན་དུ་ཕུ་བོ་འབྲིང་བས་ཕུ་བོ་ཆུང་བའི་གདོང་ལ་ཧྲིག་གེར་ལྟ་བཞིན“བླུན་རྒན། ཨ་ཕ་འདུག་རྒྱུ་མ་རེད”ཅེས་སྒོ་ཁྱམས་སུ་སྡོད་པའི་ངེད་ནུ་མོ་གསུམ་པོས་ཐོས་སུ་འཇུག་པ་ཡིན་མིན་ཡིད་ན་མེད་ཀྱང་། རྩམ་པ་དང་དཀར་གསུམ་མངར་གསུམ་རྣམས་སྦྱར་ནས་ཕུད་པའི་ཚ་གསུར་གྱི་གམ་དུ་མ་ཎི་འདོན་བཞིན་པའི་ངེད་གསུམ་པོའང་གློ་བུར་ནང་དུ་བརྒྱུགས་ཡོང་སྟེ། ཨ་ཕའི་དྲིན་ལན་ཡིན་ཞེས་ངུད་མོ་བྱེད་ཞོར་ཕྱག་འཚལ་བ་དང་། ནམ་རྒྱུན་བསང་ཁྲིའི་མཐའ་ན་ཁོམ་ལོང་མེད་ཅིང་ངོ་མདངས་ཤོར་བའི་ཨ་མ་ལྷ་དཀར་སྒྲོལ་མའང་ནང་དུ་འཛུལ་འོངས་ནས། ཁྱོ་གའི་སྔས་འགྲམ་གྱི་ཆ་སྒམ་ཐོག་ཏུ་ཚེ་སྒྲུབ་རིལ་བུ་ཐུམ་གང་བཞག རིལ་བུ་འདི་ཁྱེད་ཚོའི་ཨ་ཕ་འདའ་ཁར་ཁ་ནང་དུ་བཞག་ན། རྣམ་ཤེས་ངན་སོང་ལ་མི་འགྲོ་ཞེས་ཕུ་བོ་ཆེ་བའི་རྣ་ནང་དུ་བཤད་རྗེས། 《འཕགས་པ་བརྒྱད་སྟོང་པ》ཡི་ཁ་ཕྱེ་སྟེ་ཨ་ཕའི་སྔས་འགྲམ་དུ་བཞག་ཅིང་། མཆོད་མེ་རྐོང་བུ་གསུམ་གྱི་ནང་མར་ཁུ་བླུགས་རྗེས། ཨ་ཕའི་གདོང་ལ་ཅེར་ནས་འདུག་པའི་སྐད་ཅིག་མར། མོའི་མིག་མཐའ་ནས་མཆི་མ་ནི་ཆར་རྗེས་ཀྱི་སྡོང་བོའི་ཡལ་འདབ་སྤྲུགས་པ་ལྟར་བབས།

  ཕར་བལྟས་ནས་ཚོད་དཔག་བྱས་ན། འཆི་བའི་མདུན་དུ་ཡོད་ཚད་ལྷག་མ་རེད་སྙམ་བཞིན་པའི་ཨ་ཕ་རྡོ་རྗེ་འབིག་གིས་ལུས་ལ་འཕུར་མཉེད་བྱེད་པ་མཚམས་འཇོག་དགོས་ཞེས་པར་བཤད་འདོད་ཀྱང་། སྔོན་ཆད་བདེ་ཐོག་ན་ཡོད་དུས་ཀྱི་གློག་དམར་འཁྱུག་པ་དང་འདྲ་བའི་སྨྲ་ལྕེ་ནི་སྦྲིད་ཅིང་འཁོབས་པར་གྱུར་ནས་འགུལ་སྐྱོད་བྱེད་པའི་རང་དབང་ཤོར། ཨ་ཕས་སྐད་ཤུགས་ཡོད་ཚད་བཏོན་ནས“ང་ལ་རྩམ་འབྱུག་མ་རྒྱག འུར་མ་རྒྱག”ཅེས་བཤད་པར་ཟད་ཀྱང་།ངག་སྒོ་ལས“ཧང—ཨང་། འོ། ཨ། ཧང—ཨང་།ཨུན། ཧང—ཨང”ཞེས་པའི་སྒྲ་གདངས་ཙམ་ལས་མ་ཐོན། དེ་བཞིན་དུ་ཨ་ཕ་རྡོ་རྗེ་འབིག་གི་བསམ་འདུན་དང་ངེད་ཁྱིམ་མི་ཚོའི་ཚོད་དཔག་ནི་གནམ་ས་བཞིན་བར་ཐག་གིས་ཆོད་ཅིང་། ཨ་ཕ་རྡོ་རྗེ་འབིག་གི་མིག་ལམ་དུ་ཁ་མིག་ཁྲི་ཕྲག་རབ་རིབ་ངང་འགུལ་གྱིན་པ་དང་འདྲ། ཁ་མིག་དེ་དག་ནི་ཅི་འདྲའི་རྒྱུས་མངའ་ཅན་དག་དག་རེད་ཨང་། ཆུང་མ་བུ་ཕྲུག་དག་དང་། ད་དུང་ཕུ་ནུ་མིང་སྲིང་ཚོའི་གམ་དུ་སྡེ་བའི་དཔོན་རྒན་ཡང་འགྲེང་འདུག ད་དུང་བཟང་ས་རྒྱན་ས་འགའ་རེའང་སླེབས་འདུག ནང་མི་ཚོའི་གྲས་ན་ཧྲུའུ་ཅི་ཚེ་རྡོ་ཡང་ཡོད་པ་འདྲ། ཚེ་རྡོ་ཁྱི་སྐྱག་ཀན་ནི་ང་ལ་ལྟད་མོར་བལྟ་རུ་ཡོང་བ་ཡིན་ནམ། ཆུང་མ་ལྷ་དཀར་སྒྲོལ་མ་ལགས། ཕྱིས་སུ་ཅིས་ཀྱང་བསམ་ཚུགས་པར་གྱིས། ཚེ་རྡོ་ཁྱི་རྒན་གྱི་གཡོ་འོག་ཏུ་ཚུད་ནའང་ཐང་ཞེས་འདོད་དེ་གློ་རྡེག་ལ་སེམས་གཏིང་ནས་འཚུབ་ཆ་མེ་འབར་བ་ལྟར་ལང་བའི་སྐབས། རང་གི་མགོ་ཐོག་ན་བལྟས་འདུག་པའི་ཁ་མིག་ཁྲི་ཕྲག་མང་བོ་ནི་རང་ལ་རྒྱུས་མངའ་ཡོད་པའི་ནང་མི་རྣམས་མ་ཡིན་པར། ག་ཤེད་ཅིག་ནས་མཐོང་མྱོང་བའི་ནོར་ལུག་དང་བ་ལང་། རྟ་དང་མཛོ། ཁྱི། ཕག བོང་བུ་བཅས་དང་། དེ་མིན་རི་དྭགས་དང་འདབ་ཆགས་སོགས་ཀྱི་མིག་ཟུང་དུ་གྱུར། ཨ་ཙི་ཙི། མིག་ཟུང་དེ་དག་ལས་ན་ཟུག་དང་འཁོན་སེམས། ཞེ་སྡང་། རྒྱོབས་རྒྱོབས་སོད་སོད། དགྲ་ཤ་ལེན་འདོད་ཀྱི་ཉམས་སྣང་མེ་ལྕེ་མཆེད་པ་བཞིན་མངོན་འདུག འདི་དག་ངའི་གམ་དུ་བཅར་ཚེ། ང་ནི་རྨིག་སྣེ་དང་མཆེ་སྡེར་གྱིས་ཐལ་དང་རྡུལ་དུ་བརླག་མི་འགྲོའམ། ད་ནི་མྱུར་དུ་འབྲོ་དགོས་སྙམ་ནས་འཕག་འཚག་ཅི་འདྲ་བརྒྱབ་ཀྱང་། སྔོན་ཆད་རང་གིས་བཤའ་ཟོག་རྣམས་རྐང་ལག་བཀྱིགས་ཏེ་མཆུ་ཏོ་བསྡམས་པ་ལྟར་འཕག་ཐུབ་པ་ཕར་ཞོག ཐ་ན་དབུགས་རྟ་རྔ་ཙམ་ཡང་འབྱིན་རྔུབ་བྱ་མ་ཐུབ་པས། འཇིགས་སྐྲག་བཟོད་གླགས་མེད་པ་ཞིག་སྐྱེས་ཤིང་། ཁོག་གི་སྙིང་ཆུང་ནི་དུམ་བུར་གས་པ་ལྟ་བུའི་ན་ཟུག་ཁྲོད་དྲན་མེད་དུ་བརྒྱལ་བར་གྱུར།

  ཚོད་བགམ་ཐུབ་པའི་ཕྱིར་དྲན་དེ་ལས། དུས་ཚོད་ནི་སྔར་བཞིན་རྒྱུན་ལྡན་ལྟར“ཐག་ཐག་ཐག”ཅེས་འཁོར་བཞིན་འདུག སྔངས་སྐྲག་ཁྲོད་རྒྱུན་ལྡན་མིན་པའི་ཨ་ཕ་རྡོ་རྗེ་འབིག་གི་འཁྲེང་ཞེན་གྱི་སེམས་པ་ནི་ལྗིད་ཏིག་ཏིག་ངང་། འཇིག་རྟེན་འཁོར་བར་ཞེན་ཆགས་པའི་མིག་ཟུང་ཆེས་ཆེར་བགྲད་དེ་བལྟས་པས། འཇིག་རྟེན་འཁོར་བ་ནི་ཅི་འདྲའི་ཡི་གར་འོང་བ་ཞིག་རེད་ཨང་། སྤྱིར་ཡིན་ན་རྫོགས་ལྡན་གྱི་སྟོན་ཀ་འདིར། ངས་ཤ་ཤེད་རྒྱས་པའི་ནོར་ལུག་རླངས་འཁོར་འདྲུད་སྒམ་གང་རེ་བཙོང་ངེས་ཡིན། ང་འདོ་བ་རྐྱང་ནག་ལ་བཅིབས་ཏེ་རྫ་དཀར་ནག་གཡས་གཡོན་དུ་ཕྱིན་ནས་གླ་རྩི་དང་འབྲོང་སྙིང་། ཤ་ཕོའི་ཁྲག་རྭ་སོགས་རིན་གོང་མཐོ་བའི་རིན་པོ་ཆེ་དག་བཙལ་ངེས། རིན་པོ་ཆེ་རྩ་ཆེན་དེ་དག་ལ་ཉོ་བདག་བྱུང་ཚེ་བྲིན་ཚོང་མ་གཏོགས་ཕམ་ཚོང་གཏན་ནས་བརྒྱག་མི་སྲིད། ན་ནིང་ཁ་ལོ་བཏུལ་བའི་གོམ་པ་ཅན་གྱི་ཐོ་རུ་གསུམ་པོའང་ཁྲི་སུམ་ཅུ་བྱས་ནས་གཞན་ལ་བཙོང་ཐུབ་པ་ཁོ་ཐག་ཡིན། སྡུད་ལེན་བྱས་པའི་འབྲུ་རིགས་མང་བོ་བྲིན་ཚོང་བརྒྱག་ངེས། ཤ་ཆང་གི་སྐྱིད་ལ་རོལ་བཞིན་དམངས་སྒོར་ཤོག་དུམ་རེ་རེ་ལག་ཏུ་བླངས་ནས་བརྩི་ངེས། རླངས་འཁོར་ཁ་ལོ་པའི་ལག་རྟགས་མེད་ཀྱང་སྒོར་ཁྲི་ལྔ་བཅུའི་མན་དུ་མི་ལྷུང་བའི་རླངས་འཁོར་ནོར་མགོ་རྟགས་ཅན་ཞིག་ཉོ་ངེས། རླངས་འཁོར་ནང་དུ་གསར་མོ་ཡུ་མོ་འདྲ་ཞིག་བཞག་སྟེ་ས་ཆ་གང་སར་མྱུལ་ངེས། བུ་ཆེ་བར་ཁྱིམ་ཚང་འོས་འཚམ་ཞིག་ཀྱང་བཀོད་སྒྲིག་བྱ་ངེས། གཉེན་སློང་མཁན་ཡོད་ཚེ་བུ་མོ་གསུམ་པོ་རེ་རེ་བཞིན་གནས་ལ་སྟེར་ངེས་ཤིང་། ཆུ་དཀར་ཐང་སྡེ་བའི་སྡེ་དཔོན་དུ་སྔར་བཞིན་བསྡད་དེ་ན་ཟླ་བརྒྱ་ཡི་གྲལ་མགོ་ནས་གཏམ་བཤད་ངེས། བུ་ཆུང་བ་སློབ་མཐར་ཕྱིན་ཏེ་རྫོང་མི་དམངས་སྲིད་གཞུང་གི་ལས་རྐང་དུ་ཐོབ་དང་གོ་ས་ཟིན་པ་མཐོང་ངེས། ཚེ་མཇུག་ཏུ་ཆུ་དཀར་རྫོང་ཐོག་ཏུ་ཁང་བ་སོ་མ་ཞིག་ཉོས་ཏེ་ཆུང་མ་དང་མཉམ་དུ་སྐྱིད་ཡིད་ཚིམས་པ་ཞིག་བརྒྱག་ངེས། ངས་ད་དུང་ཁྲ་ཁྲ་རིག་རིག་གི་འཇིག་རྟེན་འདི་རུ……ཨ་ལ་ལ། ངས་འཇིག་རྟེན་འདིར་ད་རུང་མང་བོ་མང་བོ་ཞིག་གྲུབ་མེད་སྙམ་བཞིན་པའི་སྐབས། མིག་ཟུང་དུ་མ་ལས་གྲུབ་པའི་མིག་ཆུའི་གཙང་བོའི་གཞུང་འབྱམས་སུ་ཁོ་བསམ་དབང་དྲན་དབང་མེད་པར་ཁུར་སོང……ཨ་ཕས་འདི་ལྟར་དྲན་ཡོད་ཁོ་ཐག་ཡིན་སྙམ་བཞིན་པའི་བོད་གཞུག་སྐྱིད་ཀྱི་མིག་མཐར་མཆི་མ་འཁྱིལ་བྱུང་། བོད་གཞུག་སྐྱིད་སྟོང་འདང་དང་སེམས་ངལ་གྱི་ཀློང་དུ་ཚུད་དེ“བླ་མ་དཀོན་མཆོག་མཁྱེན”ཞེས་སྨྲ་བཞིན་མིག་ཟུང་དལ་གྱིས་བཙུམས་སོང་། དྲིན་ཆེན་ཕ་ལོ་འདའ་ཁའི་ཉམ་ང་བའི་རྣམ་པ་ནི། ཁ་སང་བྱུང་བའི་དོན་དག་ཅིག་དང་འདྲ་བར་མིག་ལམ་དུ་མངོན་ཞིང་། ཨ་ཕ་འདའ་ཁ་མའི་ཉིན་དེ་དག་ལ་ཟམ་མི་ཆད་པར་གླེང་འོངས་པའི་འགྱོད་བཤགས་དག་ཡིད་ལ་ཝ་ལེར་ཤར་ཡོང་། ཕྱིར་དྲན་གྱི་ཀློང་དུ་མོ་ནི་ཨ་ཕ་རྡོ་རྗེ་འབིག་དངོས་ཡིན་པར་འཕྲུལ་སྣང་སྐྱེས། འཕྲུལ་སྣང་དེའི་ཁྲོད་དུ་མོས“ང་རྡོ་རྗེ་འབིག་སླར་གསོན་བྱུང་བ་རེད་དམ།ནད་གདོན་དེ་ལས་ཐར་བ་ཡིན་ནམ། འདི་ནི་བདེན་སྲིད་དམ། སླར་གསོན་བྱུང་བ་ཡིན་ཚེ་དགའ་བའི་ཟླ་བ་ཚེས་ཤིང་སྐྱིད་པའི་ཉི་མ་ཤར་སོང་བ་མ་ཡིན་ནམ། འོ་ན། དོན་དམ་དུ་ང་ནི་སུ་ཡིན་ནམ། བོད་གཞུག་སྐྱིད་ཟེར་བ་ནི་མི་སུ་ཞིག་རེད་དམ”ཞེས་ལྡོག་འདྲི་དེ་དག་གིས་མོ་རྨི་ལམ་ལས་སད་པ་བཞིན་དུ་གྱུར་ཅིང་། ཨ་ཧོ་ཞེས་དངན་པ་རིང་མོ་ཞིག་འཐེན་རྗེས། དོན་དམ་དུ་ང་ནི་བོད་ཅེས་པའི་གྲུབ་ཆ་ཞིག་གི་ལྷག་མ་དང་གཞུག་མ་སྐྱིད་པའི་བུ་མོ་ལས་ངན་མ་ཞིག་སྟེ། ཕ་རྡོ་རྗེ་འབིག་ལགས་ཀྱི་བུ་མོ་ཆེས་ཆུང་བ་བོད་གཞུག་སྐྱིད་ཡིན་པར་ངེས་ཤེས་འདྲོངས་ཤིང་། ངག་ཏུ“འཇིག་རྟེན་འདིར། དུས་ཚོད་ལ་བཟློག་ཐབས་མི་འདུག མི་ཚེའི་ལས་དབང་ལ་བཟློག་ཐབས་མི་འདུག”ཅེས་ཟློ་བར་བྱེད། མནའ་མ་སྐྱིད་སྐྱིད་ཀྱིས་སྐད་མགོ་མཐོན་པོས“ཨ་མ། ཧད་ནས་བསྡད་དེ་ཅི་བྱེད། རྒན་གསོ་ཁང་དུ་འགྲོ་རན་འདུག གཟའ་འཁོར་རྗེས་མའི་གཟའ་ཉི་མར་ཁོམ་ན་ལེན་དུ་ཡོང”ཞེས་བཤད་ཚུལ་ལ་གཞིགས་ན་བྲེལ་བ་ཞིག་ལངས་འདུག བུ་དགའ་དགའ་ཡང་མོའི་མདུན་དུ་རླངས་འཁོར་གྱི་ལྡེ་མིག་ལག་ཏུ་བཟུང་སྟེ་བསྒུགས་འདུག མོས་མིག་འབུར་ཚུགས་སུ་བུ་དགའ་དགའ་ཡི་གདོང་ལ་ལྟ་བཞིན“ང་གསོན་དུས་ཁ་གསོ་བྱ་མི་ཐུབ་རུང་། ང་ཤི་དུས་འདས་མཆོད་སྒྲུབ་འགན་ཀུང་སི་དེ་ལ་མི་སྤྲོད་རོགས”ཞེས་གཤེ་གཤེ་ཞིག་གཏོང་ན་འདོད་མོད། འོན་ཀྱང་ཀུང་སི་དེ་གར་མ་ཎི་འདོན་ཤེས་མཁན་ཅུང་མང་བར་འདུག་པ་སྔ་མོ་ནས་རྒྱུས་ལོན་བྱུང་ཡོད་སྟབས། མོའི་ངག་སྒོ་ལས་ཕྱི་ལ་མ་ཕྱུང་བའི་སྐད་ཆ་རྡོག་རྡོག་དེ་ནི་གསང་བ་ལྐོག་གྱུར་ཞིག་ཏུ་ལུས།
                (2023ལོའི《སྦྲང་ཆར》དེབ་གཉིས་པར་བཀོད་ཡོད)

  ཁྱོ་ཤུག་གཉིས་ཀྱི་ཤགས་འགྱེད།

  མཚམས་སྤྲིན་གྱི་ཀློང་རིམ་དུ་བརྗིད་ཆགས་སུ་གནས་པའི་དུང་རི་དཀར་མོའི་རྩེ་ཡི་མཚལ་མདོག་གི་ཉི་ཟེར་ངང་གིས་ཡལ་བ་དང་བསྟུན་ནས་རྔམ་བརྗིད་ཀྱི་རི་བོ་དེ་མུན་པས་དལ་གྱིས་བསྒྲིབས་ཤིང་། ས་འཛིན་གྱི་ གཞི་མ་ཡོངས་སུ་སྨག་རུམ་གྱིས་ཁྱུར་མིད་བཏང་སྟེ་འཇམ་ཐིང་ངེའི་དཀར་གསལ་གྱི་ཟླ་འོད་ལ་སྨོན་ལམ་འདེབས་པ་བཞིན་གནས།

  སྨག་ཆད་འདུག ཁྱོ་གས་ད་དུང་ལས་སྣོན་བྱེད་བཞིན་ཡོད། ཨ་ཁ་ཁ། ཡང་ཕྲག་པ་ན་བྱུང་། ཁྱོ་གའི་ཕྲག་མགོར་ལྕགས་ཀྱི་འཛེར་མ་བརྡབས་པ་ལྟ་བུའི་ན་ཟུག་སྲོན་མི་ཐུབ་པ་ཞིག་སྐྱེས་བཞིན་འདུག ཁྱོ་གའི་ཕྲག་པ་གཡས་གཡོན་གཉིས་ན་ཞིང་མིག་རྡོ་གཉིས་ཚ་ལམ་ལམ་བྱེད་པས་ད་ནི་གློག་ཀླད་ངོས་སུ་ཅེར་ནས་ཡུན་རིང་བགོར་བ་ཤེས། ལས་སྣོན་ཞོར་དུ་རང་གིས་ཉེ་ལམ་བྲིས་པའི་སྒྲུང་རིང་ཞིག་ལ་ཞུ་དག་བྱེད་པའི་མཚམས་བཞག ཁོས་ད་དུང་ཉིན་མོར་ཆུ་དཀར་རྫོང་གི་ཁྲོམ་སྲང་རེ་རེའི་སྒོ་བྱང་སྟེང་གི་ཡིག་ནོར་རྟ་རོ་དང་གཡག་རོ་འདྲ་བ་སྟེ། ན་རོ་ཞབས་ལ་སྦྱར་ཏེ་ཞབས་ཀྱུ་སྐེ་ལ་འཐེན་པ། འགྲེང་བུ་སྟེང་ན་མེད་པར་ཟུར་ན་མཛེ་ཕོ་ལྟར་ལུས་ཡོད་པ། མགོ་ཅན་ཕན་ཚུན་བར་དུ་ཕ་གླང་གི་རྭ་འཛིང་དང་དགྲ་ཟླར་ལག་འཐབ་བྱེད་པའི་ངང་ཚུལ་ཆགས་པ། མིང་གཞི་དང་འདོགས་ཅན་བར་གཡུལ་འཁྲུགས་ཆེན་པོ་བྱུང་སྟེ་ཚེག་དང་ཤད་ཀྱི་ཚེ་སྲོག་ཤོར་བ། ཡི་གེ་ཁ་ཤས་ཀྱི་མགོ་གཞུག་བརྗེས་ནས་ཕན་ཚུན་ལ་ཁ་བསྲེ་མེད་པ་ལྟར་བཀལ་བའི་སྒོ་བྱང་གི་རྣམ་པ་མིག་ལ་མི་བཟོད་པ་དག་ལ་ཡུལ་དངོས་སུ་གཤག་གཅོད་གཞོག་གསུམ་བྱས་ནས་ཐང་ཆད་དྲགས་པ་དང་། བདུན་རྩེག་གི་ཐེམ་སྐས་རེ་རེར་འགོས་ཏེ་དབུགས་ཀྱི་འབྱིན་རྔུབ་གཅིག་འཕྲོར་གཅིག་མཐུད་མ་ཐུབ་པར་ཧལ་ལེ་ཧོལ་ལེའི་ངང་རང་ཁྱིམ་ལ་འཛུལ། ཁ་ནས་ཨ་དང་ཨང་ཟེར་ཞོར་རྐང་མགོའི་ཀོ་ལྷམ་སྡུག་སྡུག་དཀའ་དཀའ་ཞིག་བྱས་ནས་ཕུད་དེ་ནང་སྒོའི་འགྲམ་གྱི་ལྷམ་སྒྲོམ་ནང་དུ་སྤྲོ་ཐོག་གིས་བརྫངས། འདྲུད་ལྷམ་ཞིག་གོན་ནས་དལ་བུར་དབུགས་ཀྱིས་རབ་ཏུ་སྦོས་པའི་ལྒང་ལི་ལྟ་བུའི་ཕོ་བ་ལག་པས་སྐྱོར་བཞིན་ཡོང་སྟེ་སྲིབ་ཕྱོགས་ཀྱི་མལ་ཁང་དུ་མགྱོགས་འཕྲིན་ཐད་གཏོང་གི་ཅ་ལག་རྣམས་བཤམས་ཏེ། སྙིང་རྟགས་དང་ལེགས་སྐྱེས་འབུལ་མཁན་ཕ་མ་དང་བླ་མ་ལྟ་བུ་དག་ལ་ཁ་དགའ་ངོ་དགའ་བྱེད་པར་མགོ་འཐོམས་པའི་ཆུང་མར་སྒོ་སྲུབས་ནས་བལྟས་བལྟས་རྗེས་ཅི་ཡང་མ་བཤད། ཁ་ཕྱིར་འཁོར་ཏེ་མལ་ཁྲིའི་ཐོག་ཞོར་ཟས་ལ་རོལ་བའི་བུའི་གམ་དུ་ཕྱིན་ནས་རང་ལུས་ནི་དོ་གལ་སྲང་གང་མེད་པའི་ས་སྒྱེ་བཞིན་གཡུགས། མལ་ཁྲི་དང་ལྷན་དུ་ལྡེམ་ལྡེམ་གྱི་གཡོ་འགུལ་ས་འགུལ་ཚད་རིམ་དགུ་ཙམ་བྱུང་བ་ལྟར་འདར་བར་བྱས་ནས་རིམ་བཞིན་འཇགས་ནའང་། བུའི་ལག་གི་ཁ་ཚའི་ཞོར་ཟས་ལྕུག་ཕྲན་འདྲ་བ་འགའ་མལ་ཁྲིའི་འགབ་ཏུ་ལྷུང་ཡོད་པ་མྱུར་སྟབས་ཀྱིས་བཏུས་ནས་ལག་ཏུ་བཞག སེམས་ཀྱི་ཕུ་རུ་ཉར་བའི་བུ་ནི་རང་གི་རེ་བ་ཉག་ཅིག་ཡིན་སྙམ་བཞིན་མགོ་ལ་བྱིལ་བྱིལ་བྱེད་ཞོར་མིག་ཟུང་གློག་འོད་ལ་ཅུང་ཙམ་གཟུར་ཏེ་ཁ་ངོ་གནམ་ལ་བསྐོར་ནས་བསྡད་པས་ཕྲག་མགོ་གཉིས་ཀྱི་ན་ཟུག་ཅུང་ཞི་འཇགས་སུ་སོང་།

  “ཨ་ཕ། ངས་ཕ་པུ་ལ(ཁ་པར)ལྟ་རྒྱུ ”

  “འདིའི་ཚུག་ཀར་ལྟོས། བོད་སྐད་དག་མ་ཞིག་ཀྱང་འཁྱོངས་ཀྱི་མི་འདུག ད་དུང་མིག་ཞར་དུ་འཇུག་ན་འདོད་དམ”

  “ཧུན། ངས་ཕུ་ཐུང་ཧྭ‘普通话’(རྒྱའི་སྤྱི་སྐད)ཡག་པོ་བཤད་ཤེས། འོ་ན། ཨ་མ་ཁྱེད་གཉིས་ཀྱི་མིག་ཞར་མི་སྲིད་དམ”

  “ཁ་རོག རེམ་མ་གཉིད། སང་ཉིན་སློབ་གྲྭར་མི་འགྲོ་འམ”

  “ཨ་ཕ། ང་ལ་གནའ་གཏམ་ཞིག་ཤོད་དང་། ཉན་ཚར་རྗེས་ད་གཟོད་གཉིད་རྒྱུ་ཡིན”

  “དེ་ན་ཨ་ཕས་ཁྱེད་ལ་སྤྱང་གྲུང་ལྡན་པའི་རི་བོང་བློ་ལྡན་བཤད། ཉན་ན་འདོད་དམ”

  “མི་དགོས། མི་དགོས། ཨོ་ཐད་མན‘奥特曼’ དང་ཁའེ་ཅཱ་ཡུང་ཧྲི།‘铠甲勇士’(དཔའ་བོ་གོ་ཁྲབ་ཅན)ཞུན་ཁྲའོ་མུའོ‘熊出没’(དོམ་དང་ཞེ་ནག་ཀླད་དམར)ལྟ་བུ་ཤོད། ཡང་མིན་ན་ང་ལ་ཁའེ་ཧྲིག‘快手’(མགྱོགས་འཕྲིན)དང་ཏིག་དབྱིང‘抖音’(འཁྱུག་དབྱིངས)ལ་ཅུང་ཙམ་ལྟ་རུ་ཆུག ཨ་ཕ་ལོ་ལོ”

  “གཅེས་ཕྲུག ཁ་པར་ལ་བལྟས་ན་མིག་ལ་གནོད། ཨ་ཕས་ཁྱེད་ལ་མི་རོ་རྩེ་སྒྲུང་བཤད། ཡང་མིན་ན་ཨ་ཕས་ཁྱེད་ལ་གེ་སར་རྒྱལ་པོའི་སྒྲུང་བཤད། ཨོ་ཐད་མན‘奥特曼’ དང་ཁའེ་ཅཱ་ཡུང་ཧྲི།‘铠甲勇士’(དཔའ་བོ་གོ་ཁྲབ་ཅན)ལྟ་བུ་ནི་གེ་སར་རྒྱལ་པོ་དང་བསྡུར་སྲོལ་མེད། གེ་སར་རྒྱལ་པོ་ནི་དཔའ་བོ་ངོ་མ་ཞིག་ཡིན་ནི་རེད”ཟེར་ཞིང་། སེམས་ལ་གེ་སར་རྒྱལ་པོ་ནི་དངོས་བྱུང་ལོ་རྒྱུས་ཁྲོད་ཀྱི་དཔའ་རྩལ་གདེང་ངར་ལྡན་པ་དང་བློ་ཕུགས་ཡངས་པའི་མི་ཞིག་ཡིན་པར་མ་ཟད། གྲུབ་རྟགས་དང་མངོན་མཁྱེན་སོགས་ནུས་མཐུ་ཁྱད་པར་ཅན་ཡོད་པར་བཤད་འདོད་མོད། འོན་ཀྱང་བུ་ཆུང་གིས་དེ་དག་གི་ཧ་གོ་མི་སྲིད་པས་ཕྱིར་ཁོག་ཏུ་མིད། བུ་ཆུང་གིས་གོ་སླ་ཞིང་རྒྱུས་མངའ་ཡོད་པའི་སུན་ཨུ་གུང‘孙悟空’(སྤྲེལ་མགོ་སུན་ཨུ་གུང)ལྟར་རྫུ་འཕྲུལ་ཆེ་ཟེར་ནས་འགྲེལ་བཤད་བརྒྱག་བསམས་ཀྱང་སུན་སྣང་གློ་བུར་བ་ཞིག་སྐྱེས་པས་དེ་ཡང་ཁོག་ཏུ་མིད།

  “སུན་གི སུན་གི བརྙན་འཕྲིན་ནང་འཆར་མི་ཐུབ་པ་ཏག་ཏག་རེད། ཉན་འདོད་མི་འདུག འོ་ན་ཐད་གཏོང་ནང་ནས་ངས་ཀྱང་ཨ་ཕ་དང་ཨ་མ་ཁྱེད་གཉིས་ལ་རོགས་བྱས་ནས་ལེ་བུའོ‘礼物’(ལེགས་སྐྱེས)སློང་རོགས་བྱེད། སྒོར་མོ་མང་པོ་བཙལ་ནས་འུ་ཚང་ལ་རླངས་འཁོར་ཉོ། ད་རུང་ང་ལ་ཧྭ་པན་ཁྲའེ‘滑板车’(ཤུད་འཁོར)དང་ཡུང་ཡེ‘泳衣’(རྐྱལ་གོས)ལིན་ཧྲི‘零食’(ཞོར་ཟས)”ཞེས་བུ་ཆུང་གིས་ཉོ་དགོས་པའི་དངོས་པོ་རེ་རེའི་མིང་ནས་བཟུང་སྟེ་ལུང་ནག་གང་བརྩིས།

  “སྐྱག་ཕྲུག གཞན་ལ་སྒོར་མོ་བསླངས་ནས་ཉོས་ན་ཁྱོད་ངོ་མི་ཚ་འམ། སྤྲང་ཕྲུག་ཡིན་ནམ”

  “ཧུན། ཨ་ཕ་དང་ཨ་མ་ཁྱེད་གཉིས་སྤྲང་རྒན་རེད”

  “ཨ་ཚ་ཚ”ཞེས་བུ་ཆུང་གིས་ཨ་ཕས་གནང་བའི་འགྲམ་ལྕག་ཚ་ཐག་ཆོད་པ་དེ་མ་སྲོན་པར་ངུས་ནས་བསྡད།

  ཁྱོ་གས་ནམ་རྒྱུན་བུའི་བསམ་ཕྱོགས་རང་གི་འདོད་དོན་རིལ་ལུ་མ་དེའི་ཕྱོགས་སུ་བསྒྱུར་སླད། རང་ཚོད་ཀྱིས་ཐབས་ཤེས་ཟུང་འཇུག་བྱེད་མུས་སུ་ཡོད་ནའང་རང་གི་འདོད་དོན་དེ་ནི་སྒེའུ་ཁུང་ཕྱི་རོལ་གྱི་ནག་ཐུམ་མེར་འདུག་པའི་མཚན་མོའི་མུན་ནག་དང་ཀུན་ནས་མཚུངས་པར། རང་གི་འདོད་པའི་རྩེ་མོ་ཁ་གང་བར་བྱེད་པའི་སེམས་ཀྱི་ཀུན་སློང་གི་འོད་གུར་ལྷམ་མེ་ལྷན་ནེ་ལྷང་ངེར་གནས་པ་དེ་ཡང་གློ་བུར་དུ་ནག་ཏིང་ངེར་འདུག་པའི་མཚན་མོའི་མུན་ནག་གིས་འཇོམས་པར་བྱས་འགྲོ་བས། ཉམ་ང་བའི་རང་ཉིད་ནི་ཁྲོས་ཏེ་ལུས་པོ་སྦག་སྦག་གསིག་གསིག་བྱས་ཀྱང་ངལ་བ་འབྲས་མེད་དུ་ནག་ཐོམ་ཐོམ་གྱི་སྟོབས་ཤུགས་དེ་ལ་མགོ་མི་སྒུར་ཐབས་མེད་ངང་ལུས་འགྲོ་ལ། ཉག་ཕྲ་བའི་རེ་བའི་སྤ་ཐག་ཆད་པའི་ན་ཟུག་ཁྲོད་དུ་མནོ་བསམ་གྱི་ཀློང་དུ་བླ་དང་སྲོག་གཉིས་གཞི་གཅིག་ཏུ་འབྱམས་པར་བཏང་བ་ཡང་ཐེངས་གཅིག་ཐེངས་གཉིས་ཙམ་གྱིས་ག་ལ་ཚད།

  ཁྱོ་གའི་མིག་རིལ་གཉིས་ཀླད་ལ་བསྐོར་ཏེ་རང་གི་རྣམ་རིག་ནི་ཨ་སྔོན་དབྱིངས་སུ་ཁྲ་མེ་རེར་བཀྲ་བའི་སྐར་ཚོགས་ལྟར་གྱི་བསམ་གཞིག་གི་ཀློང་ཡངས་སུ་ཉལ་ལེ་ཉིལ་ལེའི་ངང་མུན་པ་སྟུག་པོའི་རྒྱ་རུ་ཚུད་འདུག་པའི་སྐབས་ལ། བུ་ཆུང་གིས་དེ་སྔོན་རག་པའི་འགྲམ་ལྕག་གི་ན་ཟུག་མ་བཟོད་པར་ངུ་ཅོ་བརྒྱབ་བྱུང་སྟེ། ཨ་ཕས་མྱུར་བར་ངོ་དགའ་སྤྲེལ་ལད་འཁྲབ་ཀྱང་ངུ་ཁ་མ་ཆོད། ཞོར་ཟས་སྣ་ཚོགས་སྟོན་པ་དང་ཁ་པར་ལག་ཏུ་བཞག་ནའང་ངལ་བ་འབྲས་མེད་དུ་གྱུར། ད་དུང་བུ་ཆུང་གིས་སྔར་བཞིན་ངག་ནས་སྐད་ཆ་ལྡབ་ལྡིབ་རེ་སྨྲེང་བ་ལ་དྲངས་ནས་གླེང་བཞིན་ངུ་རྒྱུན་བསྐྱངས་ཤིང་སྐད་འཕང་རིམ་བཞིན་མཐོ་རུ་འཕགས། ད་ནི་ཨ་ཕ་ལའང་ཐབས་གཞན་ཟད་དེ་ངུ་ཁ་ཆོད་ཐབས་ཆེད་དུ་སྐད་འགྲགས་ཆེན་པོ་བརྒྱབ་སྟེ་ཕལ་ཆེར་ཁང་རྩེག་གི་ཁྱིམ་མཚེས་གཡས་གཡོན་ཚང་མའི་ཡིད་དཀྲུགས་པར་བྱེད་པའི་འུར་སྒྲས་ཟིང་ཆ་བསླངས།

  “ཨ་ཕའི་རོ། ཐན་ལྟས་འདི་ཕ་བུ་གཉིས་ཀྱིས་ང་ལ་བསམ་གཟས་ནས་རྙོག་དྲ་བཟོས་པ་མ་ཡིན་ནམ། ངའི་པང‘榜’(བོད་སྐད་ལ་མགྱོགས་འཕྲིན་ཐད་གཏོང་ནང་དུ་གྲལ་རིམ་ཞེས་རྒྱུན་འབྱམས་སུ་སོང་ཡོད་པའི་མིང་བརྡ་ཞིག)ཐོག་གི་པང་ཡེ་པང་ཨར‘榜一、榜二’ (གྲལ་རིམ་དང་པོ་དང་གཉིས་པ)ཚང་མ་བྲོས་ཐལ། ངའི་པང‘榜’ཐོག་གི་ཏཱ་ཀི‘大哥’(ཕུ་བོ)ཚོས་ལེ་བུའོ་ཧྲ‘礼物刷’(ལེགས་སྐྱེས་བསྐུར་བ)བྱེད་པའི་མཚམས་ཆད་ཐལ། ཁྱི་སྐྱག་ཁྱེད་གཉིས་ཀྱི་འདོད་པ་ཚིམ་སོང་ངམ། ‘现在满意了吧?人家在那加油赚钱,你俩肚子疼吗?’(ད་ནི་ཡིད་ཚིམ་སོང་ངམ། ངས་འདི་ནས་སྒོར་མོ་བཙལ་བར་འབད་ན། ཁྱེད་གཉིས་ཀྱི་ཕོ་བ་ན་བཞིན་འདུག་གམ)”ཞེས་གྲེ་བ་བདེ་མོ་མེད་རུང་དྲ་འབུ་འཕེལ་བ་དང་ལེགས་སྐྱེས་གང་མང་ཐོབ་ཆེད་སྐད་ཀྱི་ཡན་ལག་དྲུག་ལ་དཀའ་ངལ་གཏོད་བཞིན་པའི་ཆུང་མས་ཐད་གཏོང་ཁ་བརྒྱབ་སྟེ་ཉིན་ཕྱོགས་ཀྱི་མལ་ཁང་ནང་དུ་རླུང་འཚུབ་བཞིན་ཤོར་ནས་ཐོན་བྱུང་།

  བུས་ཨ་མ་མཐོང་སྟེ་ངུ་ཞོར་བརྒྱུགས་སོང་ནས་ཨ་མའི་ལག་པར་ཅང་ཅང་ཁྲུག་ཁྲུག་བྱེད་བཞིན“ཨ་ཕས་ང་ལ་་་་གནའ་་་་གནའ་་་་་་”ཟེར་བཞིན་ངུ་སྐད་ཇེ་ཆེ་ནས་ཇེ་ཆེར་སོང་།

  “ཨ་མའི་གཅེས་ཕྲུག་ཁ་རོག་སྡོད། ཕུང་རྒན་ཆན་ཐུའོ‘前途’(མདུན་ལམ)མེད་པ་གན་ལ་དེ་ལྟ་བུའི་རྩེད་མོ་ལས་མེད། ཡང་ངའི་གཅེས་ཕྲུག་ལ་གནའ་གཏམ་གྱི་ཆད་པ་བཅད་སོང་ངམ། ད་མ་ངུ། མ་ངུ། ཨ་མས་ཁྱེད་ལ་སང་ཉིན་ཡང་ཧན་པའོ‘汉堡’(ཧན་པའོ་བག་ལེབ)ཉོ། ་་་་་་ད་རུང་ཏན་གོ‘蛋糕’(སྒོ་ངའི་བག་ལེབ)ཞང་ཁྲང‘香肠’(ཤ་རྒྱུ)སོགས་གང་མང་ཉོ”

  “ཧུན། རྒྱུད་བཙོག་མ་ཁྱོས་བུ་ངན་པ་ལང་ཤོར་དུ་ཐོངས། གད་སྙིགས་ཟ་རུ་ཆུག མདུན་ལམ་དགའ་ཞིག་རག་མི་ཐུབ་པ་ཕར་ཞོག ནར་སོན་ན་བོད་དྲི་ཡང་བྲོ་རྒྱུ་མ་རེད”

  ཆུང་མས་ཨ་ལ་ཧོ་ཧོ་ཞེས་རྟ་སྐད་འཚེར་འདྲའི་ཧབ་ཆ་ཞིག་བརྒྱབ་སྟེ།“ཁྱིམ་ལ་འབྲོག་པའི་དྲི་མ་ཁྱབ་པར་བྱེད་པའི་རྩམ་པ་ཕྱེ་མར་གད་སྙིགས་མ་རེད་དམ། ཧུན། མདུན་ལམ་ཨེ་ཟེར། འོ་ན་ཁྱོད་བོད་ཡིག་གི་ཆེད་ལས་ཀྱི་དངོས་གཞི་མཐར་ཕྱིན་ནས་ཡོང་བ་མིན་ནམ། ང་རྒྱ་ཡིག་སློབ་པའི་ཏ་ཀྲན་ཧྲིན‘大专生’(ཆེད་སྦྱོང་སློབ་མ)ཞིག་ལ་ཡང་མི་དོ་བ་ཅི་རེད། དེ་ནི་ཁྱོད་ཀྱི་བཤད་བཞིན་པའི་བོད་དྲི་རེད་དམ། ཁྱོད་ལ་ཆན་ཐུའོ‘前途’(མདུན་ལམ)ཡོད་དམ། ‘连最基本的上进心都没有,还怎么教育孩子’(ཆེས་གཞི་རྩའི་ཡར་ཐོན་གྱི་བསམ་པ་ཡང་མེད་པས་བྱིས་པར་ཇི་ལྟར་སློབ་གསོ་གཏང་དགོས) ”ཟེར།

  “ཧུན། ངས་ཅི་བྱས་པ་མ་བཟང་ངམ། ངས་ཀྱང་རྒྱལ་ཁབ་ཀྱི་ཟླ་ཕོགས་ལ་བརྟེན་ནས་མི་རིགས་སྐད་ཡིག་གི་བྱ་བ་བསྒྲུབས་ཏེ། ཏང་དང་མི་རིགས་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་མིན་ནམ། སྐད་རིགས་གཉིས་དང་རིག་གནས་གཉིས་ཤེས་ན་སྐད་དང་ཡི་གེ་ཆིག་རྐྱང་ཤེས་པ་ལས་བཟང་བསམས་པ་ཡིན། སྐད་གཉིས་སྦྱངས་པའི་མི་ལ་གང་ལྟར་མདུན་ལམ་ཡོད་ཁོ་ཐག་ཡིན”ཞེས་ཁྱོ་གས་ཆུང་མར་དགག་ལན་དེ་འདྲ་ཞིག་སྤྲད་ཟིན་ནའང་། སེམས་ཀྱི་ག་ཤེད་ཅིག་ནས་མགུ་མ་གང་བའི་སྡུག་སྣང་དེས་ཕྲག་མགོའི་ན་ཟུག་ཇེ་དྲག་ཏུ་བཏང་སོང་།

  “ད་ཁྱོད་ཁ་རོག་སྡོད། ཨ་པ་ལེ་ལེ། པིན་ཧྲི‘本事’(ནུས་པ)ཡོད་ན་ཏང་ཨུའི་ལས་ཁུངས་དང་ཙོ་ཀྲི་པུ‘组织部’(རྩ་འཛུགས་པུའུ)ཅི་བེ‘纪委’( སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང)ལྟ་བུ་ནས་བྱ་བ་བསྒྲུབ། མི་ཞིག་ཡིན་ན་ཧྲང་ཅིན་ཤིན‘上进心’ (བརྩོན་སེམས)ཡོད་དགོས། རྒྱ་ལ་ཁྲིན་ཡུས‘成语’(གཏམ་དཔེ)ཤིག་ཡོད་ལ། མུའོ་ཀོན་ཏན་ཆན ‘目光短浅’(མཐོང་རྒྱ་མེད་པ)ཟེར་བ་ཁྱོད་ལྟ་བུ་ལ་བཤད་པ་རེད། ང་དགེ་རྒན་དཀྱུས་མ་ཞིག་ནས་ཧྲུའུ་ཅི་ཞིག་གི་དྲུང་ཡིག་གི་གོ་གནས་སུ་སུའེ་པན‘随便’(རང་དགར)སོང་བ་རེད་དམ། དགོད་རྒྱུ་ཡོང་གི”ཟེར།

  ཁྱོ་གས་སྐད་འཕང་མཐོ་རུ་བཏེགས་ནས“ངས་སྙན་ངག་འབྲི་བའི་ཞོར་དུ་བོད་ཀྱི་རྩོམ་རིག་སྐོར་ལ་ཤུགས་བརྒྱག་བཞིན་ཡོད། མ་འོངས་པ་ན……”ཞེས་གླེང་བཞིན་པའི་སྒང་ལ་ཨ་མས“ཁ་རོག ཁ་རོག……”ཅེས་ཚིག་མཚམས་བཅད་དེ་ཁོའི་སྙན་ངག་དང་སྒྲུང་གཏམ་སོགས་ཀྱི་བརྩམས་ཆོས་པར་སྐྲུན་འཆར་གཞི་དང་བུ་ལ་བཅངས་པའི་མདུན་ལམ་ཕྱོགས་ཀྱི་རེ་བ་མཐའ་ཡས་པ་ཞིག་ཡོད་པ་སོགས་བཤད་དུ་མ་བཅུག

  “ཧུན། ཁྱོད་ལྟ་བུའི་སྙན་ངག་པ་ཡུལ་གྱི་ར་རྫི་ལུག་རྫི་ནང་ན་ཡང་མང་། འོན་ཀྱང་ཀློག་པ་པོ་ནི་བོད་ཡིག་དགེ་རྒན་ཚོ་ལས་སུ་ཡོད། བོད་ན་ད་སྔ་ཏུའོ་ཀྲིག‘读者’(ཀློག་པ་པོ)དང་ཙོ་ཀྲིག་ཁྲིན་ཧྥན་པེ‘作者成反比’(རྩོམ་པ་པོའི་བར་བསྡུར་ཚད་ལྡོག་འདུག)རེད། ད་དུང་ཁྱོད་ཀྱི་ཡིག་ཉོག་དེ་དག་དགེ་རྒན་ཚོས་ཀྱང་འཕྱ་སྨོད་བྱེད་སྤྱད་རེད། སྙན་ངག་བྲིས་ན་སྒོར་མོ་བཙལ་ཐུབ་བམ། དཔོན་ས་སྙེག་ཐུབ་པ་རེད་དམ། ཟི་ལིང་མཁར་ནས་ཁང་པ་ཉོ་ཐུབ་བམ། ད་ངོ་མ་ཡོན་ཏྭ་ལེ་ཤང‘远大理想’(ཕུགས་བསམ་ཆེན་པོ)དང་ཧོང་བེ་མུའོ་པའོ‘宏伟目标’(བརྗིད་པའི་དམིགས་འབེན)ཟེར་བ་ཞིག་མི་ཚེ་འདིར་ཁྱོད་ལ་མེད་སོང་བ་རེད”ཅེས་ཁྱོ་གའི་གདོང་ལའང་མ་བལྟས་པར་བཤད།

  ཁྱོ་གར་ངར་ཞིག་ལངས་ཏེ“ཁྱོད་ཀྱིས་ཨུ་ཚུགས་མ་བྱེད། རང་རེའི་བོད་ཀྱི་མདོ་སྔགས་ཕྱོགས་ཀྱི་ཆོས་གཞུང་། རིག་གནས་ཆེ་ཆུང་བཅུ། སྒྲུང་དང་རྣམ་ཐར། མཁས་དབང་རིམ་བྱོན་གྱི་གསུང་རྩོམ་ལ་སོགས་བསླབ་ན་མི་བཟང་ངམ། ཕན་ཐོགས་ཡོད་པ་མ་གཏོགས་གནོད་པ་ཅི་ཡང་མེད། དཔེར་ན་རང་རེའི་སྐད་དང་ཡི་གེ་འདི་རྒྱ་མཚོ་བཞིན་གཏིང་ཟབ་ཅིང་ཁྱོན་ཡངས་ནའང་། རང་རིགས་འདི་ཉོ་མོ་བཞིན་འཁྱུག་རྩལ་མངོན་མི་འདོད་པར་རྣམ་གཡེང་དང་ལེ་ལོ། སྒྱིད་ལུག་བཅས་ཀྱི་ངང་ནས་རང་ཡན་དུ་བསྡད་ཚེ་དོན་མེད་དུ་ཆུ་སྲིན་གྱི་ཁ་ཟས་སུ་གྱུར་འགྲོ་བ་ལྟ་བུ་རེད། ད་ཁྱོད་ལ་བཤད་ཀྱང་ནང་དོན་མི་གོ སྙིང་བོ་ཅི་ཡང་མེད”ཟེར།

  “ཨ་ལ་ལ་ལ། ཁྱོད་ཀྱི་བཤད་པ་དེ་དག་ཁྱེད་དང་རྒྱང་ཐག་རིང་གི ཅིག་ཅིག་ཉིག་ཉིག་ཟེར་ནས་མའོ་ཧན་ཤན་ཧྲི་ཀྲའོ་ཡེ‘魔幻现实主义’(སྒྱུ་འཕྲུལ་དངོས་ཡོད་རིང་ལུགས)འདྲ་ཞིག་བཤད་དང་ཐལ། ང་དགོས་པ་ཤན་ཧྲི་ཀྲའོ་ཡེ ‘现实主义’( དངོས་ཡོད་རིང་ལུགས)རེད། ཧྲི་ཧྲི་ཙེ་ཙེ་ཏེ་ཧྲིན་ཧའོ‘实实在在的生活’(དོན་དམ་པའི་འཚོ་བ)རེད། དུས་རབས་དང་བསྟུན་ནས་འཚོ་ཤེས་དགོས་པ་དེ་རེད། སྒོར་མོ་བཙལ་ཤེས་དགོས་པ་དེ་རེད། ཉིན་རྒྱུན་སུན་སྤྱད་དག་དག་བཤད་ནས་གོ་ཅི་ཆོད། ཀྲིན་ཧྥན་རིན‘真烦人’”ཟེར་བཞིན་བུའི་མགོ་ལ་བྱིལ་བྱིལ་བྱས།

  བྱི་ལའི་ཁ་ལ་འོ་མ་རག་པ་ལྟར་གྱུར་པའི་བུ་ཡིས་ཨ་མའི་སྐེ་ལ་འཐམ་བཞིན“ཨ་མ་ང་རང་ཡང་ནར་སོན་ན་ཁྱོད་ཀྱི་བྱ་བ་ལྟ་བུ་བསྒྲུབ་རྒྱུ་ཡིན། དཔོན་པོ་མཐོན་པོའི་དྲུང་ཡིག་བྱ་རྒྱུ་ཡིན”ཟེར་ཞོར“ཧུན། ཨ་ཕ་ལྟ་བུའི་ཞི་དབྱང་དབྱང(喜羊羊)གི་རྔ་མ་མ་གཏོགས་རིག་མ་མྱོང་བའི་མི་ཞིག་མི་བྱེད། ཧའེ་ཐའེ་ལང‘灰太狼’( སྤྱང་སྐྱ་ལྡང)མར་ལ་སོང”ཟེར་བཞིན་ཁ་ཕར་ལ་འཁོར་ནས་མགོ་བོ་ཨ་མའི་བྲང་ཁར་གླན་སོང་།

  སྐབས་དེར་ཁྱོ་གའི་སེམས་ལ་སྐྱག་པ་གང་དུ་གཏང་དགོས་པའང་མི་ཤེས་པའི་བྱིས་པ་བསམ་མེད་ཅིག་གིས་འདི་ལྟར་མི་ལ་ཁ་རྫི་ངོ་རྫི་ངང་བསྟུན་ཤེས་པ་ནི་ཡ་མཚར་བ་ལ་འདོད་དེ“བུ་རྡུགས། ཡོག་ལི་མཁན། སྒྱིད་པ་ཞ་ཞ་བྱོས། མགོ་བོ་དུད། ཡ་ཡ་ཡོ་ཡོ་དང་ལགས་སོ་སེར་བ་འབབ་འབབ་བྱོས”ཞེས་བུ་ལ་ཨ་ལན་བྱིན་ན་ཡང་། སེམས་སུ་ཆུང་མས་རྒྱུན་པར་རང་ལ་མཐོང་རྒྱ་མེད་ཚུལ་ཕྱོགས་ནས་ལུག་གི་རྔ་མ་མ་གཏོགས་ཤེས་ཀྱིན་མི་འདུག་ཟེར་བའི་སྐད་ཆ་དེ་ལ་ཚིག་པ་རབ་ཏུ་ཟོས་ནས་བསྡད།

  “བླུན་རྒན་ཁ་ནག་ཀན་ལ་ཁ་ཡ་བྱེད་མི་དགོས”ཟེར་བཞིན་བུ་དང་ཆུང་མས་མཉམ་གཅིག་དུ་ཉལ་གོས་མགོ་ལ་འཐེན།

  མཚན་གུང་གི་ངུ་སྐད་ཅིག་གིས་ཇ་ཡུན་ཙམ་ལ་ཁང་རྩེག་གི་གཡས་གཡོན་གྱི་ཁྱིམ་མཚེས་རྣམས་ལ་སུན་པོ་ཏོག་ཙམ་བཟོས་ནའང་། སྒེའུ་ཁུང་ཕྱི་རོལ་ན་ལྡང་བཞིན་པའི་རླུང་བུ་དང་ཆ་མཚུངས་པས་མཚན་མོའི་མུན་པ་དང་ལྷིང་འཇགས་ལ་འགྱུར་ལྡོག་ཏིལ་འབྲུ་ཙམ་གཏོང་མ་ཐུབ་པར་སྔར་བཞིན་ལྷིང་འཇགས་ཀྱི་མཚན་མོ་ཞིག་ཏུ་ལུས་ཤིང་།ཉིན་གཅིག་གི་འཚོ་བའི་ཁ་རྒྱབ་དོན་དུ་འདུར་བའི་མི་རྣམས་སོ་སོ་རང་གི་ཁྱིམ་ན་སྔུར་བ་བྱང་བྱང་འཐེན་བཞིན་གཉིད་དུ་ཡུར།

  ཡིན་ཡང་། ཁྱོ་གར་མཚོན་ན། རྣ་བར་ཆེས་གཟན་པ་ནི་བུ་ཡི་ངན་ལང་གི་ངུ་སྐད་ནི་ག་ལ་ཡིན་སྲིད། ཆུང་མས་ཁོ་ལ་བཤད་པའི་གཏིང་མཐའ་མི་དཔོག་པའི་ཆན་ཐུའོ‘前途’ (མདུན་ལམ)ཟེར་བའི་འཇིགས་ཡོ་རེ་བ་དེ་དང་ཧྲང་ཅིན་ཤིན‘上进心’(བརྩོན་སེམས)ཟེར་བའི་ཕྲག་སྟེང་གི་ཁུར་བོ་གཡར་པོ་ཆེ་དེ་གཉིས་ཀྱིས་བེད་མེད་དུ་མནར་གཅོད་བཏང་སྟེ། ད་ནི་གཉིད་ཟེར་བ་ཞིག་ཡོད་པའང་གཏན་ནས་བརྗེད་དེ། ཁྱོ་གས་དབྱེས་ཆེ་བའི་དཔྲལ་བ་གཡས་ལག་གིས་བཀབ་སྟེ་ངག་ཏུ་ཨ་ཧོ་ཞེས་དངན་པ་རིང་མོ་ཞིག་ཕྱི་ལ་ཕྱུང་རྗེས། སེམས་སུ་མཚར་སྡུག་གི་བསླུ་བྲིད་འོག་ཏུ་མནན་པའི་ངའི་ཤ་ཐང་རུས་ཐང་འཁྱིལ་བའི་མདུན་ལམ། ད་དུང་ངའི་ཤ་འདྲེས་པགས་འདྲེས་ཀྱི་བག་ཆགས་དེ་ལ་འཚོ་བ་ཡིས་འཐབ་མོ་སྦྲན་དོན་ཅི། ཀྱེ་མ་མ་ལ། ཆུང་མས་འདོད་པའི་ཆན་ཐུའོ‘前途’(མདུན་ལམ)དང་ང་ཡི་སྙིང་གི་ཕུགས་བསམ་གཉིས་ཞེ་སྙེག་མི་འདྲ་ཁ་ཁ་ཡིན། ཆུང་མ་སྨོན་སའི་ཧྲང་ཅིན་ཤིན‘上进心’(བརྩོན་སེམས)དང་ང་ཡི་ཐར་ལམ་འདྲ་བའི་བརྩོན་སེམས་གཉིས་དམིགས་པ་མི་འདྲ་འགལ་འདུའི་ཆ། ཨ་ཧོ་ཡེ། འཚོ་བ་ཡི་མགོ་འཁོར་ཕོ་བྲང་ལགས། གལ་སྲིད་ང་རང་ཆུང་མའི་རྗེས་སུ་བཞུགས་པ་ན།“ང”ཟེར་བ་དེ་ཡི་ཤུལ་དུ་སྤུ་ཉག་གཅིག་ཀྱང་ལྷག་མི་སྲིད། རང་ནུས་ཅི་ལྕོགས་ཀྱིས“རང་ལམ”འགྲིམས་པའི་ཚེ། མངོན་ལྐོག་འཚོ་བའི་དགྲ་འདྲེ་འཕུང་སྦྱོར་གྱི་ཡོ་ལང་འཁྲུགས་ཏེ་རང་རྒྱུད་འདྲེ་རུ་ལྡང་ཡང་སྲིད་སྙམ་ཞིང་། བར་གླགས་དེར་བསམ་གཞིག་གི་རྒྱ་རུ་ཚུད་པའི་ཨ་ཕ་ནི་ཅི་བྱ་གཏོལ་བྲལ་དུ་གྱུར་ཏེ། ཐ་ན་རང་ངོ་རང་གིས་མི་ཟིན་པའི་ཚོད་ལ་བསླེབས་ཤིང་མིག་རིལ་གཉིས་ཀླད་ལ་བསྐོར་ནས་ཅི་དང་གང་ཞིག་ལ་བསམ་བློ་གཏང་དགོས་པའང་མ་ཤེས་པར་ལུས།

  ནམ་གུང་གི་ཆུ་ཚོད་གཉིས་པའི་ཐག་སྒྲ་བར་མེད་དུ་གྲག ཆུང་མས“ཀྱེ། བྱང་ཆུབ་སེམས་དཔའ་ལགས། སྣང་བ་མཐའ་ཡས་ལགས། ཁྱེད་ལ་བསྟོད་ར་འདི་འདྲ་འཐེན་ན་ཆོག་ནི་བྱོས། ད་རེམ་པར་ཉལ་ཉལ་བྱོས”ཟེར་ན་ཡང་ཁྱོ་གའི་བྲང་ཁོག་གི་སྙིང་གི་འཕར་ཚད་ཀྱང་ཆན་ཐུའོ‘前途’(མདུན་ལམ)དང་ཧྲང་ཅིན་ཤིན ‘上进心’(བརྩོན་སེམས)ཟེར་བ་དེ་གཉིས་ཀྱིས་ཁ་ལོ་བྱེད་པ་དང་བསྟུན་ནས་ལྡིང་བ་དང་ཀུན་ནས་མཚུངས། སེམས་རྒྱའི་ཁ་རོང་དོག་པོའི་ཁྱིམ་གཞི་འདིར་གཟུགས་མེད་ཀྱི་མུན་པ་སྟུག་པོའི་ཤགས་འགྱེད་ཁྲོད་ཕམ་ཁ་ཉོས་པའི་བཟུང་དམག་ལྟར་གཉིད་ཀྱི་རང་དབང་ཡང་བོར། གཤགས་བཀྱེའི་གཡུལ་ན་བརྗིད་པའི་ཆུང་མའི་སྔུར་བ་བྱང་བྱང་འཐེན། ཆུང་མའི་སྔུར་བ་ནི་སྲོག་རྩ་གཅོད་པའི་སྟ་རེ་འདྲ། ཡ་ཐོད་མ་ཁ་འབྱེད་པར་བྱེད། སྙིང་ལ་ཙག་ཤེད་བརྒྱུགས། རྣ་བའི་བུ་ག་ཁེགས་བྱེད་ཀྱི་ཆུང་མའི་སྔུར་བའི་སྒྲ་ནི་རིམ་བཞིན་མཐོ་རུ་ཕྱིན། ད་དུང་། སྐབས་ཐོག་དེར་ཁྱོ་གའི་རྣ་ལམ་དུ་ཉིན་འགའི་སྔོན་ལ་ཆུང་མས་ཆའོ་ཧྲུའུ་ཅི་ནི་ད་གཟོད་སྐྱེས་ཕོ་རབ་ཅིག་རེད་ཅེས་ཡིད་སྨོན་གྱི་ཉམས་སྣང་སྒོས་བཤད་པའི་སྐད་ཆ་དེ་སི་ལི་ལི་གྲག་པའི་ཚོར་བ་ནི་རྣག་ཐོག་ཁབ་གཙགས་ལྟ་བུ་ནི་ཅི་ལ་མིན། ཐ་ན་ཁོང་གི་སེམས་ཁོངས་སུ་རླུང་བུ་ཤིག་ཤིག་ལྡང་ཞིང་ཆུ་ཀློང་རབ་ཏུ་འཁྲུགས། རང་གིས་རང་ལ་བོད་ཀྱི་སྙན་ངག་པའི་ཆོ་ལོ་སྩོལ་མཁན་གྱི་སྙན་ངག་པ་ཁོ་ནི་ད་དུང་དངོས་ཡོད་འཚོ་བའི་ཁྲོད་དུ་གནས་ཡོད་མེད་ལའང་ཡིད་གཉིས་སྐྱེས་ཏེ་སྟོང་སང་སང་ངང་ཆུ་དཀར་རྫོང་གི་གཡས་ཕྱོགས་སུ་རླབས་ཕྲེང་གར་ལ་རྩེན་པའི་ཚྭ་ཆུ་དལ་འབབ་རིང་མོའི་ཁ་རུ་ཕྱིན……

  “ཁྱོ་གས་ཕྲག་མགོའི་ན་ཟུག་ལ་འདང་བརྒྱག་དབང་མེད་པར་ཆུ་ཀློང་ཆེན་པོའི་ནང་དུ་ལྷུང་སྟེ་ལུས་པོ་འཁྱག་བསིལ་སེ་སོང་། བྲེད་དངངས་དང་བཅས་འཕག་འཚག་བརྒྱབ་སྟེ་མྱུར་བར་ཆུའི་ཕ་རོལ་བརྒལ་འདོད་དེ་ཚྭ་ཆུ་དལ་འབབ་རིང་མོ་སྒྲོ་དྲས་པ་ལྟར་གཤགས་ཏེ་ཕར་ལ་རྐྱལ། ཤུགས་ཀྱིས་ཕར་ལ་རྐྱལ་ནའང་ཆུ་བོ་དེ་ནི་མུ་མེད་ཀྱི་རྒྱ་མཚོ་ཆེན་པོ་ཞིག་གི་ངང་ཚུལ་ཆགས་པས་རྐང་འཁྲབ་ལག་འཁྲབ་ཅི་འདྲ་བྱས་ཀྱང་ཆུའི་ཕ་རོལ་ཟེར་བ་དེའི་ཁ་ཕྱོགས་ཙམ་ཡང་རྙེད་མ་སོང་ལ། ཕྲག་མགོའི་ན་ཟུག་དེ་ཡང་བོར”

  ཞོགས་པར་ཆུང་མས“ཝེ། སྙན་ངག་པ་གངས་བུ་རྡོ་རྗེ། མདང་ནུབ་ཀྱང་ཁྱོད་ཀྱིས་རྨི་གཏམ་བཤད་ཀྱིན་འདུག “སྒོ་བྱང”དང“གེ་སར”“མདུན་ལམ”“བརྩོན་སེམས”སོགས་སྙད་སྙོད་ཅིག་བཤད་སོང་། ད་དུང“འུ་གཉིས་ཀྱི་དྲན་ཚུལ་འདྲ་ལེ་མི་འདུག”ཅེས་ཨག་རིང་ཞིག་བཏབ་སོང་། ཧ་ཧ་ཧ། ཁྱོད་དང་སུ་གཉིས་ཀྱི་དྲན་ཚུལ་མ་འདྲ་བ་རེད་དམ། ཁྱོད་ལ་ཅི་ཞིག་བྱུང་སོང”ཟེར་དུས་ཁྱོ་ག་གཉིད་ལས་སད་འདུག་ཀྱང་མིག་གཉིས་ཚུམ་ཚུམ་བྱེད་ཞོར་ལག་ཟུང་བསྣོལ་ནས་སྦྲིད་འདུག་པའི་ཕྲག་མགོར་བཞག་ནས་བསྡད། བུ་ཆུང་ཡང་མལ་ལས་ལངས་ཞོར་ཨ་ཕའི་གདོང་ལ་མིག་རིག་རིག་གིས་ལྟ་བཞིན“ཨ་ཕ་ལགས། མདང་ནུབ་ཁྱེད་ལ་ཚ་རྒྱས་པ་རེད་དམ། ཡར་ལངས་ནས་སྨན་ཟོ”ཟེར། ཁྱོ་གས་ཕྲག་མགོའི་ན་ཟུག་སྲོན་བཞིན་ཅི་ཞིག་བཤད་འདོད་དེ་ཁ་མུར་མུར་འགུལ་ཙམ་བྱས་རྗེས་ཅི་ཡང་མ་ཤོད་པར་སུམ་སོང་།
               2020ལོའི་ཟླ7པའི་ཚེས19ཉིན་བྲིས། 2022ལོའི་ཟླ4པའི་ཚེས19ཉིན་བསྐྱར་བཅོས་བྱས།
                    (2022ལོའི《ཟླ་ཟེར》དེབ་བཞི་པར་བཀོད)

  འཇུམས།

  སློབ་ཆེན་པ་ཞེས་སྣང་བ་ཨ་སྔོན་དབྱིངས་སུ་འཁོར་བའི་རྒོད་པོ་དང་མཚུངས་པའི་སྙན་སྲས་ཕུགས་བསམ་སྒོར་མོས་གྲུབ་པའི་སློབ་རའི་ཁོར་ཡུག་དེ་དང་ཁ་བྲལ་ཏེ། སློབ་མཐར་ཕྱིན་པའི་སློབ་མ་ཡོད་དོ་ཅོག་གིས་ཡིད་བཞིན་ནོར་བུ་ལ་སྨོན་པ་ལྟར། འཐོབ་འདོད་ཆེ་བའི“ལྕགས་ཀྱི་ཕོར་བ”ཟེར་བ་དེའམ་རང་གི་ཕྲག་སྟེང་ལ་བབས་པའི“བརྗིད་གཡོར་བའི་མདུན་ལམ”ཟེར་བ་དེ་གཉིས་འགྲུབ་སླད། གཞུང་ཞབས་པའི་ལས་རྐང་དུ་ཡིག་རྒྱུགས་དང་ཁ་རྒྱུགས་ལེན་ཐེངས་དགུ་གཉིས་ལོག་པའི་བཅོ་བརྒྱད་བླངས་རྗེས། སྤྱི་ཚོགས་འཚོ་བའི་མཚོ་འཇིངས་སུ་འཇུག་མགོ་བརྩམས་པ་ཡིན། ཁོའི་བསམ་པར་ད་རེབ་རྒྱུགས་འཕྲོད་པའི་ལས་རྐང་འདི་ཉིད་ཟ་གི་རེ་བ་དང་འཐུང་གི་སྐོམ་པ་སོད་པའི་ལས་གནས་ཞིག་རེད་སྙམ། འོན་ཏེ་ཕལ་ཆེར་ཟླ་ངོ་གསུམ་འདས་པའི་ཉིན་ཞིག་ལ། ཁོའི་སེམས་སུ་རང་ཉིད་མ་གཏོགས་ལས་གྲོགས་ཚོགས་ནི་གླེན་པ་གླེན་ནག་དག་དག་ཡིན་པའི་མི་ཚད། དངོས་གནས་གླེན་པ་ལུག་གི་མགོ་བོ་ཅན་ཡར་ལ་བསྐོར་ན་ཡར་ལ་འགྲོ་བ་དང་མར་ལ་དེད་ན་མར་ལ་བརྒྱུགས་པའི་མི་དག་དག་ཡིན་ལུགས་དང་། ལྷག་པར་དུ་མགོ་པ་ཟེར་བ་དེ་ནི་ལུས་མགོ་འོག་ལ་མ་ཆུད་པ་དང་སེམས་བྲང་འོག་ལ་མ་ཆུད་པའི་མི་ཞིག་ཡིན་པར་སྙིང་མ་རྗེ་འདོད་པ་ཞིག་རེད་ཨང་སྙམ་ནས་སེམས་སྡུག་ཆེན་པོ་བྱུང་ཚུལ་ལས་ཁུངས་གང་བོའི་རྣ་ལམ་དུ་མཆེད།

  ཚན་གཙོ་དཔའ་ཆེན་གྱིས་ཐ་མག་རྔུབ་འཐེན་འགའ་བྱས་རྗེས“ཨ་རོག འུ་ཚོ་ལས་ཁུངས་ལ་རྒྱུགས་འཕྲོད་པའི་གསར་བུ་སྙན་སྲས་ཟེར་བ་ཀན་ཁ་ཕོ་ཆེ་བའི་མི་ཚད་རང་ཚོད་མི་ཟིན་པའི་མི་ཞིག་ཡིན་ཁོ་ཐག་རེད། ཁོ་བྱ་རྒྱལ་ཁ་གྱེན་ལ་འཕུར་དུས། འུ་ཚོ་བྱིའུ་ཁ་ཐུར་དུ་འཕུར་མཁན་རེད་ཟེར་བ་མ་གོ་འམ། ཡུམ་དུམ་པ་བཅུ་གཉིས། ཞོགས་ལངས་པའི་མི་ཚད་སྙིང་ཡང་བརྩངས་བྱུང་། ཁོས་ད་དུང་ང་ཚོ་ཚང་མ་ཁ་ཉི་མར་འཁོར་ཞིང་རྒྱབ་གྱང་ལ་གླན་ནས་འདུག་མཁན་དག་དག་རེད་ཅེས་རྙིང་འཕྱས་གཏོང་གི་འདུག”ཟེར་ཞོར་ཟླ་ཕོག་རྫོང་རིམ་པ་གཞོན་པའི་རིམ་པར་སྤར་རྗེས་ལས་འཁྱུར་བྱ་རྩི་ཡོད་པའི་ཚན་གཙོ་རྒན་པ་བློ་གྲོས་ཀྱི་གདོང་ལ་བལྟས་ནས་བསྡད།

  ཚན་གཙོ་རྒན་པ་བློས་གྲོས་ཀྱིས་ཁོང་འཛུམ་ཤོར་བའི་ཉམས་འགྱུར་དང་བཅས“ཨ་ལ། ཁོ་རང‘ཡང’སེམས་པ་སྐྱོ་སྐྱོ་མཁན་ཞིག་རེད་ལ། ཁོང་སྙིང་མ་རྗེ། སྤྱང་ཀི་ལ་མ་འཕྲད་པའི་ལུ་གུ་ཙམ་རེད། ཁོས་སྐད་ཆ་མ་འཁྱོངས་པར‘གཏམ་སྙན’ལྷའི་ཏམྦུ་རའི་རྒྱུད་ཀྱི་སྒྲ་དབྱངས་སྒྲོག་གི་འདུག་གམ། ཨ་ཧ་བོ། ང་ཚོའི་མགོ་ཐོག་ནས་གསུང་བབ་ལྕི་སེ་བ་ཞིག་གནང་སོང་འདོད་བཞིན་ལོས་ཡོད”ཅེས་པའི་ལན་དེས་ཚན་གཙོ་དཔལ་ཆེན་ལགས་ཀྱི་སེམས་གཏིང་དུ་ཚིག་ཁ་ཐོག་ནས་བཤད་ན་དོན་ཐོག་ལ་དབབ་དགོས། རྐང་རྡོ་ཐོག་ནས་བཅགས་ན་ལྕེ་ཐོག་ལ་ལོན་དགོས་ཞེས་པ་ལྟ་བུའི་ནུས་པ་ཐོན་སོང་བ་འདྲ་སྟེ། ཚན་གཙོ་དཔལ་ཆེན་གྱིས་མཚམས་ཚིགས་མེད་པར་གཡས་ལག་གི་མཛུབ་གུ་རྣམས་ཀེར་ཏེ་སྐྲ་ལོ་ཐར་ཐོར་ཆ་བོ་ལྟག་རྒྱབ་ཏུ་བྱུགས་ཤིང་། ང་དང་ལངས་ཕྱོགས་གཅིག་པ་ཁྱོད་ཀྱི་བཀའ་དྲིན་བྱང་ཆུབ་མ་ཐོབ་བར་དུ་བཟློག་ཐབས་མེད་ཅེས་པའི་ཉམས་སྣང་མཚར་པོ་ཞིག་གདོང་ནས་མངོན་འདུག

  ཡུད་ཙམ་འགོར་བ་ན། ཚན་གཙོ་དཔལ་ཆེན་ཧབ་ཆ་ཞིག་བརྒྱབ་སྟེ“ཁྱོད་ཀྱི་སྐད་ཆའི་ནང་གི‘ཡང’ཟེར་བའི་ཚིག་མདའ་དེ་ངལའང་ཕོག་འདུག་ཀྱང་། ཁོ་ཇི་འདྲ་བ་ཞིག་ཡིན་ན་ང་ཡང་དེ་འདྲ་བ་ཞིག་ཡིན་མི་དཔེ། ང་ནི་ཞིབ་འཇུག་མཐར་ཕྱིན་ནས་ལས་རྐང་འདིར་གཞི་ཚུགས་རག་བར་དུ་འགྲོ་མ་ཤེས་པར་རྒྱུག་འདོད་མཁན་ཞིག་གཏན་ནས་མིན། ས་སྟེང་བླ་མ་རྩི་ཏོག་དང་རང་གི་བླ་མ་མེ་ཏོག་ཟེར་བའི་དཔེ་ཇི་བཞིན་མགོ་པ་གཙིགས་སུ་བཀུར་བ་ཡིན་ཟེར་ན་ཤོབ་ཏུ་འགྲོ་མོད། གང་ལྟར་ནམ་ཡང་མགོ་འདྲེན་ཚོའི་ལྡོག་ཕྱོགས་ནས་ལངས་མ་མྱོང་། ཁོའི་མིང་ལ་སྙན་སྲས་ཟེར་བ་ལས‘སྐྱོ་སྐྱོ’ཞེས་བཏགས་ན་འོས། ཧ་ཧ་ཧ། ངས་ཁོ་བོར་སྐྱིད་དུས་སྨྱོ་མ་འཇོག སྡུག་དུས་ཁོ་མ་ཆད་ཟེར་ན་འདོད་བྱུང”ཟེར་བ་དེ་བློ་གྲོས་ཀྱི་བསམ་ཐོག་ལ་ཁེལ་བས་དུས་གཅིག་ལ་ཁོང་གཉིས་ཀའི་ངག་ཏུ“སྐྱོ—སྐྱོ”ཞེས་ཤོར་ཞིང་། བག་བྲོ་པོའི་ངོ་གདོང་གཉིས་མ་གྲོས་གཅིག་མཐུན་ངང་འཕལ་ཁ་འཕྲོད་དེ་དགོད་ཁ་ཡང་ཡང་ཤོར།

  དུས་ཚོད་ཀྱི་ཐག་སྣེ་འགག་གཅིག་ཏུ་དྲིལ་བ་ལྟར། ཚེ་སྲོག་གི་ཉག་མ་རེ་རེ་བསྡམས་ཤིང་བཅུམས་ནས་ཡོང་གི་ཡོད་པ་སུས་ཀྱང་ཚོར་གྱི་མེད། ཉིན་ཞག་བཅུ་ནས་བཅུ་ཕྲག་ཁ་ཤས་དང་ཐ་ན་ཟླ་ངོ་ཁ་ཤས་འདས་པའི་བར་དུ་ཚན་གཙོ་རྒན་གཞོན་གཉིས་ཀ་གཙོ་བྱས་པའི་ལས་གྲོགས་ཚོས་ཁོམ་གསེང་སྐབས་ཀྱི་གླེང་གཞི་གཙོ་བོ་ནི་སྙན་སྲས་སམ“སྐྱོ་སྐྱོ”ཡིན་ཏེ། མི་ངན་འདུས་ན་བཀོད་ཐབས་མང་། བུད་ཤིང་མང་ན་མེ་ལྕེ་མཐོ་ཟེར་བ་ཇི་བཞིན།“སྐྱོ་སྐྱོ”ཡི་རྩ་བ་རྩད་པ་ལ་ཞིབ་འཇུག་གི་ལས་ཀ་ས་ལེ་སིང་ངེ་ལྷང་ལ་འབུད་ཐུབ་པ་ཞིག་བྱས། ཁོ་ཚོས་གླེང་གཞི་ལས“སྐྱོ་སྐྱོ”ནི་འབིགས་འབིགས་ཞིག་ནས་ནར་ནར་ཞིག་ཏུ་བརྡུངས་པ་དང་དེ་མུར་ཟླུམ་ཟླུམ་ཞིག་ཏུ་བཏང་། ད་དུང་ཟླུམ་ཟླུམ་གྱི་ཁ་མལ་དུ་མ་བཞག་པར་ལེབ་ལེབ་ཞིག་ཏུ་བཏང་མཐར། “སྐྱོ་སྐྱོ”ནི་དཔུང་མེད་རྒྱབ་ཆད་ཡིན་པའི་ཁར་གཞུང་ཞབས་པའི་ཐོབ་ཐང་བླངས་ཡོད་ཀྱང་བསམ་སྦྱོར་རྫི་བོ་ཞིག་གི་ཡན་གྱི“རྟོག་གེ་པ”ཞིག་རེད་ཅེས་འཇིག་རྟེན་མཐུན་འཇུག་མི་ཤེས་པའི་སྡོམ་ཚིག་དེ་བཀོད་པ་རེད།

  དེ་ལས་ལྡོག་སྟེ། ཁ་ཚིག་དང་ངོ་གདོང་གི་རྣམ་འགྱུར་བཟང་བོ་ཚན་གཙོ་རྒན་གཞོན་གཉིས་དང་ལས་གྲོགས་གཞན་རྣམས་ལ་སྟོན་ཡང་སེམས་ཀྱི་རྒྱབ་རྟེན་སྙན་སྲས་གཅིག་པུ་བྱེད་པའི་ལས་གྲོགས་མ་ཟླ་ཟླ་ཡིས་སེམས་སུ་སྙན་སྲས་ནི་བུ་ཡག་སྐུ་ཟིལ་ཆེ་ཞིང་ལུས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ། གདོང་གི་དཀྱིལ་འཁོར་ཤིན་ཏུ་ཡག་ཅིང་དཀར་ལ་དམར་བའི་མདངས་ཆགས་པ། དབུ་ལོ་སྣུམ་ལ་འཇིལ་ལིར་འཁྱིལ་བ། སོར་མོ་རྣམས་ལ་བར་སྟོང་མི་མངའ་ཞིང་ཚིགས་མི་གསལ་བ། ཚེམས་བཞི་ཐམ་པ་ཚང་ཞིང་ཐགས་བཟང་བ་སོགས་ཕྱི་ཡི་རྣམ་པ་ལེགས་ཤིང་། དེ་ལས་ཀྱང་ཁྱད་དུ་འཕགས་པ་ནི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞུང་ལུགས་ཐར་ཤ་ཆོད་ཅིང་རྩོམ་ལུས་སྣ་ཚོགས་འབྲི་བའི་རྩལ་ལ་ནང་བྱན་ཆུད་པ། ལྷག་དོན་བདེན་ཅིང་འཐད་ན་བྱིས་པའི་ཁར་ཡང་ཉོན། མི་བདེན་དོན་དང་འགལ་ན་རྒྱལ་པོའི་བཀའ་ཡང་ཞོག་ཞེས་པ་ལྟར་བསམ་ཕོད་པ་དང་བཤད་ཕོད་པ། སྒྲུབ་ཕོད་པ་བཅས་ཕོད་པ་གསུམ་གྱི་བྱུགས་པའི་ནང་གི་འཇིག་རྟེན་ཡག་པ། ཁ་བཤད་དོན་ལ་གནས་ཤིང་རྗེ་བཙུན་མི་ལ་ལྟ་བུའི་ཀུན་སྤང་གི་སྤྱོད་པ་མཛད་པའི་བློ་སྟོབས་མངའ་བའི་མི་བུ་ལག་ལེན་ཅན་ཞིག་ཡིན་པར་འདོད་པ་ཡང་། ཁོང་གི་སྙིང་ཁུང་རུས་པའི་གཏིང་ནས་དད་གུས་བྱེད་སའི་སྙན་སྲས་ནི་དཔེར་ན། 《མདོ》ལས་སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་ལ་སེམས་མྱུར་དུ་གཏོད་པ་ཡིན་ཞེས་གསུངས་པ་ལྟར་གཏན་ནས་མིན་པར། ཁོང་གི་འཚུལ་ཆོས་ཀྱི་ཆ་ཡོངས་སུ་དེ་བཞིན་གཤེགས་པའི་ཞབས་ཀྱིས་མ་བཅགས་ལ། གསུང་གི་འོད་ཟེར་གྱིས་མ་ཁྱབ་པའི་གྲིབ་མ་ཏིལ་འབྲུ་ཙམ་མི་སྣང་ཞིང་། དུས་རྒྱུན་གྱི་འབྲེལ་འདྲིས་ཁྲོད་ལྟ་བ་མིག་རྣོ་དང་ཉན་པ་རྣ་གསང་གི་རྣམ་ཐར་སྐྱོང་བའི་ལུགས་སྲོལ་རྩ་བ་ཉིད་ནས་མེད། ལྷག་པར་དུ་ཟླ་བ་སྤྲིན་ལས་གྲོལ་བ་ལྟར་ནམ་ཡང་དཀར་ལྷང་ངེར་ཡོད་པའི་སྣང་བ་སྟེར་བས་ན། ཁོ་མོའི་ལོ་ངོ་བརྒྱད་ཀྱི་རིང་ལ་སྲ་ཞིང་འཐས་པར་བསྡད་པའི་མོ་རྐྱང་གི་སེམས་པ་དེ་ཡང་། ད་ནི་སྙན་སྲས་ཀྱི་ཁྱད་ཡོན་གྱིས་ཡོངས་སུ་ཆུམས་པའི་རྙི་ལ་དུས་ནམ་ཞིག་ནས་བཟུང་ཚུད་པའང་མ་ཤེས། གང་ལྟར་ཁོ་མོས་སེམས་གཏིང་ནས་སྙན་སྲས་ནི་དཀའ་ཁག་གི་གསེང་དུ་བཙན་རྒོད་གཡུལ་ལ་ཆས་པ་ལྟར་མཆོངས་ཐུབ་པ་ཡིན་ལ། དྲང་བདེན་མེད་པའི་ཚོགས་ལས་ཀྱང་སྐར་མདའ་ཆད་པ་ལྟར་ལྷང་ངེ་བ་ཞིག་ཡིན། ཨ་ཨ། དབང་ཤུགས་ཀྱིས་ཁ་བསྐྱོག་མ་ཐུབ་པ་དང་རྒྱུ་ཤུགས་ཀྱིས་འགུག་མ་ཐུབ་པའི་ངའི་སེམས་པ་འདི་སྙན་སྲས་ཀྱིས་སྙི་མོ་དང་མཉེན་མོ་ཞིག་ཏུ་བཏང་འདུག ངས་ཀྱས་རྣམ་དག་དྭངས་གཙང་གི་བརྩེ་དུང་ཞིག་ལ་རེ་སྙེག་བྱས་ན་ཅི་ལ་མི་ཆོག སྙན་སྲས་ཀྱི་མི་ཚེའི་སྐྱིད་ཡ་སྡུག་ཡ་བྱེད་ཐུབ་པར་བརྩོན་པ་ནི་གལ་ཆེ་སྙམ་པའི་ཟླ་ཟླ་ཡིས་མཚམས་འདིར་སེམས་ཁྲལ་ཞིག་ཀྱང་བྱ་དགོས་བྱུང་། དེ་ཡང་སྙན་སྲས་ཀྱིས་ཚན་གཙོ་རྒན་གཞོན་གཉིས་ཀྱི་རྣམ་ཐར་སྐྱོང་མིན་ལ་དོགས་པའམ་སྐྲག་པ་སྟེ། དང་ཐོག་གསར་བསྐོས་ཚན་གཙོ་དཔལ་ཆེན་ཡང་ངར་ངར་ཤོར་ཤོར་ངང་རྒོད་པོ་བཅོས་ནས་ཡོང་མོད། འོན་ཏེ་ཟླ་ངོ་ཁ་ཤས་རྗེས་སུ་ཚན་གཙོ་རྒན་པས་ཅི་ལྟར་གཡུང་ལ་ཕབ་པ་ཡང་མ་ཤེས། ནམ་ཡང་ཁོ་གཉིས་ཁ་འདྲེས་ཀྱང་ཁོག་མི་ཁེད། ཝ་འདྲེ་དང་མཚུངས་པའི་མི་འདིའི་རིགས་ལ་ང་ཧ་ཅང་སྡང་། སྙན་སྲས་ཀྱང་འདི་ལྟར་གྱུར་ཚེ་ཁྱིམ་གཅིག་ཏུ་འདུག་ཐབས་དཀོན། ཨ་ཚ་ཚ། ངས་གཞན་ལ་རེ་བ་བཅངས་ཏེ་རང་གི་ངན་མཚང་བརྗེད་འདུག མགོ་གཙོས་ཐེངས་ཤིག་ང་རང་བོས་ཏེ་སྙན་སྲས་སྐོར་གྱི་དྲི་བར་དོན་དམ་པའི་སྐད་ཆ་མ་བཤད་པར་མགོ་གཙོའི་ཁམས་དང་བསྟུན་པ་བྱས་ཏེ། སྙན་སྲས་ནི་ཚན་གཙོ་རྒན་གཞོན་གཉིས་ཀྱིས་བཤད་པ་ལྟར་རང་ངོ་མི་ཟིན་པའི“སྐྱོ་སྐྱོ”རང་རེད་ཅེས་རྫུན་ལབ་སྟེ་མགོ་གཙོ་དགའ་བྲོད་པར་བཏང་སོང་། མགོ་གཙོས་ལངས་ཕྱོགས་ནོར་བའི་མི་ཚད་མཐོ་དམན་མི་ཤེས་པའི“སྐྱོ་སྐྱོ”ངས་འདུལ་ཟེར་བའི་སྒེར་ཇུས་དེ་ལ་རམ་འདེགས་བྱེད་མཁན་ང་མ་ཡིན་ནམ། ཨ་ཧོ། ལོ་འདི་ཚོར་ངས་མགོ་བ་ཆེ་མ་ཆུང་གསུམ་གྱི་ཕྱོགས་ནས་ལངས་ཡོད་པའི་རྣམ་འགྱུར་དག་དག་སྟོན་པ་ལས་ཁོ་ཚོའི་གམ་དུ་སྙན་སྲས་ཀྱི་ཡོན་ཏན་ཤིག་སྲོ་མང་ཙམ་གླེང་མ་ཕོད། ང་ནི་དངོས་གནས་ཕུལ་དུ་བྱུང་བའི་ངོ་གཉིས་མ་ངན་རེངས་ཤིག་རེད་ཨང་། ཟླ་ཟླ་རང་ལ་ཡིད་ནག་འདོམས་དགུ་ཆད་དེ་སྙན་སྲས་ཀྱི་གཞུང་ལས་ཁང་གི་སྒོ་དྲུང་དུ་ཐོན་ཡང་ནང་དུ་འཛུལ་དགོས་པའི་སྤོབས་པ་མ་རྙེད་པར་ལུས……

  ཉིན་ཞིག་ལ། ཟླ་ཟླ་མགོ་གཙོའི་གཞུང་ཤག་གི་སྒོ་ཁར་ཐོན་དུས། སྒྲ་གདངས་སྣ་ཁུང་ནང་དུ་ཤོར་བའི་མགོ་གཙོ་ཁྲོས་ཏེ་སྐད་ཆ་རྡབ་རྡིབ་ཅིག་འཆད་ཀྱིན་འདུག་སྟེ། ཞིབ་ཏུ་མཉན་པ་ན། སྙན་སྲས་ཀྱི་མགོ་ཐོག་ཏུ་བཀའ་བཀྱོན་ཐོག་ལྕེ་འབར་བ་འཕེན་གྱིན་འདུག ཟླ་ཟླའི་སེམས་སུ་ནམ་ཡང་སྤྲོ་སྣང་གིས་ཁེངས་པའི་སྙན་སྲས་ཀྱིས་ངག་ཐོག་གི་ལས་ཀ་ལག་ཏུ་བླངས། ཡིག་ངོས་ཀྱི་ལས་ཀ་དོན་ཐོག་ཏུ་བཞག སྒེར་བཞེས་སུ་བཞུར་བའི་འགྲོ་སོང་གི་ཁ་གཞུང་ཕྱོགས་སུ་བསྐྱོགས། འབངས་མི་སེར་གྱི་རེ་བ་བསྐངས། བསམ་དོན་གྱི་ལག་རྗེས་ངོམས་པ་མ་ཡིན་ནམ། ཡང་ལྕེ་གཉིས་ཅན་ཞིག་གིས་མགོ་གཙོར་ངན་ཞུ་བྱས་ཡོད་པ་ཁོ་ཐག་རེད་སྙམ་ནས་སྒོ་འགྲམ་དུ་ཀ་བརྩེངས་པ་ལྟར་བསྡད།

  “ལས་ཁུངས་འདིའི་མགོ་ཁྲིད་པ་ང་རེད། ཁྱོད་མ་རེད། རྣམ་འགྱུར་ཡག་ནི་བྱོས། འདོད་འདོད་མ་བྱེད་ཨང”ཟེར། སྐད་ཆ་དེ་མགོ་གཙོས་གཡས་ལག་གི་གོང་མཛུབ་བྲང་ཁར་བཙུགས་ཏེ་སྙན་སྲས་ལ་བཤད་པ་རེད།

  “འགྲོ་ཤེས་འདུག་ཤེས་བྱོས། ལས་གྲོགས་ཚོར་ཕོག་ཐུག་མ་གཏོང་། ཁྱོད་ཀྱི་ལས་ཁུངས་འདིའི་རིམ་པ་རེ་རེའི་མགོ་ཁྲིད་ཀྱི་བཀའ་གསུང་ལག་ལེན་བྱེད་པ་ལས། བཀའ་གསུང་གཅིག་ཀྱང་བཅའ་བའི་དབང་ཆ་མེད། ཁྱོད་ལ་དབང་ཆ་ཅི་ཡང་མེད། གཏན་ནས་མེད། ལྷག་པར་དུ་རང་ཡན་གྱི་སྐད་ཆ་བཤད་པའི་དབང་ཆའང་གཏན་ནས་མེད། མདོར་ན་ཁྱོད་ལ་ལས་ཁུངས་འདིར་ཅི་ཡང་མེད”ཟེར། སྐད་ཆ་དེ་ཡང་མགོ་གཙོས་གཡས་ལག་གནམ་ལ་བཀྱགས་ཏེ་ཟིལ་གྱིས་མནོན་པའི་ཉམས་འགྱུར་དང་བཅས་སྙན་སྲས་ལ་ཤ་ར་ར་བཤད་པ་རེད།

  “ང་ནམ་ཡང་མི་བྱས་པ་ཅན་ཞིག་འཁྱོངས་པར་འབད་མཁན་ཞིག་ཡིན། ངས་རྒྱུ་འབྲས་སྣོག་མི་ཤེས། ད་དུང་འབངས་མི་སེར་ལ་ཞབས་ཞུ་བསྒྲུབ་རྒྱུ་ནི་ཁ་ནས་གླེང་ཚེ་ལྷུན་གྱིས་གྲུབ་འགྲོ་བ་ཞིག་ཡིན་པར་མི་འདོད། ངས་ནམ་ཡང་དཀར་པོ་ནང་དུ་དཀར་དཀར་ཞིག་ཆགས་པར་ལྕོགས་ཚོད་ཀྱིས་བསྒྲུབས་པ་ཡིན། ཁྱེད་ཚོས་ང་མུན་ནག་ནང་ལ་དེད་དེ་ནག་པོར་བསྒྱུར་འདོད་དོན་ཅི་ཡིན་ནམ”ཟེར། སྙན་སྲས་ཀྱི་སྐད་འཕང་ཁྲོད་ཞུམ་མེད་ཀྱི་ང་རོ་དྲག་པོས་ཁྱབ་འདུག

  “ཧ་ཧ་ཧ། ལས་རྐང་འདིར་འདུག་འདོད་ཚེ། ཁྱོད་རང་བདེ་ས་ནས་སྡོད”ཟེར། མགོ་པ་ཞེ་སྤོ་གཏིང་ནས་ལངས་ཏེ་སྐད་ཆ་དེ་ནི་རྡོ་ལོག་ཞིག་གི་ཚུལ་དུ་སྙན་སྲས་ཕྱོགས་ལ་འཕངས།

  “ཧོ་ཧོ་ཨ། ཁྱོད་དགོད་རྒྱུ་ཡོང་བའི་ཉི་མ་ཞིག་ལ་དཀར་ཕྱོགས་ཀྱི་དྲངས་བདེན་སྐྱོང་བའི་དཔོན་པོའི་མདུན་དུ་དཀར་ནག་གི་དབྱེ་བ་བཀར་ཆོག ཐག་ནག་གི་མདུད་པ་གྲོལ་ཆོག གང་ལྟར་རང་ཕྱོགས་ནས་གནོང་ཁབ་རྩེ་གང་ཡང་མེད། སྐྲག་དོན་སྲང་གང་མེད”ཟེར་ཞིང་སྒོ་ཁྲོགས་གེར་ཕྱེས་ཏེ་ཕྱི་ལ་ཐོན་འོངས། འགྲོ་ཞོར་ཧད་ནས་འདུག་པའི་སྒོ་དྲུང་གི་ཟླ་ཟླ་ཡི་གདོང་ལ་འཛུམ་འཚེར་བ་ཞིག་བསྟན་ནས་བུད་སོང་། སྙན་སྲས་ཀྱི་གདོང་ནས་སྡུག་བསྔལ་གྱི་སྤྲིན་པ་མཐེ་བོང་ཙམ་མི་སྣང་བར་ལྷོད་ཤིག་སེ་བུད་སོང་། ཁོང་གི་ལྷོད་ཤིག་ཤིག་གི་སྣང་བརྙན་དེས་ཟླ་ཟླ་ཡི་སེམས་པ་སྔར་བས་དབང་མེད་དུ་བཀུགས་ནས་བུད་སོང……

  དེ་སྔོན་སྙན་སྲས་འགྲོ་ཁར་མགོ་གཙོས་སྙན་སྲས་ཀྱི་ངག་ཏུ་འཁྲོལ་བའི“དཀར་ཕྱོགས་སྐྱོང་བའི་དཔོན་པོའི་མདུན་དུ་བཤད་ཆོག”ཅེས་པའི་ཁ་ཕོ་ཅན་གྱི་གཏན་ལན་དེ་ཐོས་ཙ་ན། སྙིང་ཁམས་འཁྱག་བསིལ་སེ་སོང་ཡང་ཁས་མི་སྟེར་བར“ཁྱོད་མི‘ཆུང་ཆུང’ཞིག་གི་གཏམ‘ཆེ་ཆེ’སྨྲ་སྤྲོ་བར་མཚར་བ་ལ། ཕྱི་བཤིག་གི་སྟ་རེ་དང་ནང་བཤིག་གི་སྟེའུ་བྱས་ན་འབྲས་བུ་ཡག་པོ་འབྱུང་དཀའ། ངས་ཁྱོད་མར་ནང་གི་སྤུ་བཞིན་ནམ་ཞིག་ལ་རྩ་བ་ནས་འབལ་ངེས་ཡིན”ཟེར་བའི་སྐད་མགོ་སྔུན་དང་བསྡུར་ན་ཉམས་ཞན་དུ་གྱུར་པའི་མགོ་གཙོ་ནི་མི་ངན་སེམས་རྩ་དཀར་རྒྱུ་མེད། ཡུལ་ངན་གནམ་ངོ་དྭངས་རྒྱུ་མེད་ཅེས་པའི་དཔེ་ལྟར་འབོལ་ལེ་བའི་བཞུགས་སྟེགས་སྟེང་འདལ་ནས་འདུག

  སྙན་སྲས་ཀྱིས་ཁ་ནང་ལ་འཁོར་ཏེ“འུ་གཉིས་སུ་ཞིག་ཞ་བོ་རེད་དམ་ལོང་བ་རེད། འོན་པ་རེད་དམ་ལྐུགས་པ་རེད་དལ་མོར་ཤེས་ངེས”ཟེར་སྐབས་ཧད་ནས་འདུག་པའི་ཟླ་ཟླས་ལུས་པོ་བཅུམས་པའི་ལྷོད་བཤིགས་ཏེ་ཁོང་གི་ལག་པ་ནས་བཟུང་སྟེ་མཉམ་པོར་སྙན་སྲས་ཀྱི་གཞུང་ཤག་ཏུ་བུད་སོང་། འདི་ཡང་ཁོ་མོས་མགོ་གཙོའི་སྙན་སྲས་ལ་གནང་བའི་བཀའ་བཀྱོན་དག་ཐོས་འཕྲལ་སྐབས་བབས་སུ་སེམས་ཐག་བཅད་པ་ཞིག་ཡིན་ལ། ཁྱད་པར་དུ་སྙན་སྲས་ཀྱི་མཆོག་ཏུ་གྱུར་པའི་སྒེར་གཤིས་ཀྱི་འགུག་ཤུགས་དེས་སེམས་པ་ཡོངས་སུ་འཕྲོགས་སོང་བས་ཀྱང་ཡིན། ཕྱིར་འདང་རེ་བརྒྱབ་ན། ཟླ་ཟླ་ཡི་སེམས་སུ་ཐེངས་འདི་གཅིག་པོར་ཁོ་མོ་ཐད་ཀར་མགོ་གཙོའི་གཞུང་ལས་ཁང་དུ་མ་ཕྱིན་པར་སྙན་སྲས་འཁྲིད་དེ་ཕྱིར་གཞུང་ཤག་ཏུ་ལོག་ཡོང་བ་ཡིན་ལ། ནུས་ཚོད་ཀྱིས་རྒྱབ་སྐྱོར་ཡོད་ལུགས་བཤད་དེ་སེམས་གསོའི་ཁ་བརྡ་མང་དུ་གློད་པ་ཡིན། ཐེངས་འདི་གཅིག་པུས་སྙན་སྲས་དང་ཟླ་ཟླའི་བར་དུ་བརྩེ་དུང་གི་རྨང་རྡོ་བརྟན་པོ་ཞིག་བཏིངས་སོང་། འདི་ཡང་སྙན་སྲས་དང་ཟླ་ཟླ་གཉིས་གཉེན་བསྒྲིགས་ཏེ་ལོ་འཁོར་བདུན་ལོན་པའི་རྗེས་ཀྱི་ཁ་བརྡའི་ཁྲོད་གློངས་ནས་འོངས་པའི་ཕྱིར་དྲན་ཞིམ་མངར་ལྡན་པ་ཞིག་ཡིན། མ་མཐར་ཡང་ཟླ་ཟླ་ལ་མཚོན་ན་དེ་འདྲ་ཡིན་ཁོ་ཐག་རེད། ཁོ་གཉིས་གཉེན་བསྒྲིགས་རྗེས་ཁྱོ་ཤུག་གི་འཚོ་བའི་ཁྲོད་དུ་ཟླ་ཟླས“ཨ་རོག ཁྱོད་ཁ་མལ་དེ་རུ་བརྟན་ཅིང་འགྱུར་བ་མེད་པར་སྡོད་ཅིག ཁྱོད་ནི་དོན་དམ་པའི་རྡོ་ཕ་བོང་ལྟར་སྒུལ་མེད་ཅིག་མིན་པར་འཁྱེངས་འདུག་པའི་མར་ཁུ་ལ་ཞུ་རྒྱུ་ཡོད་པ་དང་འདྲ་ལེ་འདུག”ཅེས་སྙན་སྲས་ལ་ནམ་རྒྱུན་སྙིང་ཕུར་བརྡབས་པའི་སྐད་ཆ་དེ་ལས་ཤེས་ཐུབ།

  ཉི་མ་རེ་རེ་ཕར་ལ་བསྐྱལ་བ་དང་ཟླ་ངོ་རེ་རེའི་ཕར་ནང་ལ་བརྒལ། ཐ་ན་ལོ་འཁོར་རེ་རེ་ཤེས་མེད་ཚོར་མེད་ངང་ཆོས་ཉིད་ཀྱི་འགྲོས་དང་འདྲེས། གཏམ་དཔེར་ཡང་། ལང་ཚོའི་དཔོན་པོ་ཚེས་ཆེན་བཅོ་ལྔའི་ཟླ་བ་དང་འདྲ། བཅུ་དྲུག་ནས་ཇེ་རྡུགས་ཇེ་རྡུགས་ལ་འགྲོ་ཟེར་བ་ལྟར་འཇིག་རྟེན་པའི་ཐ་སྙད་ལ་བཅུ་དྲུག་ནི་ཟླ་བ་མར་འགྲོའི་མགོ་ཡིན་ཞེས་པ་ལྟར། སྐྲ་འདབས་དཀར་པོར་གྱུར་པའི་སྙན་སྲས་ནི་འབོལ་འབོལ་ལྷུག་ལྷུག་གི་བཞུགས་སྟེགས་དེའི་སྟེང་དུ་ལུས་ཀྱི་གྲིན་ཤ་ཡོངས་སུ་བཤིགས་ཏེ། བལྟས་ཚོད་ལ་ཆུ་གང་བཅུས་པའི་གྲོད་པུ་ཞིག་རྡོ་ཐོག་ལ་བཞག་ཡོད་པ་ལོས་ཡིན་འདོད་པ་ལྟར་བསྡད་དེ། ཤོག་དཀར་ངོས་སུ་བཏང་བའི་སྨྱུ་གུའི་ཐག་སྒྲ་དང་བཅས་མཆན་བཀོད་མཛུབ་སྟོན་ཟེར་བ་དེ་འཇག་སྐྱ་ཡེར་ཡེར་བྱེད། མདུན་དུ་ཉག་མ་ཟད་ཟད་ལྟར་སྤུངས་པའི་ཡིག་ཆ་རྣམས་ཕར་སློག་ཚུར་སློག་བྱས་ནས་ཧ་ཅང་ཨ་ཐང་ཆད་བཞིན་པའི་སྒང་ལ། ལས་ཁུངས་འདིར་རྒྱུགས་འཕྲོད་དེ་ཡོང་བའི་གསར་བུ་བློ་བྷེའམ་ལས་གྲོགས་གཞན་ཚོས་མཚང་མིང་དུ“ར་རྩག་ཁ”ཞེས་བཏགས་ཡོད་པ་དེ་ནང་དུ་སླེབས། སྒོ་ཡང་མི་རྡུང་བར་ནང་དུ་ཐོན་པའི་མི་ཚད་ལས་གྲོགས་གཞན་དག་དང་འདྲ་བར་ངོ་བསྟོད་ཀྱི་བཀྲ་ཤིས་བརྩེགས་པའི་ཁ་གཡང་འབོད་པ་དང་རྒྱལ་མཚན་རྩེ་མོའི་དཔུང་བསྟོད་བྱེད་མཁན་ཞིག་གཏན་ནས་མིན་པར། བཤད་སྒྲུབ་ཟུང་དུ་འབྲེལ་ནས་མཁས་གྲུབ་གཉིས་ལྡན་དུ་ཆགས་དགོས་ལུགས་ལ་བརྟག་ཅིང་། མི་ཁ་དགྲ་བཟློག་དག་དག་འདོན་ལ་བདེན་པའི་ནང་ནས་བདེན་པ་བརྡར་ཅིང་བར་ཆད་ལམ་སེལ་འཆད་པར་སྤྲོ་བ། ཐ་ན་ཅིག་ཅིག་དང་ཉིག་ཉིག་ཟེར་ནས་མ་འོངས་ལུང་གཏམ་གསུང་མཁས་པོ་ཞིག་ཡིན་ཕྱིན། སྙན་སྲས་ཀྱི་མགོ་ན་ཞིང་མིག་གཉིས་ཚ་བེར་བེར་བྱེད། སྐབས་ཐོག་དེར་ཀླད་པའི་ནང་དུ་ཁོང་གི་མགོ་གཙོ་རྒན་པའི་བཤད་དེ་རྣ་བྱང་ལ་སོང་ཡོད་པའི“‘ཆུང་ཆུང’ཞིག་གིས‘ཆེ་ཆེ’བཤད་ན་ཡག་པོ་གཏན་ནས་མི་ཡོང”ཟེར་བའི་ཚིག་མདའ་དེ་ལས་ཅི་ཡང་མ་འཁོར། ཁོས་ཀྱང་ཆ་མེད་རྒྱུས་མེད་ཡིན་སྣང་གི་ངོ་གདོང་དེའི་སྟེང་དུ་ཚིག་མདའ་དེ་ཐིངས་སྒྲ་དང་བཅས་འཕངས་པར་ཐལ་ལོ།།
                       2023ལོའི《གངས་དཀར་རི་བོ》དེབ་ལྔ་པར་བཀོད་ཡོད།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

འདམ་འཇིལ་ལིའི་སྒྲུང་ཐུང་བདམས་བཀོད།

2024-08-28 འདམ་འཇིལ་ལི།(མཚོ་ནུབ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།