སེམས་ཀྱི་བཞུར་རྒྱུན།
གྲོང་ཁྱེར་སྲང་ལམ་གྱི་འཚང་ཁ་འཚུབ་མོ།
ཁྱོད་ཀྱི་མཐའ་འགྲམ་གང་དུ་ཡོད།
གཙུབ་བརྡར་གྱིས་ཟད་པའི་དམར་ཆུང་སེམས་པ།
འཕག་འཚག་མི་ནུས་པའི་ལམ་ངོས་ཀྱི་རྡེའུ་ཞིག
ནམ་ཡང་མཚན་ལྗོངས་དབེན་པའི་ཆར་ཆུ་ཞིག་ལ་སྐྱོ།
མི་ཚོགས་ཀྱི་འཛུམ་ཉམས་དང་བརྡ་སྐད།
བརྐོ་བཟོས་གྲུབ་པའི་རྡོའི་མེ་ཏོག་གི་མཛེས་སྡུག
ད་རུང་དྲོད་གྲང༌།
ཁྱོད་རང་ཆོས་ལུགས་ཀྱི་གཤིན་སར་བཞད་ཅིང༌།
ཆུ་སྲིད་ཀྱི་བསེར་བུས་དལ་བུར་གཡོ།
སང་ཉིན་གྱི་ཉི་མའི་ལྟག་རྒྱབ་ནས།
རི་སྤྱང་སྔོན་མོ་ཞིག་གི་རྟོགས་བརྗོད་དེ།
གཞན་དྲིང་མི་འཇོག་པའི་ཁེར་རྐྱང་ཡིན་ནམ།
མཚེར་ཤུལ་དུ་ལུས་པའི་མེ་ཏོག་གི་བཀྲག་མདངས་དང་དྲི་ཞིམ་ཡིན།
སེམས་པ་འདི་ནམ་ཡང་རྟ་ཞོན་ཞིག
ཕ་གའི་ཉག་ཁ་དེའང་ཅིས་ཀྱང་མདུན་ལ་ལྷགས་ངེས།
རླབས་སྒྲ་དགོད་པའི་མཚོ་མོ་ཞིག
གཞན་ཡང་ངང་བའི་ཚོགས་ཀྱི་གཤོག་འགྱུར་ཞིག
དེ་ཡི་ཕ་རོལ་དུ་ཡོད་དམ—
ཉི་མ་རི་རྒྱབ་ཏུ་བཞུད་ཁར་ཤུལ་དུ་ལུས་པའི་སེམས་བྱུང་བཞིན།
ཉི་མ་དང་བར་ཐག་ཉེ་བས།
ཁྱོད་ཀྱི་ལུས་དྲོད་དམའ་བ་བདེན་ཡང་སྲིད།
གང་ལྟར་ཁྱོད་ཀྱི་བསྡུས་བརྗོད་དེ་རྔམ་མཐུག་ལ་མདངས་དཀར།
གངས་རིའི་སྣང་བརྙན་ཡང་དེ་ལྟ་བུ་ཞིག་ཡིན།
ཕུག་རོན་གྱི་སྒྲོ་མདངས་ཀྱང་དེ་ལྟ་བུ་ཞིག་ཡིན།
ཚེ་སྲོག་ལ་བཞི་ཤད་མ་བྲིས་པའི་ཡར་སྔོན་དུ།
སེམས་གཉོམ་པོ་ཞིག་གི་བསྟི་གནས་ནི།
ནམ་ཡང་ཆོས་ལུགས་ཡིན།
རྩོམ་ཁུངས།