བཞུད་ཀྱིན་པའི་ལོ་ཟླ།
མཚོ་ཟེར་བའི་བུ་མོ་བུད་སོང་
ངའི་བརྩེ་དུང་ཁྱེར་སོང སྙན་ངག་ལུས་སོང
________སྨན་བླའི་ཚིག་གཡར་བ།
༼ ཙོང་ཁའི་སྒྲོལ་མ། ༽
བདག་གི་ཞོགས་པ་ནི་ཁྱེད་ཀྱི་ཞོགས་པ
བདག་གི་ས་སྲོད་ཡང་ཁྱེད་ཀྱི་ས་སྲོད
ཁྱེད་ཀྱི་ས་སྲོད་ནི་གཞན་གྱི་ས་སྲོད
ཁྱེད་ཀྱི་ཞོགས་པ་ཡང་གཞན་གྱི་ཞོགས་པ
དོན་དུ ཟི་ལིང་ཧ་ཅང་ཉེ་སྟེ
ཁྱེད་རང་གཅིག་པུ་རྒྱང་ཐག་རིང་
༢༠༠༤. ༣. ༦
༼ གསང་བ་ལྐོག་གྱུར་གྱི་ཁྱེད། ༽
སྒེའུ་ཁུང་གི་ཕྱི་རོལ་ལ་ལྟོས་དང
ཁ་བ སྡང་སྡིག་གིས་འབབ་ཀྱིན་འདུག
ཕར་ལྕགས་ཐབས་ཀྱི་གམ་དུ་ནུར་བ་ན
མེ་ལྕེ་ལྷམ་ལྷམ་དེ་ཁྱེད་ཡིན་ནམ
ཁ་བ་ལྷབ་ལྷུབ་དེ་ཡང་ཁྱེད་ཡིན་ནམ
༢༠༠༤. ༣. ༢༤
༼ཁ་པར་ནང་གི་བར་ཐག ༽
ཁྱེད་ཀྱི་ཁ་པར་ལས བདག
གླིང་ཕྲན་དེའི་མགྲོན་པོ་མཐའ་མ་ཡིན་ཟེར
ཁྱེད་ཀྱི་ཁ་པར་ལས
གླིང་ཕྲན་དེ་རིམ་གྱིས་མག་མོག་ཏུ་འགྱུར་གྱིན་འདུག
༢༠༠༤. ༤. ༤
༼ "མ་ཤི་གསོན་བྲལ་མི་བྱ"༽
ལ་གཞས་རྡུང་ལེན་ཞིག་ལ་ཉན་དུས་སུ
"མ་ཤི་གསོན་བྲལ་མི་བྱ"གསུངས་བྱུང
རྒྱ་གར་གྱི་གློག་བརྙན་ཞིག་ལ་བལྟ་དུས་སུ་ཡང
"མ་ཤི་གསོན་བྲལ་མི་བྱ"གསུངས་བྱུང
ཁྱེད་ཀྱི་ཕྱོགས་སུ་ཉན་དུས་སུ
"མ་ཤི་གསོན་བྲལ་མི་བྱ"གསུངས་བྱུང
༢༠༠༤. ༤. ༡༡
༼ ཉིན་ཞིག་ལ། ༽
ཚ་བོ་ཞིག་ངུས་བྱུང་ན
ཀ་ར་མངར་མོ་ཞིག་གིས་ངུ་ཁ་བླངས་ཆོག
ཚ་མོ་ཞིག་ངུས་ན
འོ་མ་དྭངས་མོ་ཞིག་གིས་དགོད་ཁ་བསླང་ཆོག
ཉིན་ཞིག་ལ བདག་ཀྱང་ངུས་བྱུང་ན
ཁྱེད་ཀྱིས་སེམས་གསོ་ཇི་ལྟར་གཏོང་སྲིད་དམ
༢༠༠༤. ༤. ༡༢
༼ཁེར་རྐྱང་གི་མཚན་མོ། ༽
དུ་བ་འཐེན་ནས་སྐྱོ་བ་བསལ་ན་ཡང
སྐྱོ་བ་གཞན་ཞིག་ད་དུང་སྐྱེས་འོངས
ཨ་རག་འཐུང་ནས་སྨྲེང་བ་བསལ་ན་ཡང
སྨྲེང་བ་གཞན་ཞིག་སླར་ཡང་དྲངས་ཡོང
ཁྱེད་རང་ངོ་ཤེས་པ་ནས་བཟུང
བདག་ལ་ལྷིང་འཇགས་ཀྱི་མཚན་མོ་ཞིག་ཐེམས་མི་སྲིད་ཨང
༢༠༠༤. ༤. ༡༣
༼ བདག་དང་ཁྱེད་ཀྱི་ཕ་ཡུལ། ༽
བདག་ཁྱེད་ཀྱི་ཕ་ཡུལ་ལ་སླེབས་ན་ཡང
རི་རྩེའི་སྨུག་པ་དང་སེམས་ཀྱི་སྨྲེང་བ་ཇེ་མཐུག་ཇེ་མཐུག
བདག་ཁྱེད་ཀྱི་ཕ་ཡུལ་ལ་སླེབས་ན་ཡང
ཞོགས་པའི་གྲང་རླུང་དང་སེམས་ཀྱི་གདུང་བ་ཇེ་ཐུ་ཇེ་ཐུ
བདག་ཁྱེད་ཀྱི་ཕ་ཡུལ་ལ་སླེབས་ན་ཡང
དུས་ཚིགས་འདིའི་ནམ་ཟླ་དང་སེམས་པ་ཧ་ཅང་འཁྱག
༢༠༠༤. ༤. ༢༧ཐུན་ཏེ།
༼རི་དྭགས་རྨས་མ། ༽
ཕྱི་མིག་མ་བལྟས་ཀྱང ངས་ཤེས་ཡོད
རྔོན་པ་དེའི་མདའ་མོ་གཞན་སུ་ཞིག་ལ་ཕོག་སྲིད
ཕྱི་མིག་བལྟས་ན་ཡང ངས་མཐོང་མི་སྲིད
རྔོན་པ་དེའི་མདའ་མོ་གཞན་སུ་ཞིག་ལ་ཕོག་ཟིན
ད་ལྟ འགྲོ་ཞོར་དུ་ཕྱི་མིག་རེ་བལྟ་བ
སྔར་ནས་བདག་གི་གོམས་གཤིས་སུ་ལོབས་ཟིན
༢༠༠༤. ༥ .༤ཟི་ལིང་།
༼ རྨི་ལམ་ནང་གི་ཁྱེད། ༽
སྐར་མ རྨི་ལམ་ནང་གི་མིག་ཟུང་ཇི་བཞིན
ཁེར་རྐྱང་གི་མཚན་མོར ལམ་ལམ་འཚེར
རླུང་བུ རྨི་ལམ་ནང་གི་སྐྲ་ལི་ཇི་བཞིན
ཁེར་རྐྱང་གི་མཚན་མོར དལ་བུར་གཡོ
སྐར་མས་བདག་གི་སེམས་ཀྱི་སྒེའུ་ཁུང་ཕྱེས་སོང
རླུང་བུས་བདག་གི་སེམས་ཀྱི་རྦ་རླབས་སྐྱོམ་བྱུང
༢༠༠༤. ༥. ༡༨ཀླུ་ཚང་དགོན།
༼ཁྱེད་ཀྱི་གདམ་བསལ། ༽
ཞོགས་པ་འདིའི་ཁ་བ་མང་གཞོང་ཧྲིལ་བོར་བབས་པ་འདྲ་ཡང
ང་རང་གཅིག་པུ་ཁ་བ་ཆེས་མཐུག་སར་ལུས་ཡོད་ཚོད་འདུག
ཞོགས་པ་འདིའི་ཉི་ཟེར་ཙོང་ཁ་ཧྲིལ་བོར་འཕྲོས་པ་འདྲ་ཡང
ཁྱེད་རང་གཅིག་པུ་ཉི་འོད་ཆེས་དྲོད་སར་གནས་ཡོད་ཚོད་འདུག
ཞོགས་པ་འདིའི་ནམ་ཟླ་དྲོ་གྲང་གཉིས་ཀྱི་བར་གླགས་ནས
ངས་ཁྱེད་ཀྱི་གདམ་བསལ¡°ལགས་སོ¡±ཟེར་དགོས་བྱུང
༢༠༠༤. ༤ .༢
༼ཁྱེད་ཕྱོགས་སུ་རྒྱང་བལྟ་བྱེད་དུས། ༽
ཁྱེད་རང་ཉི་འོད་ཀྱིས་བྱུགས་པའི་གྲོང་ཁྱེར་ཞིག་ན
དུས་ཚོད་ཀྱི་རླུང་བུས་གཡོ་སྐྱོམ་བྱེད་ངེས
ང་རང་མཐོ་སྒང་གི་ཆེས་སར་འགྲེང་ནས
རྒྱང་རིང་གི་ཆེས་རིང་སར་རྒྱང་བལྟ་བྱས
ངས་ལྷོ་རུ་བཞུད་པའི་ཆུ་འཛིན་དཀར་པོ་ཞིག་མཐོང
ངས་བྱང་དུ་ལུས་པའི་རྒོད་པོ་ཁེར་རྐྱང་ཞིག་དྲན
༢༠༠༤. ༥. ༢༧
༼ དབྱར་ཟླ་ལྔ་བར། ༽
བསིལ་རླུང་གིས་གླུ་གཞས་གཏོང་གིན་འདུག
ཆུ་ཕྲན་གྱིས་ཀྱང་གླུ་གཞས་གཏོན་གིན་འདུག
མེ་ཏོག་གིས་བྲོ་གར་འཁྲབ་ཀྱིན་འདུག
ཕྱེ་ལེབ་ཀྱིས་ཀྱང་བྲོ་གར་འཁྲབ་ཀྱིན་འུདག
དབྱར་ཟླ་ལྔ་བར སྨྲེང་ཤ་ལེར
ང་རང་གཅིག་པུ་ཁུ་སིམ་མེར་སྡོད་དགོས་བྱུང
༢༠༠༤. ༥. ༣༠
༼ངས་འདི་ལྟར་གླེང་དགོས་བྱུང་། ༽
ཞོགས་པ་དེ་སྨྲེང་བ་འཁྱིལ་བའི་ཞོགས་པ་ཞིག་རེད
ཞོགས་པ་དེར་སྨུག་སྤྲིན་བན་བུན་རྒྱུ་བཞིན་འུདག
ས་སྲོད་འདི་གདུང་བ་ཟབ་པའི་ས་སྲོད་ཅིག་རེད
ས་སྲོད་འདིར་མུན་པ་རབ་རིབ་འཐིབ་ཀྱིན་འདུག
ཞོགས་པ་དེ་དང་ས་སྲོད་འདིའི་བར་ནས
གཏམ་རྒྱུད་ཅིག་རབ་རིབ་མག་མོག་ཏུ་ཡལ་གྱིན་འདུག
༢༠༠༤. ༥. ༣༠
༼ སྣང་ཚུལ་རིགས་ཤིག༽
ཐོག་མར་སྟེང་གི་ནམ་མཁའ་ལ་ལྟོས་དང
སྤྲིན་པ་ནག་པོ་ཞིག་ཧམ་སེམས་ཀྱིས་འཁྲིགས་ཡོང
དེ་ནས་འོག་གི་ས་གཞི་ལ་ལྟོས་དང
འཚུབ་མ་དམར་པོ་ཞིག་གདུག་རྩུབ་ཀྱིས་འཕྱུར་ཡོང
མཐའ་མར་བར་གྱི་འུ་གཉིས་ལ་ལྟོས་དང
འདི་ལས་ལྷག་པའི་སྣང་ཚུལ་ཅི་ཞིག་འདུག
༢༠༠༤. ༥.༣༡
༼ ང་ལ་མིག་ཆུ་མི་འདུག ༽
གནམ་རྒན་མ་ངུ་ཀྱིན་འདུག
སྤྲིན་པའང་ངུ་ཀྱིན་འདུག
ལྗོན་པ་ངུ་ཀྱིན་འདུག
ཆུ་མིག་ཀྱང་ངུ་ཀྱིན་འདུག
ང་ལ་མིག་ཆུ་མི་འདུག
ང་ཁོ་ནར་མིག་ཆུ་མི་འདུག
༢༠༠༤.༦.༡༨བདའ་ཚང་།
རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།